རྩོམ་པ་པོ་བུ་ཆུང་བསོད་ནམས་ལགས་སུ་བཅར་འདྲི།

དྲི་བ། ཁྱེད་ཀྱི་དཔེ་དེབ་ཁག་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
bhuchung_d_sonamལན། སྤྱིར་བཏང་དབྱིན་ཡིག་གི་ཐོག་ནས་སྙན་ངག་ཕྱོགས་བསྡུས་རེད། ༢༠༠༢ ལོར་<<བོད་ཀྱི་མེ་ཏོག་ཁོལ་མ་>>(Dandelions of Tibet) ཞེས་པའི་དེབ་ཅིག་བརྩམས་ཡོད། ༡༩༣༠ ལོ་ཡས་མས་ནས་བོད་པས་དབྱིན་ཡིག་ཐོག་བྲིས་པའི་སྙན་ངག་ཁག་ཕྱོགས་བསྡུས་བྱས་ཏེ། <<བཙན་བྱོལ་ནང་གི་མནོ་བསམ་>>(Muses in Exile) ཞེས་པའི་དེབ་ཅིག་བཏོན་ཡོད། ༢༠༠༦ ལོར་<<Conflicts of Duality>> ཞེས་པའི་དེབ་གཅིག་བརྩམས་ཡོད།

ད་ཐེངས་<<རྒྱང་རིང་གི་སྙན་ངག>>ཟེར་ནའང་རེད། རྒྱང་རིང་གི་གཞས་(Song from Distance) ཞེས་པའི་དེབ་དེ་ང་རང་ཨ་རིར་སློབ་སྦྱོང་ལ་འགྲོ་སྐབས། ཕ་ཡུལ་དང་པོ་དེ་བོད་དང། རྒྱ་གར་དེ་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་བསྡད་ཡོད་པ་རེད། རྒྱང་རིང་ནས་སོ་སོའི་ཚོར་བ་དང། དྲན་སྣང་དེ་ཚོ་དང། ༢༠༠༨ ལོར་བོད་ནང་དུ་ཞི་རྒོལ་བྱུང་སྐབས་སོགས་ཀྱི་གནས་ཚུལ་སྒྱུ་རྩལ་རྩོམ་རིག་གི་ལམ་ནས་བཤད་པ་ལྟ་བུ་རེད།
དྲི་བ། བོད་པའི་ཁྲོད་དབྱིན་ཡིག་ཐོག་སྒྱུ་སྩལ་རྩོམ་རིག་གི་ཚད་མཐོ་དམན་ག་འདྲ་སླེབས་ཡོད་པ་རེད་དགོངས་ཀྱི་ཡོད།
ལན། ང་ཚོའི་སྐད་ཡིག་ནི་བོད་ཡིག་རང་རེད།  ཡིན་ནའང་ང་ཚོས་དབྱིན་ཡིག་ནང་འབྲི་སྐབས་སྤྱིར་བཏང་དབྱིན་ཡིག་ལ་ཚད་འདྲ་མིན་མང་པོ་རེད། དབྱིན་ཡུལ་གྱི་དབྱིན་ཡིག། ཨ་རིའི་དབྱིན་ཡིག།ཨོ་སི་ཁྲུ་ལི་ཡའི་དབྱིན་ཡིག།རྒྱ་གར་གྱི་དབྱིན་ཡིག་ཟེར་བ་སོགས་དབྱིན་སྐད་བཤད་མཁན་ལུང་པ་ག་ཚོད་མང་པོ་ཡོད་པ་བཞིན་དབྱིན་ཡིག་ཡང་ཡོད་པ་རེད། ང་ཚོ་བོད་པའི་ངོས་ནས་ཀྱང་དབྱིན་ཡིག་གི་ཚད་གང་ཐུབ་ཡག་པོ་ཡོང་ཐབས་བྱས་ཏེ། ཨ་རིའི་དབྱིན་ཡིག རྒྱ་གར་གྱི་དབྱིན་ཡིག་ཟེར་གྱི་ཡོད་པ་ནང་བཞིན། མ་འོངས་པར་བོད་པའི་དབྱིན་ཡིག་ཟེར་བ་ཞིག་ཡོང་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད། ཚད་མཐོ་དམན་ག་ཚོད་ཡིན་མིན་ངས་བཤད་ཚོད་ཐིག་གི་མི་འདུག ཀློག་མཁན་ཚོས་འདི་འདྲ་རེད། དེ་འདྲ་འདུག་བཤད་ན་བློ་གཟུ་བོར་གནས་པ་རེད།
དྲི་བ། བོད་པའི་རྩོམ་པ་པོ་མང་པོ་ཞིག་གིས་ཀློག་མཁན་མི་འདུག་ཅེས་ཤོད་ཀྱི་ཡོད་པ་རེད། དབྱིན་ཡིག་ཐོག་བྲིས་པའི་རྩོམ་ཡིག་དང། བོད་ཡིག་ཐོག་བྲིས་པའི་རྩོམ་ཡིག་གཉིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་རང་གི་ནང་རྒྱུག་ཆེ་བ་གང་རེད་དགོངས་ཀྱི་ཡོད།
ལན། བོད་པའི་སྤྱི་ཚོགས་ནང་བོད་ཡིག་ཕལ་ཆེར་བྲིན་ཆེ་ཡི་རེད། ཡིན་ནའང། དབྱིན་ཡིག་གི་དེབ་བཏོན་ན་བྲིན་ཆེ་བ་དང། བོད་ཡིག་བྲིན་ཆུང་བ་ཡོད་པ་དེ་དབྱིན་ཡིག་ཐོག་བྲིས་པ་དེ། ཕྱི་རྒྱལ་བ་བོད་པར་དོ་སྣང་ཡོད་མཁན་ཚང་མས་ཉོས་དུས། དཔེར་ན། དེབ་གཅིག་སྟོང་ཡོད་ན་ལམ་སང་འགྲོ་ཡི་རེད། བོད་ཡིག་ནང་དེབ་ལྔ་བརྒྱ་བཏོན་ནའང། ཞེ་དྲག་འགྲོ་ཡི་མེད་པ་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མི་ཉུང་ཉུང་ཡིན་པས། བོད་ཡིག་དེབ་བྲིན་ཁག་པོ་ཡོད་པའི་སྣང་ཚུལ་ཡོད་པ་རེད། རྒྱལ་ཁབ་གཞན་པ་དང་བསྡུར་ན་བོད་པའི་ནང་དེབ་ཀློག་མཁན་ཅུང་ཉུང་བ་རེད། ཡིན་ནའང་ཀློག་མཁན་མེད་ནས། དེབ་ཧ་ཅང་བྲིན་ཁག་པོ་ཡོད་པ་དེ་འདྲ་མ་རེད་བསམ་གྱི་འདུག
དྲི་བ། སྔོན་མ་བཽད་པའི་མཁས་དབང་ཚོས་རྒྱ་གར་སོགས་ཀྱི་རིག་གཞུང་བོད་ཡིག་ཐོག་བསྒྱུར་ནས་བོད་པའི་རིག་གཞུང་ཕྱུག་པོ་ཡིན་ཟེར་བ་འདི་བྱུང་བ་རེད། དེང་སྐབས་བོད་པའི་རིག་གཞུང་དབྱིན་ཡིག་ཐོག་ཕར་བསྒྱུར་བ་ལས། བོད་ཡིག་ཐོག་ཚུར་སྒྱུར་མཁན་དཀོན་པ་དང། དེང་དུས་ཀྱི་ཤེས་བྱ་བོད་ཡིག་ཐོག་མེད་པ་ཆགས་ཀྱི་ཡོད་པ་རེད་ཅེས་བོད་པའི་སྤྱི་ཚོགས་ནང་ཤོད་མཁན་ཡོད་པ་རེད། སྐུ་ཉིད་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་དེའི་ཐོག་དགོངས་ཚུལ་ག་རེ་ཡོད།
ལན། དེ་བདེན་པ་རེད། ཡོང་རྐྱེན་གཙོ་བོ་དེ་ང་ཚོ་བཙན་བྱོལ་ནང་དང་པོ་སླེབས་དུས་སངས་རྒྱས་ཆོས་དེ་ཁྱབ་སྤེལ་ཤུགས་ཆེན་པོ་ཞིག་ཕྱིན་པ་རེད། ཕྱི་རྒྱལ་མི་ཚོར་བོད་ཡིག་ལ་དོ་སྣང་ཡོད་པ་མ་རེད། བོད་པ་ཚོས་ནང་ཆོས་ནས་འགོ་བཙུགས་ཏེ། དབྱིན་ཡིག་ཐོག་སྒྱུར་གང་ཐུབ་བྱས་པས་རྗེས་ལུས་ལ་ཤུགས་རྐྱེན་གཅིག་ཐེབས་པ་རེད། གཉིས་པ་དེ་ང་ཚོ་སྐྱབས་བཅོལ་ལ་སླེབས་སྐབས། ཕྱི་རྒྱལ་གྱི་སྐད་ཡིག་དང་དེང་དུས་ཀྱི་སློབ་སྦྱོང་མི་འདུག་ཟེར་ནས། དང་ཐོག་ཤུགས་རྒྱག་ས་དེ་དབྱིན་ཡིག་བྱས་པས་ཤུགས་རྐྱེན་དང་གནོད་སྐྱོན་ཐེབས་པ་རེད། གསུམ་པ་དེ་དེང་སྐབས་དབྱིན་ཡིག་ཤུགས་ཆེ་ཐག་ཆོད་ནས། བོད་ཡིག་སྦྱངས་ན་བེད་སྤྱོད་གཏོང་ས་ཉུང་ཉུང་རེད་བསམས་ནས་འཐུས་ཤོར་ཕྱིན་པ་རཻད། བོད་ཡིག་ཐོག་ཏུ་སྒྱུར་སྐབས་ཀྱང་དེ་ལ་བོད་པའི་ཚིག་མི་འདུག་ཟེར་བ་ཡོང་གི་ཡོད་པ་རེད། སྤྱིར་བཏང་ཚིག་མེད་པ་མ་རེད། བོད་པའི་སྐད་ཡིག་དེ་ཕྱུག་པོ་རེད་མོད། འབད་བརྩོན་དང། གལ་ཆེན་གལ་ཆུང་མཐོང་སྟངས་ཀྱིས་བོད་པའི་རིག་གཞུང་ལ་འཐུས་ཤོར་ཕྱིན་པ་རེད་བསམ་གྱི་འདུག
དྲི་བ། བོད་པའི་གཞོན་སྐྱེས་ཚོས་རྩོམ་རིག་གི་སྐོར་ལ་དོ་སྣང་དང་འབད་བརྩོན་བྱེད་སྟངས་ག་འདྲ་དགོས་པ་རེད་དགོངས་ཀྱི་ཡོད།
ལན། གཙོ་བོ་དེ་སོ་སོའི་དབྱིངས་རེད། དབྱིངས་མེད་ན་རྩོམ་རིག་ཕར་ཞོག་སོ་སོའི་ལས་དོན་ཡང་འགྲུབ་ཀྱི་མ་རེད། རྩིས་པ་ཞིག་ཡིན་ནའང། སོ་སོར་རྩིས་ལ་དབྱིངས་མེད་ན། ཞོགས་པ་ནས་སོ་སོའི་ལས་ཀ་དེ་ཡིན་བསམས་ནས་སྡོད་དགོས་པ་ལས། གྲུབ་འབྲས་གསར་པ་དང། རྣམ་པ་གསར་པ་ཡོང་གི་མ་རེད། སྙན་ངག་པ་ཡིན་ནའང་རེད། རི་མོ་འབྲི་མཁན་ཡིན་ནའང་རེད། སོ་སོར་དེ་ལ་དབྱིངས་དགོས་པ་རེད། ལུས་ངག་ཡིད་གསུམ་དེའི་ནང་འཛུལ་དགོས་པ་ལས་ཡོང་གི་མ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།