ལག་ཐོགས་ཁ་པར་དང་རྒྱང་རིང་དུ་སྡོད།
ལི་ཐང་འཇམ་བཟོད། དྷ་ས།
དེང་སྐབས་ཤར་ནུབ་ཡུལ་གྲུ་ཁྱད་མེད་དུ་ལག་ཐོགས་ཁ་པར་ཧ་ཅང་དར་ཁྱབ་ཆེ་བ་དང་བསྟུན་ནས། བཟོ་གྲྭ་ཁག་མང་པོ་ཞིག་གིས་རྒྱུ་ཆ་སྣ་ཚོགས་ལས་གྲུབ་པའི་ལག་ཐོགས་ཁ་པར་བཟོ་སྐྲུན་བྱེད་བཞིན་ཡོད་པས། རིན་གོང་ཡང་ཉིན་རེ་ནས་ཆུང་དུ་འགྲོ་ཡི་ཡོད་ལ། དེང་སྐབས་དབུལ་ཕྱུག རྒན་གཞོན་མེད་པར་ལག་ཐོགས་ཁ་པར་བེད་སྤྱོད་གཏོང་བཞིན་པ་འདི་ནི་རྒྱུན་ལྡན་ལྟ་བུ་ཆགས་ཡོད།
ཉེ་དུས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་<WHO>དང་དུ་རུ་ཁ་<Turkey>རྒྱལ་ཁབ་ཀྱི་གཙུག་ལག་སློབ་གྲྭ་ཆེན་པོའི་ཉམས་ཞིབ་སྡེ་ཚན་ནས། ལག་ཐོགས་ཁ་པར་གྱི་མིའི་གཟུགས་གཞི་དང་ལྷག་དོན་རུས་སྒྲོམ་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད་པའི་སྙན་ཐོ་ཞིག་བཏོན་ཡོད་པ་དེ། འཛམ་གླིང་ནང་ཁ་པར་གྱི་མིའི་རུས་སྒྲོམ་ལ་ཉེན་ཁ་ཆེ་བའི་གནད་དོན་རྙེད་པ་ཐེངས་དང་པོ་ཆགས་ཡོད་པས། དེང་སྐབས་ས་གནས་གང་སར་འདིའི་ཐོག་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་རེད།
དམིགས་སུ་བཀར་ནས་རྒྱ་གར་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཏུ་ལག་ཐོགས་ཁ་པར་དར་ཁྱབ་བྱུང་ནས་ཡུན་རིང་སོང་མེད་པས། མི་རྣམས་ཀྱིས་དཔེ་གསར་ལ་དང་འདོད་དང། མི་ཚོགས་ཁྲོད་སྤུས་ངོམས་བྱེད་པའི་གོམས་གཤིས་ད་དུང་ཡང་གནས་ཡོད་པས། འགྲུལ་བཞུད་ཀྱི་ལམ་ཐག་རིང་ཐུང་ལ་མ་ལྟོས་པར། སྒོ་ནས་ཐོན་པ་དང་རྣ་བའི་བུ་ག་གཉིས་སུ་གཞས་ཀྱི་སྐུད་ཐག་བརྒྱུད་ནས་ཆུ་ཚོད་མང་པོའི་རིང༌། རང་བྱུང་མཁའ་རླུང་གི་དབུགས་རྒྱུན་གཅིག་ཀྱང་རྣ་བའི་བུ་གར་འགྲོ་བའི་སྐབས་མེད་པས། རྣ་བའི་དབང་པོའི་ནུས་ཤུགས་ཉམས་པ་དང་རྣ་བར་ཁྲག་རྣག་གི་གོང་བུ་ཆགས་པ། དབྱར་དུས་སུ་རང་བྱུང་མཁའ་གློག་གི་འགྱུར་བ་དང་འདྲེས་ནས་མིའི་ཚེ་སྲོག་ཀྱང་ཤོར་མཁན་མང་པོ་བྱུང་ཡོད་པས། སྤྱོད་ཐབས་འདི་ནི་དུས་ཐུང་བདེ་སྐྱིད་ཕྲ་མོས་མི་ཚེའི་མདུན་ལམ་ཕུང་བའི་གཞི་མ་ཡིན་པས་ཡིད་གཟབ་བྱེད་དགོས་སྐོར་བརྗོད་ཡོད།
ད་དུང་གོང་བརྗོད་ཀྱི་དུ་རུ་ཁའི་ཉམས་ཞིབ་སྙན་ཐོའི་ནང་དུ་འཁོད་དོན་དུ། མཚང་སྒྲོམ་དང་སྙིང་ཁ་སོགས་སུ་གྱོན་གོས་ཀྱི་ཨམ་ཕྲག་ནང་ལག་ཐོགས་ཁ་པར་རྒྱུན་རིང་བླུགས་ན། ལུས་ཀྱི་ལྟེ་གནས་དེ་དག་ཏུ་རུས་པའི་ནུས་ཤུགས་ཉམས་དམས་སུ་འགྲོ་ཡི་ཡོད་པ་དང༌། དེ་ནས་ལུས་ཀྱི་བྱེད་ལས་ཉམས་ནས་སླར་གསོ་བྱེད་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་པ་ངེས་རྙེད་བྱུང་ཡོད་པ་རེད། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཞིབ་འཇུག་སྙན་ཐོའི་ནང་བསྡོམས་བརྒྱབ་པ་ནི། རྒྱུན་ལྡན་ཁྱེད་ཀྱི་མི་ཚེའི་ནང་ལག་ཐོགས་ཁ་པར་དེ་རང་ཉིད་ཀྱི་གཟུགས་ཕུང་དང་ཇི་ཙམ་རྒྱང་རིང་དུ་བསྡད་ན་ཧ་ཅང་བཟང་ལ། གློག་རྡུལ་གྱི་ནུས་ཤུགས་འདྲེས་པའི་ལག་ཐོགས་ཁ་པར་གྱིས། ལུས་ཟུངས་རུས་སྒྲོམ་གྱི་བྱེད་ལས་ཉམས་པའི་རྒྱུ་རྐྱེན་དུ་འགྱུར་བཞིན་ཡོད་ཅེས་ཉེན་བརྡ་བཏང་ཡོད་པ་རེད། གྱོན་གོས་དང་འབྲེལ་བའི་ཨམ་ཕྲག་ནི་སྙིང་ཁ་དང་མཚང་སྒྲོམ་གཉིས་སུ་ཁེལ་གྱི་ཡོད་པས་ལུས་ཀྱི་ལྟེ་གནས་ཡིན་ལ། རབ་བྱུང་ན་སྒྲ་མེད་ཁ་པར་གྱི་འགུལ་བརྡས་ལུས་སེམས་ལ་དངངས་སྐྲག་ཚོར་སྣང་མི་སྟེར་བ་བྱེད་དགོས་ཀྱི་ཡོད་པས། རྒྱུན་ལྡན་ལུས་ལ་མ་སྦྱར་བར་དཔེ་ཁུག་ནང་བླུགས་དགོས་ཀྱི་ཡོད་པ་དང༌། ལས་ཁུངས་སོགས་ཡིན་ན་མདུན་ཅོག་སོགས་ཀྱི་སྟེང་དུ་འཇོག་པ་ལས། ལག་ཐོགས་ཁ་པར་གཟུགས་གཞི་དང་འབྲལ་མེད་དུ་གནས་ན། རུས་སྒྲོམ་ལ་གནོད་ཀྱི་ཡོད་པས་བདེ་ཐང་འདོད་པ་རྣམས་ཀྱིས་ཉམས་སུ་ལེན་འོས་སོ།།