འཚམས་འདྲིའི་ཤིས་ཚིག
༄༅། །འགྲོ་བ་ལྷ་མི་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་ྋགོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་རླབས་ཆེན་གྱི་བྱམས་བརྩེའི་མཛད་ཁུར་ཕྲག་ཏུ་བཞེས་ནས་མཐའ་ཀླས་འགྲོ་བ་སྤྱི་དང། བྱེ་བྲག་གངས་ཅན་པ་ལ་མ་ཡིས་བུ་ལ་བརྩེ་བ་ལྟར་མཛད་རྗེས་རླབས་ཆེན་བཞག་པར་བརྟེན།
འཛམ་གླིང་དུ་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་བགྲང་བྱ་ཧྲིལ་པོ་ཉི་ཤུ་འཁོར་བའི་བཀྲ་ཤིས་བསྐལ་བཟང་གི་དུས་ཆེན་འདིར། གསར་དུ་དང་བླངས་ཀྱིས་བཙུགས་པའི་རྒྱ་བོད་མཛའ་འབྲེལ་གྱི་རྩོམ་པ་པོའི་མཐུན་ཚོགས་ནས་བཅོས་མིན་སྙིང་ཁོངས་ནས་དགའ་དད་སྤྲོ་གསུམ་གྱིས་འཚམ་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་དང། མགོན་པོ་གང་ཉིད་ཞབས་ཟུང་ཚེ་མཐའ་ཡས་པའི་ངོ་བོར་རྟག་ཏུ་བརྟན་ཅིང་རླབས་ཆེན་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང། གཞིས་བྱེས་མཉམ་འཛོམས་ཀྱི་དགའ་སྟོན་ལ་རྟག་ཏུ་རོལ་ཐུབ་པའི་བཀྲ་ཤིས་སྨོན་ཚིག་བཟང་པོས་མཚམས་སྦྱོར་དང་བཅས།
རྒྱ་བོད་མཛའ་འབྲེལ་རྩོམ་པ་པོའི་མཐུན་ཚོགས་ནས།
བོད་རྒྱལ་ལོ་༢༡༣༦ ཕྱི་ལོ་༢༠༠༩ ཚེས་༡༢ ཚེས་༡༠ ལ་ཕུལ།།