གོ་སར་རྔམ་པའི་གུང་ཁྲན་གྱི་རྒྱུག་ཁྱི།

སོག་ཤོད་དར་རྒྱས།  དྷ་ས།
བོད་པའི་སྲོལ་རྒྱུན་གྱི་སྤྱི་ཚོགས་ནང་དུ་བླ་མ་དང་དཔོན་པོ་ཟེར་དུས་ལུས་ངག་ཡིད་གསུམ་གྱིས་བརྩི་བཀུར་ཆ་འཇོག་བྱེད་སའི་མཐོ་རིམ་མི་སྣ་ཞིག་ཡིན་པ་སྨོས་མི་དགོས་ཀྱང། རྒྱ་མི་གུང་ཁྲན་དམར་པོས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་པ་ནས་བཟུང་བོད་ཀྱི་སྤྱི་ཚོགས་ཁྲོད་རིམ་པ་མཐོ་དམན་གང་རུང་གི་དཔོན་རིགས་སྐོར་གླེང་སྐབས་མི་མང་གི་རྒྱུ་ནོར་ཟ་མཁན་དང།

གཉའ་གནོན་བཤུ་གཞོག་གཏོང་མཁན། ལྷག་པར་དུ་རང་ཉིད་ཀྱི་གོ་ས་འཕར་བར་དམིགས་ནས་བོད་མི་ཉེས་མེད་དག་ལ་ཏཱ་ལའི་ཁ་བྲལ་རིང་ལུགས་པ་སོགས་ཀྱི་ཞྭ་མོ་ནག་པོ་གཡོགས་པ་དང། དེའི་ཐོག་ནས་རང་ཉིད་ཀྱི་བྱས་རྗེས་གླེང་ནས་རྒྱ་ནག་གི་དབང་ཆ་གཅིག་སྡུད་ལམ་ལུགས་ཀྱི་རིམ་པ་གོང་མའི་མཐོ་རིམ་དཔོན་རིགས་ཚོ་མགོ་སྐོར་གཏོང་བའི་བྱ་སྤྱོད་འདི་ཆེས་མ་རབས་དང། བོད་མི་ལ་ཆ་མཚོན་ན་ཆེས་གདུག་རྩུབ་ཆེ་བའི་བྱེད་སྟངས་ཤིག་ཆགས་ཡོད།
མ་གཞི་བྱེད་སྟངས་དེ་ནི་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་ཤིན་ཏུ་ནས་འགལ་བ་ཞིག་ཡིན་ཡང། དམར་པོའི་མཐོ་རིམ་དཔོན་རིགས་རྣམས་དེའི་སྐབས་སུ་གཟའ་ཕོག་པའམ་དྲན་པ་འཐོར་བ་གང་ཡིན་མི་ཤེས་པར། གང་ལྟར་གཤམ་འོག་གི་དཔོན་ངན་དེ་དག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ད་དུང་“རྐུན་མ་ལ་དཔའ་དར་དང་སྤྱང་ཀི་ལ་རྣ་དར་”ཟེར་བ་བཞིན་ཏང་དང་མི་མང་གི་བུ་ཕྲུག་བཟང་པོ་དང། གཟི་བརྗིད་ལྡན་པའི་མི་མང་གི་དཔའ་བོ་ཟེར་བ་སོགས་ཀྱི་མིང་བཏགས་ནས་མི་རབས་རྗེས་ཤུལ་དང་བཅས་པར་ལྟ་སྐྱོང་བྱེད་རྒྱུའི་ཁས་ལེན་བྱེད་ཀྱི་ཡོད། བྱ་སྤྱོད་དེ་དག་གི་ལེགས་ཉེས་ཐད་བསམ་བློ་བཏང་ན། གུང་ཁྲན་དམར་པོའི་མཐོ་རིམ་དཔོན་རིགས་ཚོས་འདོད་པ་ཡོད་པའི་ཐོག་ནས་བཟོས་པའི་གཡང་གཟར་ནས། གཤམ་འོག་གི་དཔོན་ངན་རྣམས་མིག་ཡོད་བཞིན་དུ་གཡང་གཟར་དེ་ནས་མཆོང་བ་ལྟ་བུ་ཞིག་རེད།
རྒྱ་ནག་གི་ད་ལྟའི་སྤྱི་ཚོགས་ཀྱི་གྲལ་རིམ་གང་ས་ན་ཕྱིའི་མིག་ལམ་དུ་གང་མཛེས་མཛེས་ཀྱི་སྒམ་ཚུགས་ལྡན་པའི་རྣམ་འགྱུར་སྟོན་གྱི་ཡོད་ཀྱང། ནང་དུ་དེ་བཞིན་གྲལ་རིམ་གང་ས་ནས་རུལ་སུངས་ཀྱི་བྱ་སྤྱོད་མང་པོས་ཁེངས་བསྡད་ཡོད་པས། སྡོང་པོ་ཁོག་རུལ་གྱི་སྤྱི་ཚོགས་ཤིག་ཆགས་བསྡད་ཡོད། བོད་མི་ཁག་ཅིག་གིས་ནམ་རྒྱུན་རྒྱ་ནག་ལ་ཁ་གཏད་བཅོག་ཐུབ་ཀྱི་མ་རེད། རྒྱ་ནག་སྟོབས་ཆེན་རེད་ཅེས་སེམས་ཤུགས་ཆག་མཁན་ཚོར་གནས་ལུགས་ཆུང་ཆུང་འདིའི་ཐོག་ནས་སེམས་ཤུགས་འཕར་དགོས་པ་ཞིག་མ་རེད་དམ། ལྟོས་དང། རྒྱལ་སྤྱིའི་དབུ་ཁྲིད་སུ་ཞིག་གིས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སྐབས་རྒྱ་ནག་གི་དཔོན་རིགས་ཚོའི་ངོ་གདོང་ལམ་སེང་དམར་པོ་ཆགས་ནས་ཁོང་ཁྲོའི་ཚིག་རྩུབ་ཤོད་རྒྱུའི་འགོ་འཛུགས་ཡོང་གི་ཡོད། ཐ་ན་རྒྱ་ནག་གི་ནང་སྲིད་ལ་བྱུས་གཏོགས་བྱེད་མི་ཆོག་ཅེས་ངོ་ཚ་མེད་པའི་མཇུག་མཐའི་ཐ་ཚིག་དེ་སྒྲོག་གི་ཡོད། དེའི་ཆ་ནས་“ཁོག་ཏུ་ན་ཚ་ཡོད་པས་གདོང་ལ་དྲེགས་པས་གོས་པ་”ཞིག་ལོས་ཡིན།
འདི་དང་འདི་འདྲའི་བྱ་སྤྱོད་མང་དག་ཅིག་ནས་རྒྱ་ནག་དེ་ཉིད་རུལ་སུངས་ཀྱི་སྤྱི་ཚོགས་འཁྱར་འཁྱོར་ཞིག་དང། མེ་མདའི་འོག་ཏུ་མནན་པའི་སྤྱི་ཚོགས་ཤིག མི་རིགས་ཆེན་པོ་དང་གྲངས་ཉུང་མི་རིགས་བར་དབྱེ་བ་ཆེན་པོ་ཡོད་པ་དང། ཁ་དང་ཁོག་པ་མི་མཚུངས་པའི་སྤྱི་ཚོགས་ཤིག་ཡིན་པ་དོན་གྱིས་ར་སྤྲོད་ཀྱི་ཡོད་པ་དང། གུང་ཁྲན་གྱི་ངོ་གདོང་སྲུང་ཕྱིར་དང། རང་ཉིད་ཀྱི་གོ་སར་དམིགས་པའི་དཔོན་ངན་དེ་དག་རྔ་མ་གཡུག་མཁས་པའི་རྒྱུག་ཁྱི་རུ་ངོས་འཛིན་དགོས་པ་ཞིག་རང་བཞིན་གྱིས་ཆགས་ཡོད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།