ཉིན་གཅིག་རིང་གི་བཀའ་དྲིན་རྗེས་དྲན་དང་མཛའ་བརྩེ།
ཆོས་ཉིད་འོད་ཟེར། དྷ་ས།
འཛམ་གླིང་འདིའི་ནང་དུས་ཆེན་སྲུང་བརྩི་འདྲ་མིན་བྱེད་ཀྱི་ཡོད་ལ། དེའི་ནང་དུ་ཆོས་ལུགས་ཁག་གི་དུས་ཆེན་དང། རྒྱལ་ཁབ་ལ་བྱས་རྗེས་ཆེ་བའི་མི་སྣ་ཚོར་རྗེས་དྲན་གྱི་དུས་དྲན། རྒྱལ་ཁབ་ཀྱི་ལས་དོན་གལ་ཆེན་ཞིག་འགོ་འཛུགས་བྱས་པའི་དུས་ཆེན་སོགས་རྣམ་པ་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད། ཕྱི་ཟླ་༡༡ པའི་ཚེས་༡༤ ཉིན་ནི་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་ཕྲུག་གི་ཉིན་མོ་ཞེས་སྲུང་བརྩི་བྱེད་ཀྱི་ཡོད་པ་དང། ཉིན་དེ་ནི་རྒྱ་གར་གྱི་སྲིད་བློན་དམ་པ་ནེ་ཧ་རུའི་འཁྲུངས་སྐར་ཉིན་མོ་རེད།
སྐུ་ཞབས་ནེ་ཧ་རུ་མཆོག་གིས་སློབ་མར་གཟིགས་རྟོགས་ཚད་མེད་གནང་བ་ལ་བརྟེན་ནས། ཁོང་གི་འཁྲུངས་སྐར་དེ་སློབ་ཕྲུག་ཉིན་མོ་ལ་གཏན་ཁེལ་བྱས་པ་ཞིག་རེད། མཁས་དབང་རཱ་དྷ་ཀི་ཤ་ན་མཆོག་གི་འཁྲུངས་སྐར་གྱི་ཉིན་མོ་རྒྱ་གར་རྒྱལ་ཡོངས་ཀྱི་དགེ་རྒན་དུས་ཆེན་ལ་གཏན་ཁེལ་གྱིས་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་ལ་མཚོན་ན་དྲུག་གཅིག་བྱིས་པའི་དུས་ཆེན་དང། དགུ་པའི་བཅུ་ལ་དགེ་རྒན་དུས་ཆེན་ཞེས་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད། དེ་བཞིན་རྒྱལ་ཁབ་སོ་སོར་དུས་ཆེན་འདྲ་མིན་སྲུང་བརྩི་བྱེད་སྲོལ་ཡོད་ལ། གནད་ཡོད་མི་སྣའི་འཁྲུངས་སྐར་དང་འབྲེལ་བའི་དུས་ཆེན་ཁག་ནི་མི་སྣ་དེ་དང། དེའི་རྗེས་འབྲང་པ། དེའི་ཕྱོགས་གཏོགས་པ་སོགས་ལ་བཀའ་དྲིན་རྗེས་དྲན་གྱི་ཆེད་དང། དགེ་རྒན་དང་སློབ་མ། ཕ་མ་དང་ཕྲུ་གུ་སོགས་ཀྱི་བར་མཛའ་བརྩེ་མཚོན་ཆེད་དུ་ཡང་ཡིན་པ་རེད།
འཛམ་གླིང་ནང་དེ་བཞིན་ཁོར་ཡུག་ཉིན་མོ། དགའ་རོགས་ཉིན་མོ། ཛ་དྲག་གི་ན་ཚ་གང་རུང་གི་ཉིན་མོ། རྒན་ཁོག་གི་ཉིན་མོ། བུད་མེད་ཀྱི་ཉིན་མོ་ཟེར་བ་སོགས་གཞུང་འབྲེལ་དང། ཡང་ན་ཚོགས་སྡེ་གང་རུང་ནས་སྲུང་བརྩི་བྱེད་པ་སོགས་རིགས་འདྲ་མིན་ཡོད་ནའང། བོད་པར་བླ་ཆེན་ཁག་རེ་གཉིས་ཀྱི་འཁྲུངས་སྐར་དང། ཆོས་ལུགས་དང་འབྲེལ་བའི་དུས་ཆེན་ཁག་ཅིག་སྲུང་བརྩི་བྱེད་པ་ལས། གཞན་ཕ་མ་དང། དགེ་རྒན་སོགས་ལ་བཀའ་དྲིན་རྗེས་དྲན་གྱི་ཉིན་མོ་ཞེས་དམིགས་བསལ་གཏན་ཁེལ་གང་ཡང་མེད། ཡིན་ནའང་བོད་མི་ཚོས་དགེ་རྒན་དང་ཕ་མ་ནི་མི་ཚེའི་ནང་གི་བཀའ་དྲིན་ཆེ་ཤོས་ལ་བརྩི་སྲོལ་ཡོད་པས། དམིགས་བསལ་དུས་དྲན་སྲུང་བརྩི་བྱེད་ཀྱི་མེད་ནའང། རྒྱལ་ཁབ་གཞན་དང་མི་འདྲ་བའི་དུས་རྒྱུན་དགེ་རྒན་དང་ཕ་མ་ལ་བརྩི་མཐོང་ཆེན་པོ་ཡོད་པ་དང། བཀའ་དྲིན་བརྗེད་མེད་ཀྱི་ཐོག་དྲིན་ལན་འཇལ་གང་ཐུབ་བྱེད་མཁན་གྱིས་བོད་མིའི་བརྒྱ་ཆ་མང་བ་ཟིན་གྱི་ཡོད་ལ། དགེ་རྒན་དང་ཕ་མས་སློབ་མ་དང་དགེ་ཕྲུག་ལ་བྱམས་སྐྱོང་ཡང་ཚད་མཐོན་པོ་ཡིན།
རྒྱལ་ཁབ་མང་པོ་ཞིག་གི་ནང་དཔལ་འབྱོར་གྱི་དབང་བསྒྱུར་ཤུགས་ཆེན་སླེབས་པ་དང། རང་སྣང་གང་ཤར་གྱིས་ལས་དོན་བྱེད་རྒྱུའི་རང་དབང་ཆེན་པོ་ཐོབ་པ། ངའི་རང་དབང་ཞེས་སུ་གཅིག་གིས་ཐེ་གཏོགས་བྱེད་མི་ཆོག་པའི་ལྟ་ཚུལ་སོགས་ཤུགས་ཆེན་སླེབས་ནས། སྤྱིར་འགྲོ་བ་མིའི་རིགས་དང། སྒོས་སུ་ཕ་མ་བུ་ཕྲུག་གི་བར། དགེ་རྒན་དང་སློབ་མའི་བར་གྱི་མཛའ་བརྩེ་ཤུགས་ཆུང་དུ་སོང་ཡོད་ལ། ཁྲ་ཁྲ་ཟང་ཟིང་གི་སྤྱི་ཚོགས་ནང་ལས་བྲེལ་ཆེ་བས། གཅིག་གིས་གཅིག་ལ་འབྲེལ་གཏུག་གི་གོ་སྐབས་ཀྱང་ཉུང་དུ་སོང་ནས། ཕ་མ་དང་བུ་ཕྲུག་སོགས་ཉིན་རེའི་ཐུག་འཕྲད་དང། རྒྱུན་ལྡན་གྱི་ཞབས་ཞུ་སོགས་བྱེད་མི་ཐུབ་པ་ལྟ་བུ་ཆགས་རྗེས། མིའི་བར་གྱི་མཛའ་བརྩེ་གལ་ཆེན་དུ་མཐོང་ནས་ཉིན་གཅིག་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་གཏན་ཁེལ་བྱས་ཏེ། གཅིག་གིས་གཅིག་ལ་ལག་རྟགས་སྤྲོད་པ་དང། མཉམ་འཛོམས་བྱེད་པ་སོགས་ཀྱི་ལུགས་སྲོལ་འདི་བྱུང་བ་ཡིན་ཚོད་འདུག རྒྱལ་ཁབ་ཀྱི་ལས་དོན་གལ་ཆེན་ཞིག་འགོ་འཛུགས་བྱས་པའི་དུས་དྲན་ནི་ལས་དོན་དེ་ཚགས་ཚུད་བྱུང་ཡོད་མེད་ལ་བསྐྱར་ཞིབ་ལྟ་བུ་ཞིག་ཀྱང་རེད།
བོད་པ་ལ་དེ་ལྟ་བུའི་དུས་ཆེན་སྲུང་བརྩི་བྱེད་སྲོལ་མེད་ནའང། དེང་སྐབས་བོད་དེ་གཞན་དབང་སྟབས་བསྟུན་གྱི་སྐབས་དེར། བོད་ནང་དུ་རྒྱ་ནག་གི་ལུགས་སྲོལ་ལྟར་དགེ་རྒན་དང། སློབ་ཕྲུག་གི་དུས་ཆེན་ཁག་སྲུང་བརྩི་བྱེད་ཀྱི་ཡོད་ལ། སྐྱབས་བཅོལ་ནང་རྒྱ་གར་གྱི་དུས་ཆེན་དེ་གཉིས་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད། ཉིན་གཅིག་གི་བཀའ་དྲིན་རྗེས་དྲན་དེ་ཙམ་གལ་ཆེན་མིན་ནའང་གཞན་དབང་སྟབས་བསྟུན་གྱི་དབང་གིས་དུས་ཆེན་འདྲ་མིན་སྲུང་བརྩི་བྱེད་དགོས་བྱུང་བ་དང། ཡང་རྒྱལ་ཁབ་གཞན་པའི་ལུགས་སྲོལ་ལ་ཨ་གསར་ལྟ་བུས་དུས་ཆེན་དམིགས་བསལ་དུ་བརྩི་བ་སོགས་འདྲ་མིན་བྱེད་མཁན་བོད་པའི་སྤྱི་ཚོགས་ནང་དུ་བྱུང་དང་འབྱུང་བཞིན་ཡོད་མོད། བསྲེ་ལྷད་མེད་པའི་གུས་བརྩི་དེ་ཤུགས་ཆུང་དུ་འགྲོ་ཡི་ཡོད་པ་རེད། གལ་སྲིད་ཉིན་གཅིག་གི་རྗེས་དྲན་དེ་གལ་ཆེན་ཡིན་ན། བཙན་བྱོལ་བོད་མིའི་གཞུང་འབྲེལ་གྱི་ངོས་ནས་དགེ་རྒན་དུས་ཆེན་དང། སློབ་ཕྲུག་གི་དུས་ཆེན་ལྟ་བུ་གཏན་འབེབས་བྱེད་མི་ཐུབ་རྒྱུ་མེད་མོད། གལ་ཆེ་ཤོས་དེ་དགེ་རྒན་དང་སློབ་མའི་བར་གྱི་མཛའ་བརྩེ་དང། ཕ་མ་དང་ཕྲུ་གུའི་བར་གྱི་མཛའ་བརྩེ་ནི་བོད་པའི་སྤྱི་ཚོགས་ནང་རྒྱུན་འཇགས་སུ་ཡོད་པ་དེ་བརླག་རྒྱུའི་ཉེན་ཁ་ཡོད་པས། ཉིན་གཅིག་གི་མཛའ་བརྩེ་མཚོན་ཐབས་ཆེད་ཉིན་གཅིག་གི་འཁྲབ་སྟོན་དེས་མཛའ་བརྩེ་རྒྱུན་མཐུད་ཐབས་ལ་ཕན་ཐོགས་པ་ཞིག་ཡོང་ཐབས་བྱེད་དགོས་ལ། དུས་རྒྱུན་ཕན་ཚུན་གྱི་མཛའ་བརྩེ་མ་བརླག་པའི་ཕྱོགས་ལ་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེན་དུ་མཐོང། ཉིན་གཅིག་རིང་ཁྲ་ཁྲ་ཟང་ཟིང་ཁྲོད་ནས་དགེ་རྒན་གྱིས་སློབ་མར་མཛའ་བརྩེ་ཡོད་པའི་འཁྲབ་སྟོན་དང། སློབ་མས་དགེ་རྒན་ལ་བཀའ་དྲིན་རྗེས་དྲན་དེ་དུས་ཐུང་ནང་སྐྱིད་སྣང་ཙམ་ལས། ཕུགས་ལ་ཕན་ཐོགས་པའི་ལས་དོན་ཞིག་ཡིན་མིན་ཡང་དོགས་པ་རེད། ཕན་ཚུན་མཛའ་བརྩེའི་སྤྲོ་སྐྱིད་དང། འཁྲབ་སྟོན་བྱས་པ་ཡང་མ་འོས་པ་མེད་མོད། གཙོ་བོ་ཡ་རབས་བཟང་སྤྱོད་ཀྱི་ཐོག་ནས་དགེ་རྒན་དང་ཕ་མས་ན་གཞོན་ཚོའི་མདུན་ལམ་ལ་ཕན་པའི་བྱམས་སྐྱོང་དང། ན་གཞོན་ཚོས་ཕ་མ་དང་དགེ་རྒན་ལ་བཀའ་དྲིན་རྗེས་དྲན་གྱིས་ཕན་ཚུན་མཛའ་བརྩེ་དང་གུས་ཞབས་བྱེད་རྒྱུ་ནི་གལ་གནད་ཆེན་པོ་རེད་སྙམ།།