ཁྱིམ་པས་གྲྭ་ཆས་གྱོན་ཆོག་གམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༦༢

ཁྱིམ་པས་གྲྭ་ཆས་གྱོན་པ་ཞབས་འདྲེན་རེད་ཅེས་༧གོང་ས་མཆོག་གིས་གསུངས་སོང།
སྤྱིར་གྲྭ་ཆས་ནི་གྲྭ་པ་དང་བཙུན་མ་སྟེ་འདུལ་བ་འཛིན་པ་ཁོ་ནའི་གྱོན་ཆས་ཡིན་པ་ལས། འདུལ་འཛིན་མ་ཡིན་པའི་ཁྱིམ་ཐབ་འཛིན་པ་རྣམས་ལ་དབང་བ་ཞིག་མིན་ནའང། དེང་སྐབས་དེའི་སྐོར་འཆོལ་ཉོག་ལྟ་བུར་གྱུར་ནས་བཟའ་ཟླ་དང་ཕྲུ་གུ་ཡོད་མཁན་རྣམས་ཀྱི་ནང་དུའང་གཟན་དང་ཤམ་ཐབས་གྱོན་མཁན་གྱི་རིགས་གཅིག་ཡོད་པ་རེད། དེར་བརྟེན་ཟླ་འདིའི་ཕྱི་ཚེས་༥ ཉིན་༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་དབུ་འཛུགས་སྐབས་འདས་པའི་ལོ་རྒྱུས་ནང་ཐེག་ཆེན་པ་ནང་པ་མིན་པའི་ལྟ་ཚུལ་འཛིན་མཁན་ཡོད་པ་དང། ལྷག་པར་དུ་གསང་སྔགས་དེ་སངས་རྒྱས་ཀྱི་བཀའ་མ་ཡིན་པར་བརྗོད་མཁན་ཡོད་ལ།

དེང་དུས་ཀྱང་ཐེག་དམན་གྱི་ཆོས་བརྒྱུད་འཛིན་པ་ཁག་ཅིག་གིས་དེ་ལྟར་ངོས་འཛིན་བྱེད་བཞིན་ཡོད་ཚུལ་སོགས་ལས་འཕྲོས་ནས་གནད་དོན་དེའི་ཐད་བཀའ་གནང་དོན། “སྐྱེས་དམན་དང་ཕྲུ་གུ་ཡོད་མཁན་ཚོས་གྲྭ་ཆས་གྱོན་དགོས་དོན་མི་འདུག སྐྱེས་དམན་དང་ཕྲུ་གུ་ཡོད་མཁན་གྲྭ་ཆས་གྱོན་མཁན་དེ་འདྲ་ཡོད་པས། དེང་དུས་གྲྭ་པ་ཨ་ཞེ་ཡོད་མཁན་རེད་དམ། གྲྭ་པ་ཨ་ཞེ་མེད་མཁན་རེད་ཅེས་འདྲི་དགོས་པ་ཞིག་ཡོད་པ་དེ་ཞབས་འདྲེན་རེད། མཁན་སློབ་ཆོས་གསུམ་ཞལ་འཛོམས་པའི་སྐབས་ནས་ཚིག་གི་བདག་པོས་ཚིགས་སུ་བཅད་ནས། རབ་བྱུང་ངུར་སྨྲིག་གི་སྡེ་དང། གོས་དཀར་ལྕང་ལོ་ཅན་གྱི་སྡེ་ཞེས་ལོགས་སུ་དགར་ཡོད་པ་རེད།”ཅེས་བཀའ་ནན་པོ་གནང་སོང། དོན་དངོས་ཀྱི་ཐོག་ནས་ཀྱང་ཆོས་པ་དངོས་གནས་སུ་ཡིན་མིན་སུ་གཅིག་གིས་བཤད་ཚོད་ཐིག་དཀའ་ཡང། སྡེ་ཚན་སོ་སོའི་ཆས་གོས་འཆལ་འཆོལ་དུ་གྱུར་པ་དེ་ལ་ཕན་ཐོགས་གང་ཡང་མེད་པར། ནང་པ་སངས་རྒྱས་པའི་རྗེས་འཇུག་གྲྭ་བཙུན་རྣམས་ཀྱི་མཚན་མཐོང་ལ་གནོད་པ་ལྟ་བུར་མངོན་པ་དང། ལྷག་པར་དུ་འཛམ་གླིང་གི་རྒྱལ་ཁབ་ཁག་གི་ནང་དུ་ཡོད་པ་གནས་བརྟན་སྡེ་བས་གཙོས་ཐེག་དམན་གྱི་གྲུབ་མཐའ་འཛིན་པ་རྣམས་ཀྱིས་ཐེག་པ་ཆེན་པོ་ལ་སྐུར་འདེབས་བྱེད་པའི་སྐབས་སུ་གནད་དོན་འདི་ལྟ་བུའང་མ་དད་པའི་རྒྱུ་རུ་འགྲོ་བཞིན་ཡོད། གཞན་ཡང་སྙིགས་མ་ལྔ་བདོ་བའི་དུས་འདིར་སངས་རྒྱས་ཀྱི་བསྟན་པ་ལ་ཁ་གཏོང་མཁན་མི་ཉུང་བ་ཞིག་ཡོད་པས། གནད་དོན་ཆུང་ཙག་གི་ཐོག་ནས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་རྨ་མི་འབྱིན་པ་ཞིག་བྱ་དགོས་པ་དེ་ཡང་ནང་པའི་རྗེས་འཇུག་པ་ཞིག་ལ་མཚོན་ན་གལ་གནད་ཆེན་པོར་གྱུར་ཡོད།
རབ་བྱུང་ངུར་སྨྲིག་གི་སྡེ་དང་གོས་དཀར་ལྕང་ལོ་ཅན་གྱི་སྡེ་ཞེས་བོད་ཀྱི་ལོ་རྒྱུས་ཐོག་ལོགས་སུ་དགར་ཡོད་ཀྱང། ད་ལྟའི་དུས་འདིར་གལ་ཆེ་བའི་ལུགས་སྲོལ་དེ་དག་རྒྱུན་འཛིན་མི་བྱེད་མཁན་ཡང་མང་ནས་མང་དུ་འགྲོ་བཞིན་ཡོད་པ་དང། ཡུལ་ལུང་ཁག་ཅིག་གི་ནང་དུ་གྲྭ་པ་ཞིག་ལོག་སོང་ན་སྔགས་པ་ཆགས་འགྲོ་བ་ལྟ་བུ་ཡོད་ཚུལ་འདུག དོན་དངོས་ཐོག་སྔགས་འཆང་ཞེས་པ་ཁྱིམ་ཐབས་ཡོད་པ་ཙམ་ལ་གོ་བ་མ་ཡིན་པར་ཐེག་པ་ཀུན་གྱི་ཡང་རྩེ་གསང་སྔགས་རྡོ་རྗེ་ཐེག་པའི་ལྟ་གྲུབ་ལ་ཉམས་ལེན་བྱེད་མཁན་ཞིག་ཡིན་ན་གཞི་ནས་སྔགས་འཆང་ངམ། སྔགས་པ་ཞེས་པའི་བདག་སྒྲ་དེ་ཐོབ་པ་ལས་བཟའ་ཟླ་ཕྲུ་གུ་ཡོད་ཙམ་གྱིས་སྔགས་པ་ཡིན་པའི་ལྟ་ཚུལ་དེ་ཧ་ཅང་ནོར་བ་ཞིག་ཏུ་གྱུར་ཡོད། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་བཤད་ན་གང་དུ་ཡང་དག་པ་ཞིག་ཡོད་ན་དེ་རུ་རྫུན་མ་ཞིག་ཡོད་པ་རང་བཞིན་ལྟ་བུར་གྱུར་ཡོད་པས། དམིགས་བསལ་གྱིས་ཧ་ལས་དགོས་པ་ཞིག་གང་ཡང་མིན་ལ། རང་ཉིད་སྡེ་ཚན་གང་དུ་གཏོགས་པ་ཞིག་ཡིན་པ་རང་ཉིད་ཁོ་ནས་ཤེས་པ་ཞིག་ཡིན། འོན་ཀྱང་བཟའ་ཟླ་དང་བུ་ཕྲུག་ཡོད་པ་ཞིག་ལ་མཚོན་ན་རང་ཉིད་འདུལ་འཛིན་གྱི་ཁོངས་སུ་གཏོགས་པ་ཞིག་མིན་པ་ཤེས་བཞིན་དུ། འདུལ་བ་འཛིན་པའི་ན་བཟའ་གྱོན་མི་ཆོག་པ་དང། འདི་ལྟར་གྱོན་པ་ནི་ཞབས་འདྲེན་ཞིག་ཏུ་དགོངས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ནན་པོ་འདི་ལྟར་གནང་དགོས་བྱུང་བ་ཞིག་རེད། ད་ལྟའི་ཆར་ཆོས་ཕྱོགས་ཀྱི་ཡོན་ཏན་གང་ཡང་མེད་པའི་ཟོག་པོ་མི་ཉུང་བ་ཞིག་གིས་སྤྲུལ་སྐུ་རྫུན་མ་བཟོས་ཡོད་པ་དང། སླད་ཀྱི་ཆར་ཡང་བཟོ་ཐབས་བྱེད་མཁན་དེ་བས་ཀྱང་མང་པོ་ཡོད་ངེས་པས་༧གོང་ས་མཆོག་གིས་འདིའི་སྐོར་ལའང་བཀའ་འདི་ལས་ཀྱང་ནན་ཞིག་ཕེབས་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་འདུག།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།