ཨོ་བྷ་མ་རྒྱ་ནག་ཏུ་ཕེབས་པ་དང་བོད་དོན།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༥༥
ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་ཏུ་ཕེབས་ནས་ཕྱི་ཟླ་༡༡ པའི་ཚེས་༡༦ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕེབས་འབྱོར་དང། ཕྱི་ཚེས་༡༧ ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་མཇལ་འཕྲད་གནང་ཡོད་པ་རེད། ཨ་རིའི་སྲིད་འཛིན་ཨོ་བྷ་མས་སྐབས་འདིར་རྒྱ་ནག་གི་སྲིད་འཛིན་ལ་བོད་དོན་དང་འབྲེལ་བའི་བཀའ་མོལ་གནང་རྒྱུ་ཡིན་ཚུལ་དང། བོད་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཅིག་གིས་དེ་ལུགས་འབོད་སྐུལ་ཡང་ཞུས་ཡོད་པ་རེད།
དཔེར་ན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁོང་ལ་འབོད་སྐུལ་གནད་དོན་གཉིས་ཞུས་པའི་དང་པོ། རྒྱ་ནག་གཞུང་དང་༧གོང་ས་མཆོག་གི་སྐུ་ཚབ་དབར་བོད་རྒྱའི་འབྲེལ་མོལ་གྱི་དམིགས་ཡུལ་གསལ་སྟོན་ཆེད་དུ་ཚོགས་པ་གསུམ་པ་ཞིག་གི་མཐུན་འགྱུར་བསྐྲུན་རྒྱུའི་ལམ་སྟོན་གནང་དགོས་པ་དང༌། གཉིས་པ། ༧གོང་ས་མཆོག་རྒྱ་ནག་ལ་གདན་འདྲེན་ཞུ་དགོས་པ་དེ་ཡིན་འདུག དེ་བཞིན་ཨོ་བྷ་མའི་གཞུང་གི་འབྲེལ་ཡོད་དཔོན་རིགས་ཤིག་ནས་སྲིད་འཛིན་རྒྱ་ནག་ཏུ་ཕེབས་པའི་སྐབས་རྒྱ་གཞུང་ལ་ཆོས་དད་རང་དབང་དང་བོད་ཀྱི་གནད་དོན། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ཐད་ཀར་གླེང་སློང་གནང་རྒྱུ་ཡིན་ཚུལ་ཡང་བརྗོད་ཡོད་པ་རེད། སྤྱིར་ད་ལྟའི་ཆར་ཨོ་བྷ་མས་རྒྱ་ནག་གཞུང་ལ་བོད་དོན་གླེང་སློང་བྱས་ཡོད་ཀྱང། གཙོ་ཆེ་ཤོས་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་གྱི་འགག་རྩ་ལ་དམིགས་པ་ལས། ཨ་རིའི་གཞུང་དང་མི་མང་གི་ཁེ་ཕན་བློས་བཏང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མི་སྲིད་པ་རེད། འོན་ཀྱང་ཨོ་བྷ་མ་ལ་མཚོན་ན་གྲངས་ཉུང་མི་རིགས་དང། ལྷག་པར་དུ་འདས་པའི་ལོ་རྒྱུས་ནང་ཨ་རི་སོགས་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ནས་མཐོང་ཆུང་དང་བརྙས་བཅོས་ཚད་མེད་བྱེད་ཡུལ་གྱི་མི་རིགས་ནག་པོའི་རྒྱུད་པ་ཞིག་ཡིན་སྟབས། རྒྱ་ནག་གི་མངའ་ཁོངས་སུ་སྡུག་བསྔལ་དང་མནར་གཅོད་མྱོང་བཞིན་པའི་གྲངས་ཉུང་མི་རིགས་རྣམས་ལ་དམིགས་བསལ་གྱིས་སེམས་ཁུར་གནང་མི་སྲིད་པའང་མ་རེད་སྙམ།
གང་ལྟར་ཨ་རྒྱ་གཉིས་ཀྱི་འགལ་ཟླ་གང་ཡིན་པ་དེ་བོད་དང་ཡུ་གུར་མི་རིགས་སོགས་ཀྱི་སྟོབས་ཤུགས་ཡིན་ལ། ཨ་རི་མ་ཡིན་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་དང་རྒྱ་ནག་གི་འབྲེལ་བའི་གནས་སྟངས་ཀྱང་གཅིག་མཚུངས་ཡིན། སྐབས་འདིར་ཨ་རིའི་སྲིད་འཛིན་གྱིས་བོད་ཀྱི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང། ཆོས་དད་རང་དབང་གི་སྐོར་སོགས་གླེང་སློང་ཙམ་གནང་ཡོད་ཀྱང། དེ་ཙམ་ལ་བརྟེན་ནས་རྒྱ་ནག་གཞུང་ལ་འགྱུར་བ་གང་ཡང་གཏོང་མི་ཐུབ། དོན་དངོས་བོད་དོན་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་བར་བོད་པ་རང་གིས་འགུལ་བསྐྱོད་ཁོ་ན་ལ་རག་ལས་པ་ལས། ཨ་རིའི་གཞུང་དང། ཡུ་རོབ་གྲོས་ཚོགས་ལྟ་བུས་བོད་རྒྱལ་ཁབ་དེ་རྒྱ་ནག་གི་ལག་ནས་ཕྲོགས་ཏེ་བོད་མི་རིགས་ལ་གསོལ་རས་སུ་གནང་ཐུབ་པ་ཞིག་གཏན་ནས་མིན། ཨ་རིའི་གཞུང་སོགས་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་བོད་དོན་ལ་རྒྱབ་སྐྱོར་དང་རྒྱ་གཞུང་ལ་ཁ་གཏད་བཅགས་ནས་སོ་སོའི་རྒྱལ་ཁབ་ལ་ཁེ་ཕན་འཐོབ་རྒྱུའི་གོ་སྐབས་ཡོད་པ་མཐོང་ན་སྐབས་དེ་དུས་བོད་དོན་ལ་རྒྱབ་སྐྱོར་རང་བཞིན་གྱིས་གནང་ངེས་པ་ལས། བོད་དོན་གླེང་ནས་རྒྱལ་ཁབ་སོ་སོའི་ཚོང་འབྲེལ་སོགས་ལ་གནོད་ན་གླེང་མཁན་ཧ་ཅང་དཀོན་པོ་ཡིན་པ་སུས་ཀྱང་ཤེས་ཐུབ། ད་ལྟའི་ཆར་ཕན་ཚུན་གྱི་ཁེ་ཕན་ལ་རྩིས་རྒྱག་པ་ལས། བོད་པའི་མིང་ཚིག་གལ་ཆེ་ཤོས་ལྷག་བསམ་རྣམ་དག་ཟེར་བ་འདི་ལ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབས་ཁྲོད་ཁ་གཡང་ཙམ་ལས་དོན་དུ་གོ་ས་གང་ཡང་མེད་པར་གྱུར་ཟིན། མདོར་ན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་ཏུ་ཕེབས་པ་དང། རྒྱ་གཞུང་གི་དཔོན་རིགས་ཁག་ལ་བོད་དོན་གླེང་ནས་བོད་དོན་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་སྲིད་པའི་རེ་སྒུག་དེ་དངོས་ཡོད་གནས་ཚུལ་དང་གཏན་ནས་མི་མཐུན་པར། བོད་དོན་ལ་ཕན་ནུས་ཆེན་པོ་གང་ཡང་ཡོང་མི་ཐུབ་པ་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད། དེར་བརྟེན་འདི་ལ་རེ་སྒུག་གནང་བ་ནི་བོད་རེ་བས་ཕུང་ཞེས་པའི་སྡོམ་ཚིག་དེ་དངོས་བདེན་ཡིན་པ་སླར་ཡང་ར་སྤྲོད་ཐེངས་གཅིག་བྱས་པ་རེད།།