དགོས་མཁོ་སྐོང་མི་ཐུབ་པའི་ཁྲིམས་ཞིབ་ཁང།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༦༠
བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་མང་གཙོ་ཚད་དང་ལྡན་པ་ཞིག་ཡོང་ཆེད་དུ་༧གོང་ས་མཆོག་གི་བླ་ན་མེད་པའི་དགོངས་གཞིའི་འོག་མང་གཙོའི་ཀ་བ་གསུམ་ཚང་བ་ཞིག་གསར་འཛུགས་གནང་ཡོད། དེ་དག་གི་ནང་ནས་ཁྲིམས་ལུགས་དབང་འཛིན་ནི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་ན་ཆེས་མཐོ་ཤོས་ཀྱི་སྒྲིག་འཛུགས་དེ་ཡིན་པ་དང། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་ཕྱི་ལོ་༡༩༩༢ ལོར་གསར་འཛུགས་བྱས་ཤིང། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁྲིམས་ཀྱིས་དབང་བསྒྱུར་གྱི་ནུས་པ་དོན་འཁྱོལ་ཡོང་ཐབས་སུ་དམིགས་ཡོད་པ་རེད།
གཞན་ཡང་ས་གནས་སུ་ཟུར་འཛུགས་ཁྲིམས་ཞིབ་ཁང་གཉིས་དང། གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་༣༠ ཙམ་ཡོད། ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་བྱས་ནས་ཁྲིམས་ཐག་བཅད་པ་བཅུ་གྲངས་ཤིག་བྱུང་ཡོད་པ་དང། ས་གནས་སུ་ཟུར་འཛུགས་བྱས་པ་དྷེ་ར་དྷུན་ཁུལ་དུ་ཡོད་པའི་ཁྲིམས་ཞིབ་ཁང་གིས་ཁྲིམས་ཐག་བཅད་པ་གཅིག དེ་བཞིན་ལྷོ་ཕྱོགས་བྷེལ་ཀོབ་ཏུ་ཡོད་པའི་ཁྲིམས་ཞིབ་ཁང་གིས་ཁྲིམས་ཐག་བཅད་པ་གཅིག་བཅས་བྱུང་ཡོད་པ་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐག་གཅོད་གནང་ཟིན་ཀྱང་བཙན་བྱོལ་བོད་གཞུང་ལ་བཙོན་ཁང་དང་ཉེན་རྟོག་པ་མེད་པས་དོ་བདག་སོ་སོས་དང་ལེན་མི་བྱེད་ཐབས་མེད་ཀྱི་དམིགས་བསལ་ནུས་ཤུགས་གང་ཡང་མེད་པ་ལྟ་བུར་གྱུར་ཡོད། ཁྲིམས་ཐག་བཅད་པ་ཁག་ཅིག་དོ་བདག་སོ་སོས་བཀའ་བརྩི་དང་ལེན་ཞུས་ཡོད་ཀྱང། བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་མཐོ་རིམ་མི་སྣ་ཁག་ལ་ལྕགས་ཐག་ལག་སྦྲེལ་གྱི་འབྲེལ་བའམ། ས་འོག་དར་ཐག་གི་འབྲེལ་བ་དམ་ཟབ་ཡོད་མཁན་རྣམས་ལ་མཚོན་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ལོ་མང་པོར་ཞིབ་འཇུག་དང་འདྲི་རྩད་བྱས་ནས་ཐག་གཅོད་གནང་བའི་བཅད་ཁྲ་ནི། གད་སྙིགས་ཀྱི་ཕུང་པོ་ཞིག་དང་འདྲ་བར་གཡུགས་རྐྱང་བྱེད་པ་ལས་སྣང་བའི་ཟུར་ཙམ་དུའང་མ་བཞག་ཀྱང། ཆེ་མཐོང་དང་གོ་ས་མཐོ་ནས་མཐོ་རུ་འགྲོ་བཞིན་པ་ལས་བཟང་ངན་གྱི་ཁྱད་པར་གང་ཡང་མེད་པ་ལྟ་བུར་གྱུར་ཡོད། ཆུང་ས་ནས་བཤད་ན་ལྷོ་ཕྱོགས་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཐག་གཅོད་བྱེད་སྐབས་ཁ་མཆུ་ཤོར་མཁན་གྱིས་ཧིན་སྒོར་༥༠༠ སྤྲོད་དགོས་པ་དེ་ཡང་མ་སྤྲད་པར་བཅད་ཁྲ་རྩིས་མེད་དུ་བཏང་ཡོད། མདོར་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་གནང་བ་དེ་དག་བོད་གཞུང་འཛིན་སྐྱོང་གི་ངོས་ནས་ཕྱག་ལེན་དུ་བསྟར་ཐུབ་པ་གནང་དགོས་པ་དང། གལ་སྲིད་ཐབས་ཤེས་རིམ་པ་གནང་ཡང་གྲུབ་འབྲས་མ་ཐོན་པ་ཡིན་ན། མི་མང་དང་གྲོས་ཚོགས་ལ་གསལ་པོ་བཟོ་དགོས་པ་ལྟ་བུར་གྱུར་ཡོད། འཛིན་སྐྱོང་གི་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་ཀྱང་དོན་དངོས་སུ་ལ་རྒྱབ་སྐྱོར་གནང་གི་ཡོད་མེད་ཀྱང་སྐབས་རེ་ཐེ་ཚོམ་ལྟ་བུར་གྱུར་འདུག
བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་གནང་བའི་སྐབས་མི་རེ་ལ་ཉེས་ཆད་ཧིན་སྒོར་༥༠༠ དང། ད་ལོ་ཧིན་སྒོར་༣༠༠ རེའི་ཐག་གཅོད་གནང་བ་མང་པོ་ཞིག་བྱུང་སོང་བ་དེ་དག་ཀྱང་ཚུལ་བཞིན་དང་ལེན་ཞུ་རྒྱུར་སྐུ་ངལ་འཕྲད་ཡོད། ཁ་མཆུ་དེ་དག་གི་དོ་བདག་སོ་སོས་བཙན་བྱོལ་བོད་གཞུང་ལ་གནས་དུས་ཚོད་རྩིས་ལྟ་བུས་སྣང་མེད་དུ་བཞག་ཀྱང། ཁྲིམས་ཞིབ་ཁང་གིས་ཐག་གཅོད་གནང་བ་དེ་དག་ལ་འཛིན་སྐྱོང་གིས་ལག་བསྟར་གནང་ཐུབ་པའི་ཐབས་ཤེས་ཚད་ལྡན་མ་གནང་བའམ། གནང་མ་ཐུབ་པ་གང་ལྟར་ཡང་ནུས་པ་ཐོན་མེད་པ་ནི་ཧ་ཅང་གསལ་པོར་གྱུར་ཡོད། ཉེ་ཆར་ཁྲིམས་ལུགས་དབང་འཛིན་གྱི་ཟབ་སྦྱོང་ཞིག་གནང་ཡོད་པ་འདི་ཉིད་ཧ་ཅང་གལ་ཆེན་པོ་ཡིན་པ་བཞིན། ཁྲིམས་ལུགས་དབང་འཛིན་གྱི་མ་འོངས་པའི་གནས་སྟངས་དང། ད་ལྟ་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་མིན་སྐོར་ལའང་བསམ་ཞིབ་ངེས་པར་དུ་གནང་དགོས་པའི་དུས་ལ་བབ་འདུག སྤྱི་ཚོགས་སྤྱི་དང་ལྷག་པར་དུ་མང་གཙོའི་སྤྱི་ཚོགས་ཤིག་ལ་མཚོན་ན་ཁྲིམས་ཁང་ནི་ཧ་ཅང་གི་དགོས་མཁོ་ཆེན་པོ་ཞིག་དང། མེད་དུ་མི་རུང་བའི་སྒྲིག་འཛུགས་གལ་ཆེན་པོ་ཞིག་ཡིན་པ་བཞིན། བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ནའང་ཁྲིམས་ཞིབ་ཁང་དེ་ཡོད་དགོས་པ་ཞིག་དང། ཡོད་ན་ཁེ་ཕན་གང་མང་ཡོད་ཀྱང། མཐོ་རིམ་མི་སྣ་རྣམས་ཀྱིས་ཁ་མཆུ་ཤོར་ཡང་བཅད་ཁྲ་དང་ལེན་མ་ཞུས་ན། བྱེད་མཁན་དང་བྱེད་ཐབས་གང་ཡང་མེད་པས་རང་བཞིན་གྱིས་དཀའ་ངལ་ཆེན་པོ་ཞིག་ཏུ་གྱུར་འདུག།དེར་བརྟེན་ང་ཚོའི་ཁྲིམས་ཞིབ་ཁང་གིས་གཉོམ་ཆུང་ཚུལ་མཐུན་རྣམས་ལས་བཙན་པོ་དབང་ཡོད་རྣམས་ཀྱི་གཉའ་གནོན་མི་ཐུབ་ན་ཁྲིམས་ཁང་གི་དགོས་མཁོ་ངོ་མ་སྐོང་ཐུབ་མིན་དེ་ཡང་དྲི་བ་ཞིག་ཏུ་གྱུར་མི་འདུག་གམ།།