རིག་གསར་སྐབས་ཀྱི་ལྷ་འདྲེ་གདོན་བགེགས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༥༩
ཟླ་འདིའི་ཕྱི་ཚེས་༡༠ ནོ་སྦེལ་ཞི་བདེའི་གཟེངས་རྟགས་དུས་ཆེན་ཉིན། བོད་ཀྱི་གྲགས་ཅན་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་རྒྱ་ཡིག་ཐོག་བརྩམས་པའི་<<གསར་བརྗེ་>>བཀག་སྡོམ་བྱས་པའི་བོད་ཀྱི་རིག་གནས་གསར་བརྗེའི་དྲན་ཐོ་ཞེས་པའི་དཔེ་དེབ་དེ། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དང་གཏམ་གླེང་ཞལ་པར་གྱི་ལེ་ཚན་གཙོ་སྐྱོང་བ་སྒྲོལ་དཀར་ལགས་ཀྱིས་བོད་བསྒྱུར་བྱས་ནས་བཞུགས་སྒར་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་དབུ་འབྱེད་གནང་སོང་བ་དང། དེབ་དེ་ནི་རིག་གནས་གསར་བརྗེའི་སྐབས་བོད་ཀྱི་དགོན་སྡེ་ལྷ་ཁང་ཁག་གཏོར་བཤིག་བཏང་བ་ཙམ་དུ་མ་ཟད།

བོད་ཀྱི་གནད་ཡོད་མི་སྣ་གང་མང་ཞིག་ལ་མནར་གཅོད་རྡུང་རྡེག་དང་དམར་གསོད་བཏང་བ། བོད་མི་རིགས་ཀྱིས་མི་རབས་ཚ་རྒྱུད་དུ་གསོག་འཇོག་བྱས་པའི་རིག་དངོས་དེ་དག་ཀྱང་ཕལ་ཆེ་བ་རྩ་གཏོར་དང་རྐུ་འཁྱེར་བྱས་པ་སོགས་ཀྱི་ལོ་རྒྱུས་དཔང་རྟགས་དང་བཅས་གསལ་པོ་ར་སྤྲོད་བྱས་འདུག་པ་དང། འོད་ཟེར་ལགས་ཀྱིས་ཁོང་གི་ཕ་དམ་པ་ཚེ་རིང་རྡོ་རྗེ་ལགས་ཀྱིས་པར་བརྒྱབ་པའི་ནང་གི་མི་སྣ་ཁག་འཚོལ་ཞིབ་དང་རྩད་གཅོད། གནས་ཚུལ་དེ་དག་གི་སྐོར་ལ་འོད་ཟེར་ལགས་ཀྱིས་དུས་ཚོད་རྒྱུན་རིང་པོ་བཏང་ནས་ཞིབ་འཇུག་བྱས་ཏེ་བོད་ཀྱི་ལོ་རྒྱུས་ཀྱི་སྟོང་ཆ་ཆེན་པོ་ཞིག་ཁ་སྐོང་བྱས་འདུག ཞིབ་འཇུག་བྱེད་པའི་ཚེ་སྐབས་དེའི་ལྷ་འདྲེ་གདོན་བགེགས་སམ། མནར་གཅོད་གཏོང་ཡུལ་གྱི་མི་སྣ་དང། མནར་གཅོད་གཏོང་མཁན་གྱི་ཧུར་བརྩོན་པ། མནར་གཅོད་གཏོང་ཡུལ་དང་གཏོང་མཁན་གཉིས་ཀ་མ་ཡིན་ཀྱང་སྐབས་དེའི་གནས་ཚུལ་མཐོང་མཁན་དང་ཤེས་མཁན་རྣམས་ལ་འདྲི་རྩད་བྱས་ནས་ལོ་རྒྱུས་ཀྱི་དོན་དངོས་བྲིས་འདུག་ལ། འོད་ཟེར་གྱི་ཕ་ཚེ་རིང་རྡོ་རྗེ་ལགས་ཀྱིས་འདྲ་པར་ཁག་ཕྱི་བཞག་བྱས་ཡོད་ཀྱང། འོད་ཟེར་ལགས་ཀྱིས་དུས་དེ་རང་ལ་ཞིབ་འཇུག་བྱས་མེད་ན་འདྲ་པར་དེ་དག་གི་ནང་དུ་ཡོད་པའི་མི་སྣ་དེ་དག་སུ་དང་སུ་ཡིན་མིན་སོགས་ཤེས་མཁན་སུ་གཅིག་ཀྱང་མེད་པར་གྱུར་ཟིན་པའི་རྗེས་སུ། ད་ལྟ་དཔང་རྟགས་སུ་གྱུར་པའི་འདྲ་པར་དེ་དག་གིས་ཀྱང་ཕན་ཐོགས་ཆེན་པོ་མེད་པར་གྱུར་ཟིན་པ་རེད། འོན་ཀྱང་འོད་ཟེར་ལགས་ཀྱིས་མ་སྔ་མ་འཕྱི་བར་ཞིབ་འཇུག་བྱེད་ཐུབ་པ་དེ་ནི་བསྔགས་བརྗོད་ཀྱི་རང་བཞིན་དུ་གྱུར་འདུག
དེབ་དེ་ཞིབ་ཀློག་བྱེད་པའི་སྐབས་རིག་གནས་གསར་བརྗེའི་སྐབས་རྒྱ་དམར་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་མི་སྣ་རྣམས་ལ་མནར་གཅོད་དང་རྡུང་རྡེག་བཏང་ཡོད་པ་ཙམ་དུ་མ་ཟད། རྒྱ་གཞུང་ལ་ངོ་དགའ་སྤྲེལ་ལད་འཁྲབ་མཁན་རྣམས་ལའང་གཅིག་མཚུངས་བཞིན་མནར་གཅོད་དང་རྡུང་རྡེག་བཏང་འདུག དཔེར་ན་༡༩༥༩ ལོར་བཙན་བྱོལ་དུ་འབྱོར་ཡང་རིང་པོ་མ་སོང་བར་ཏཱ་ལའི་རུ་ཚོགས་ཀྱི་མགོ་སྐོར་འོག་ནས་མེས་རྒྱལ་གྱི་དྲོད་འཇམ་གྱི་པང་དུ་ལོག་པ་ཡིན་ཞེས། ཁ་གཡང་བསྒྲགས་ནས་ཕྱིར་ལོག་བྱེད་མཁན་བོད་ཀྱི་བུད་མེད་སྤྲུལ་སྐུ་བསམ་སྡིང་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་ལ་མཚོན་ནའང། ཐོག་མ་རྒྱ་གཞུང་གིས་མེ་ཏོག་བུམ་པ་ལྟར་སྲུང་སྐྱོབ་དང་ངོམ་སོ་བྱས་པའི་རྒྱལ་གཅེས་མི་སྣ་ཞིག་ཏུ་བརྩིས་ཡོད་ནའང། རིག་གནས་གསར་བརྗེའི་སྐབས་མོ་ལ་མཚོན་ན་ཕྲུ་གུ་སྐྱེས་ནས་ཟླ་གཅིག་ལྷག་ལས་སོང་མེད་ཀྱང་བསམ་ཡུལ་ལས་འདས་པའི་མནར་གཅོད་དང་རྡུང་རྡེག་སྣ་ཚོགས་བཏང་ཡོད་པ་རེད། ད་དུང་དེ་བཞིན་བོད་ནང་ནས་ཀྱང་སྐུ་དྲག་མི་དྲག་གི་ནང་ནས་རྒྱ་དམར་གཞུང་ལ་འབྲེལ་བ་དམ་ཟབ་ཡོད་པ་དང། རྒྱ་གཞུང་ལ་ཕོག་ཐུག་གཏན་ནས་མ་བཏང་བར་བསྟུན་མཁས་ཁོ་ན་བྱེད་མཁན་རྣམས་ཀྱི་ནང་ནས་ཀྱང་ང་ཕོད་ངག་དབང་འཇིགས་མེད་ཁོ་ན་ལས་གཞན་སྐབས་དེ་དུས་རྡུང་རྡེག་ཕོག་མ་མྱོང་མཁན་སུ་གཅིག་ཀྱང་ཡོད་ཚོད་མི་འདུག གནད་དོན་འདིའི་སྐོར་ལ་འོད་ཟེར་ལགས་ཀྱིས་བཀའ་ཟུར་ལྷ་ཀླུ་ཚེ་དབང་རྡོ་རྗེ་ལགས་ཀྱི་དྲན་ཐོའི་ནང་འཁོད་པ་ཞིག་ལུང་འདྲེན་འདི་ལྟར་གནང་འདུག “དེ་སྔོན་ངའི་བསམ་པར་ཁོ་ཚོ་རྒྱལ་གཅེས་མི་སྣ་ཚོ་བདེ་སྐྱིད་ཀྱི་འཚོ་བ་བསྐྱལ་བཞིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང། ཡང་རང་ཉིད་ནི་སྤྱི་ལོ་༡༩༥༩ ལོའི་ངོ་ལོག་ཟིང་འཁྲུག་ནང་ནོར་འཁྲུལ་ཤོར་ཏེ་སྒྱུར་བཀོད་བྱས་ཡོད། ཡིན་ནའང་ད་ལྟ་ཁོང་ཚོ་རྒྱལ་གཅེས་མི་སྣ་ཚོ་ཡང་ཁྲོམ་སྐོར་ལ་ཁྲིད་འདུག་པས་ང་ཚོ་དང་ཁྱད་པར་གང་ཡང་མི་འདུག་སྙམ་”ཞེས་ཁོང་གིས་ཟུར་ཟ་དང་བཅས་གསུངས་འདུག ལྷ་ཀླུ་ཚེ་དབང་རྡོ་རྗེ་ལ་མཚོན་ན་སྤྱིར་བོད་གཞུང་གི་བཀའ་བློན་ཡིན་པ་དང། ༡༩༥༩ ལོའི་བོད་གཞུང་གི་དམག་སྤྱི་ཡིན་ནའང། རྗེས་སུ་ཁོང་དང་རྒྱ་དམར་གཞུང་ལ་སྤྲེལ་ལད་འཁྲབ་མཁན་རྣམས་ལའང་གཅིག་མཚུངས་བཞིན་མནར་གཅོད་བཏང་ཡོད་པས། རྒྱ་གཞུང་གིས་དུས་རྒྱུན་ངོས་ལེན་བྱས་ན་གུ་ཡངས་ཡོད་ཟེར་བའི་སྲིད་བྱུས་དེ་ཡང་སྐྱག་རྫུན་ཡིན་པ་ར་སྤྲོད་བྱས་པ་རེད། ཁག་ཅིག་གིས་༡༩༥༩ ལོ་ཡར་ལངས་དེ་བྱས་མེད་ན། རྒྱ་གཞུང་གིས་དེ་ལྟར་དམར་གསོད་དང་གཏོར་བཤིག་གཏོང་སྲིད་ཀྱི་མ་རེད་ཅེས་བརྗོད་མཁན་ཡང་འདུག་མོད། རྒྱ་གཞུང་ལ་ངོ་དགའ་སྤྲེལ་ལད་འཁྲབ་དང་མ་འཁྲབ་མེད་པར་དོན་དམ་པར་བོད་མི་རིགས་དང་བོད་པའི་ཆོས་དང་རིག་གཞུང་རྩ་མེད་དུ་གཏོང་རྒྱུ་དེ་ཁོ་ན་ཡིན་པ་ལས། ༡༩༥༩ ལོ་ཞི་བའི་གྱེན་ལངས་སོགས་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་རྐྱེན་ལ་བརྟེན་ནས་བོད་ནང་དུ་གྱོང་གུད་ཕོག་པ་ཞིག་མ་ཡིན་པ་གསལ་པོར་གྱུར་པ་རེད། རྒྱ་གཞུང་ལ་རྣམ་འགྱུར་ཡག་པོ་བསྟན་ནས་མཐུན་འབྲེལ་བྱས་ཀྱང་ཕན་ཐོགས་མ་བྱུང་བར་རིག་གནས་གསར་བརྗེའི་སྐབས་བོད་རིགས་ཤེས་ཡོན་དང་འཇོན་ཐང་ཅན་ཚང་མ་ལྷ་འདྲེ་གདོན་བགེགས་ཀྱི་ནང་དུ་གཅིག་མཚུངས་བཞིན་བརྩིས་ནས་མནར་གཅོད་བཏང་ཡོད་པ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།