གངས་ཅན་པ་རྣམས་ལ་རེ་སྐུལ་སྙིང་གི་ཐུར་མ།

ཆབ་མདོ་ངག་དབང་ཕུན་ཚོགས།
དེང་སྐབས་ཚན་རིག་འཕེལ་རྒྱས་ཀྱི་མཐོ་རླབས་འཕྱུར་ནས་འཛམ་གླིང་ཆུང་དུ་ཕྱིན་པ་ལྟ་བུ་དང་བསྟུན། མིའི་མཛད་སྤྱོད་འདྲ་མིན་གྱི་དབང་གིས་འཇིག་རྟེན་ཁམས་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ནས་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་དང༌། འཛམ་གླིང་མི་མང་གིས་དཔལ་འབྱོར་འགྲན་རྩོད་མ་གཏོགས་གཏན་སྡོད་བྱེད་སའི་ཁོར་ཡུག་ལ་དེ་ཙམ་ཞིག་དོ་སྣང་དང་བསམ་བློ་གཏོང་གི་མེད་པས་ལོ་ལྟར་འཛམ་གླིང་ནང་རླུང་འཚུབ་ཀྱི་འཇིགས་པ་དང༌། ཆུ་ལོག་གི་འཇིགས་པ། ས་ཡོམ་གྱི་འཇིགས་པ་ལ་སོགས་ཀྱི་གནས་ཚུལ་རིམ་པས་ཐོན་བཞིན་ཡོད་པ་དེ་རེད།

དེར་བརྟེན་ནས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ་སོགས་ཀྱི་ལས་འགུལ་ས་ཕྱོགས་གང་སར་སྤེལ་བཞིན་ཡོད། འཛམ་གླིང་ཁོར་ཡུག་ལྷན་ཚོགས་ཀྱི་ཚོགས་ཆེན་འཚོགས་ཡོད་པ་དང་དེའི་སྐབས་སུ་རྒྱ་གཞུང་གིས་གྲོས་མཐུན་ཁག་ལ་དགག་པ་བརྒྱབ་ཡོད་པ་རེད། དེ་ཡང་བོད་ཀྱི་བང་ཆེན་འདོན་ཐེངས་༢༦༠ ནང་ལས། “དབྱིན་ཡུལ་གྱི་ནུས་ཤུགས་དང་གནམ་གཤིས་འགྱུར་ལྡོག་སྐོར་གྱི་བློན་ཆེན་གྱིས་ཀོ་པིན་ཧ་གྷན་དུ་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་ཆེན་དེ་ཕྲན་བུ་མ་གཏོགས་དོན་ཕན་མེད་པ་རྒྱ་ནག་གིས་བཟོས་སོང༌། རྒྱ་ནག་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྷན་ཚོགས་ཐོག་གི་གྲོས་མཐུན་ལ་དབང་ཤུགས་ཡོད་ཚད་ཀྱིས་དགག་པ་བརྒྱབ་སོང་ཞེས་སྐྱོན་བརྗོད་གནང་”ཡོད་སྐོར་འཁོད་པ་དེ་དོན་ལ་གནས་པ་ཞིག  རྒྱུ་མཚན་ནི་རྒྱ་དམར་གྱིས་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་དང༌། བོད་ཀྱི་གདོད་མའི་ནགས་ཚལ་དང༌། ལྟ་ན་སྡུག་པའི་ཡུལ་ལྗོངས་སོགས་ལ་གཏོར་སྐྱོན་གཏོང་རྒྱུ་ཡིན་པ་གོང་གི་གནས་ཚུལ་དེ་དག་ལས་གསལ་པོ་རྟོགས་ཐུབ་པ་ཞིག་ཏུ་གྱུར་ཡོད།
རྒྱ་གཞུང་གིས་བོད་ནང་དུ་འཛུགས་སྐྲུན་ཡར་རྒྱས་ལ་ཁ་བཏགས་ཏེ་རང་སྣང་གང་ཤར་གྱིས་བོད་ཀྱི་གཏེར་ཁ་སྔོག་འདོན་བྱེད་ཤུགས་ཆེ་བའི་དབང་གིས་ཆར་ཆུ་དུས་སུ་མི་འབབ་པ་དང༌། ལོ་ལེགས་མི་འབྱུང་བ། མི་ཤི་འགོས་གནད་སོགས་ཀྱིས་དཀའ་ངལ་ཅན་དུ་འགྱུར་བཞིན་ཡོད། གདོད་མའི་གངས་རི་རྣམས་རིམ་གྱིས་བཞུར་ནས་ཡུལ་ལྗོངས་མཛེས་སྡུག་ལྟ་ན་སྡུག་པའི་གནས་མཆོག་དེ་དག་ད་སྐབས་འབག་བཙོག་ཅན་དུ་གྱུར་ཡོད་པ་དང༌། དེ་ཡང་བོད་ཀྱི་དུས་བབ་ནང་དུ་བུད་མེད་རྩོམ་པ་པོ་འོད་ཟེར་གྱིས། “གཏེར་ཁ་སྔོག་ཡུལ་ཁག་ཅིག་ཏུ་བཙོག་ཆུ་གོ་སྒྲིག་གི་མ་ལག་མི་ཚང་བ་དང་སྔོག་ཡུལ་ཁག་ཅིག་ཏུ་བཙོག་ཆུ་གོ་སྒྲིག་གི་མ་ལག་ཅི་ཡང་མེད་པ་སོགས་ཀྱིས་རྫས་འགྱུར་སྨན་རྫས་འདྲེས་པའི་བཙོག་ཆུ་ཐད་ཀར་བཞུར་གྱི་ཡོད་སྟབས། དེ་དང་ཉེ་བའི་གྲོང་ཚོ་གང་མང་ཞིག་གི་འཐུང་ཆུ་ཡོངས་སུ་སྐམ་སྟེ། ཧ་ཅང་ཐག་རིང་གི་རི་ཁུལ་ནས་ཆུ་སྦུག་གུར་དྲངས་ཏེ་འཐུང་ཆུའི་དཀའ་ངལ་སེལ་དགོས་པར་གྱུར་ཡོད། ཞིང་པའི་ནས་དང་རྩ་ཐང་གི་རྩྭ་སྔོན་མཐའ་དག་ལ་དུག་རྫས་འདྲེན་པར་མ་ཟད། ཛ་དྲག་གི་གནས་སྟངས་སུ་འཕེལ་བ་དང་བསྟུན་སྒོ་ཟོག་མང་པོར་འཆི་སྐྱོན་བྱུང་བ་དང༌། ཞིང་འབྲོག་མི་ཉུང་བ་ཞིག་ལ་སེལ་ཐབས་མེད་པའི་ནད་ཡམས་གང་མང་ཞིག་འགོས་ཏེ་འཚོ་བ་དཀའ་སྡུག་གི་གནས་སུ་བསྐྱལ་ཡོད་འདུག”ཅེས་གསུངས་དོན་ལྟར་བོད་ནང་དུ་ལོ་རེ་བཞིན་ཞིང་འབྲོག་མི་མང་རྣམས་ལ་དཀའ་སྡུག་དུ་མ་ཞིག་འཕྲད་དང་འཕྲད་བཞིན་ཡོད་པ་དེ་རེད། དེ་ནི་རྒྱ་དམར་གྱིས་མཐོ་སྒང་བོད་ཀྱི་ས་ཆ་གང་བྱུང་སྔོག་འདོན་གྱི་རྐྱེན་གྱིས་མཐོ་སྒང་ཙམ་མ་ཡིན་པའི་ཨེ་ཤ་ཡའི་གླིང་ཕྲན་ལ་གནོད་སྐྱོན་ཆེན་པོ་ཐེབས་བཞིན་ཡོད་ཅིང༌། དེ་དང་བསྟུན་ནས་བཅོས་ཐབས་མེད་པའི་གཉན་ནད་རེག་དུག་གི་ན་ཚ་འཛམ་གླིང་སྟེང་ཁྱབ་བརྡལ་ཕྱིན་ནས། ད་བར་མི་འབོར་ས་ཡ་མང་པོའི་ཚེ་སྲོག་ཕྲོགས་པ་དང༌། ཕྲུ་གུ་ས་ཡ་མ་མང་པོ་དྭ་ཕྲུག་ཏུ་གྱུར་པ། ས་ཡ་མང་པོར་ན་ཚ་འདི་འགོས་ནས་དཀའ་ངལ་གྱི་གནས་སྟངས་འོག་ཏུ་ལྷུང་ཡོད་པ་རེད། དེ་ཡང་རྒྱལ་སྤྱིའི་གཉན་ནད་རེག་དུག་གི་ཉིན་མོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འབྲེལ་བརྗོད་ནང་དོན་ལྟར་ན། མི་ས་ཡ་༢༥ འདས་གྲོངས་སུ་གྱུར་པ་དང༌། ས་ཡ་༦༠ ལ་གཉན་ནད་རེག་དུག་གི་ན་ཚ་ཁྱབ་ཡོད་པ་ཁྱབ་བསྒྲགས་གནང་ཡོད་པ་རེད་ཅེས་དང༌། ཕྱི་ལོ་༡༩༨༢ ལོ་ནས་༢༠༠༥ བར་དུ་ལོ་༢༥ རིང་ལ་ནད་པ་ཚེ་སྲོག་ཤོར་བ་ས་ཡ་༣༥/༦ ཡོད་ཁོངས་ནད་པ་ས་ཡ་༢/༨ འདས་གྲོངས་སུ་ཕྱིན་པ་དང༌། བྱིས་པ་ས་ཡ་༡༥ ཙམ་དྭ་ཕྲུག་ཆགས་ཡོད། རང་རེའི་སྤྱི་ཚོགས་འདིའི་ནང་དུའང་སྤྲོ་འཆམ་ལ་ཕར་འགྲོ་ཚུར་འོང་བྱེད་མཁན་མང་བ་དང༌། མི་རྣམས་གནས་ངེས་མེད་དུ་འཚོ་གོས་ཀྱི་ཆེད་དུ་བསྐྱོད་དགོས་པ་སོགས་ཀྱིས་འགོས་ནད་འདི་ཁྱབ་བརྡལ་མི་འགྲོ་བའི་ངེས་པ་མེད་པར་བརྟེན། ད་སྐབས་ནས་མགོ་འོག་ཚང་མས་ཡིད་གཟབ་གནང་ནས་མི་མང་ལ་སློབ་གསོ་འཐུས་ཤོར་མེད་པ་རྒྱག་རྒྱུ་ཧ་ཅང་གི་གལ་ཆེན་དུ་གྱུར་ཡོད་པ་རེད། དེ་བཞིན་མཐོ་སློབ་ཁག་ཏུ་སྐྱོད་བཞིན་པའི་ན་གཞོན་རྣམས་ཀྱིས་གཉན་ནད་རེག་དུག་གི་ན་ཚ་འདི་ཉིད་ལ་ངེས་པར་ཡིད་གཟབ་དང་འཛེམས་ཟོན་གནང་དགོས་པ་ཞིག་ལས་སྣང་ཆུང་གཏན་ནས་བྱ་མི་རུང་ཞིང༌། གལ་སྲིད་སྣང་ཆུང་ཤོར་ཚེ་སོ་སོའི་མི་ཚེ་འཕྲོ་བརླག་འགྲོ་ཡི་ཡོད་པ་རེད། གཉན་ནད་རེག་དུག་གི་ན་ཚ་འདི་ཉིད་འགོ་སྟངས་ནི། ཕོ་མོ་འཁྲིག་སྦྱོར་དང༌། སྨན་ཁབ་དང། ཁྲག་བླུགས་པ་བརྒྱུད་ནས་འགོ་བ། མྱོས་རྫས་ཀྱི་ཁབ་བེད་སྤྱོད་མཁན་ཕན་ཚུན་འགོ་བ། སྐྲ་བཞར་ཁང་ནས་གྲི་སོའི་ཁ་བརྗེ་པོ་མ་བརྒྱབ་པ་བརྒྱུད་ནས་འགོ་བ་སོགས་ཡིན་པས་ངེས་པར་ཡིད་གཟབ་གནང་དགོས་ཤིང༌། དེ་བཞིན་སྐྲ་བཞར་ཁང་ཁ་ཤས་ཀྱིས་སྣང་ཆུང་ལྟ་བུའི་སྐྲ་གྲི་བརྗེ་པོ་རྒྱག་གི་མེད་པས་དེ་དག་ལ་རང་ངོས་ནས་ངེས་པར་དོ་སྣང་གནང་དགོས་ལ། ལྷག་པར་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་སྐྲ་བཞར་ཁང་དུ་འཁྲིད་སྐབས་ངེས་པར་དུ་འབྲེལ་ཡོད་ཕ་ཚབ་མ་ཚབ་རྣམ་པས་སྐྲ་གྲི་བརྗེ་པོ་རྒྱག་གི་ཡོད་མེད་ལ་གཟིགས་དགོས། ངས་འབྲེལ་ཡོད་རྣམས་ཀྱིས་ཐུགས་སྣང་གནང་གི་མི་འདུག་གཏན་ནས་བརྗོད་ཀྱི་མེད། ད་དུང་ཡིན་ནའང་ལྷོད་གཡེང་མེད་པར་འབྲེལ་ཡོད་སློབ་སྤྱི་གཙོས་པའི་ཕ་ཚབ་མ་ཚབ་རྣམས་ཀྱིས་ཐུགས་འགན་ཆེར་བཞེས་གནང་དགོས་པ་ཞིག་ཀྱང་རེད། དེ་ཡང་གལ་པོ་ཆེ་ལ་ནན་ཏན་དང༌། དམ་པའི་ཆོས་ལ་བརྒྱ་ཚར་ཞེས་པའི་དཔེ་ལྟར་གཉན་ནད་རེག་དུག་གི་ན་ཚ་འཛམ་གླིང་དུ་ཁྱབ་བརྡལ་ཕྱིན་ཟིན་པས། ང་ཚོའི་སྤྱི་ཚོགས་ཆུང་ངུ་འདིའི་ནང་མི་གྲངས་༢༥ ལ་གཉན་ནད་རེག་དུག་གི་ན་ཚ་ཡོད་པར་བསྒྲགས་ཡོད། ཉེན་ཁའི་གནས་སྟངས་ཤིག་མིན་ནའང་གྲངས་གཅིག་ཡིན་ན་མང་དྲགས་པ་མ་གཏོགས་ཉུང་བ་གཏན་ནས་མེད་པས་འཛམ་གླིང་ནང་དུ་ན་ཚ་ཁྱབ་བརྡལ་འགྲོ་བཞིན་ཡོད་པར་བརྟེན། ཡིད་གཟབ་མ་གནང་ཚེ་ཉེན་ཁའི་དུས་སྐབས་ཤིག་ལ་སླེབས་ཀྱི་ཡོད་པ་རེད། དེ་ཡང་བོད་ཀྱི་བང་ཆེན་འདོན་ཐེངས་༢༥༧ ནང་དུ་འཕྲོད་བསྟེན་དྲུང་འཕར་ལགས་ནས། “ན་ནིང་གཉན་ནད་རེག་དུག་གི་ཉིན་མོ་ནས་འགོ་བཙུགས་ཏེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཉན་ནད་རེག་དུག་གི་ན་ཚ་ཡོད་མེད་བརྟག་དཔྱད་ཀྱི་ལས་འགུལ་ཞིག་རིན་མེད་ཐོག་སྤེལ་བ་རེད། དེའི་སྐབས་བོད་མི་༡༤༠༠༠ ལྷག་ཙམ་བརྟག་དཔྱད་བྱེད་སར་ཡོང་བ་དང༌། དེའི་ནང་ན་ཚ་ཡོད་པའི་དོྭགས་གཞི་ཅན་བཅུ་དྲུག་བཅུ་བདུན་ཙམ་ཡོད་པ་རེད།” ཅེས་འབྲེལ་བརྗོད་གནང་ཡོད་པ་རེད། གོང་བརྗོད་ཀྱི་གནས་སྟངས་དེ་དག་ལ་བསམ་གཞིག་བྱས་ཚེ་བརྟག་དཔྱད་མ་བྱས་ནས་སྡོད་བཞིན་ཡོད་པ་རྟོགས་ཐུབ་པ་ཞིག་ཀྱང་རེད། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་ང་ཚོའི་མི་རིགས་འདི་ལེ་ལོ་དང་རྣམ་གཡེང་ལ་དགའ་བའི་མི་རིགས་ཤིག་ཏུ་གྱུར་ན་ཧ་ཅང་གི་ཕངས་པོ་རེད། གལ་སྲིད་ནད་གཞི་ཡོད་པའི་ཚོར་སྣང་བྱུང་ན་འཛེམས་ཟོན་མེད་པར་ལམ་སེང་སྨན་ཁང་ལ་ཕྱིན་ནས་བརྟག་དཔྱད་གནང་དགོས་ཤིང༌། སྦེད་སྐུང་དང༌། འཚེར་སྣང་སོགས་བྱས་ནས་བསྡད་ཚེ་རང་ཉིད་ལ་དཀའ་ངལ་དང༌། གཞན་ལའང་ན་ཚ་འགོས་ཁྱབ་སོགས་འགྲོ་བས་ཕན་ཐོགས་ཅི་ཡང་མེད། དེ་ཡང་བོད་ཁྱིམ་དབུ་བརྙེས་ནས་ལོ་ངོ་༤༦ ཉིན་ྋརྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལས། “དེང་སང་གནས་ཚུལ་གསར་པ་ཞིག་ཁྱབ་བཞིན་ཡོད་པ་རེད། རྒྱ་གར་ནང་དུ་ཡང་གནས་ཚུལ་ཕྲན་བུ་གོ་རྒྱུ་འདུག་ལ། ལྷག་པར་བོད་ནང་དུ་ལྷ་སས་མཚོན་པའི་གྲོང་ཁྱེར་ཆེ་ཁག་གི་ནང་མི་འབོར་ཆེ་རུ་ཕྱིན་པ་དང་མཉམ་དུ་རྒྱ་ནག་ནས་སྨད་འཚོང་མ་མང་པོ་ཡོང་གི་ཡོད་པས། བོད་པའི་ནང་དུ་ཡང་གཞོན་སྐྱེས་སྨད་འཚོང་མའི་རིགས་ཡོང་སྡོད་ཀྱི་ཡོད་པ་རེད་ཅེས་ཕྱི་རྒྱལ་ངོ་ཤེས་པ་མང་པོ་ཞིག་གིས་བཤད་ཀྱི་འདུག ལྷག་པར་གྲོང་གསེབ་ཁག་ནས་ཡི་གེ་མི་ཤེས་པ་རེ་ཟུང་སྨད་འཚོང་མའི་ནང་ཞུགས་བཞིན་ཡོད་པ་དང༌། ཁོང་ཚོར་གཉན་ནད་རེག་དུག་གི་ན་ཚའི་སྐོར་ཤེས་རྟོགས་དང་རྒྱུས་མངའ་ཅི་ཡང་མེད་པས། ཉེན་ཁ་ཧ་ཅང་ཆེན་པོ་འདུག་ཅེས་ལབ་ཀྱི་འདུག ན་ཚ་འདིར་སྔོན་འགོག་བྱ་རྒྱུའི་ཐབས་ཤེས་ཡོད་པ་རེད། དེའི་སྐོར་སློབ་སྦྱོང་སྤྲོད་དགོས་ཀྱི་འདུག་ལ་དེར་ངོ་ཚ་དང་སྤམ་མདོག་བྱས་བསྡད་ན་སྡུག་གྱོང་རེད། ཉེན་ཁ་ཆེན་པོ་ཡིན་པས་གནས་ཚུལ་ཁྱབ་བསྒྲགས་ཐོག་དོ་སྣང་བྱ་རྒྱུའི་ཐབས་ཤེས་ཡོད་པ་རེད། དེང་སང་རྒྱ་ནག་ནང་སྲིན་འབུ་འཁྲུགས་པའི་ན་ཚའི་ཉེན་ཁ་དེ་ཤུགས་ཆེན་པོ་ཆགས་རྒྱུ་ཡིན་པ་དང༌། རྒྱ་ནག་ནས་སྨད་འཚོང་མ་ཕོན་ཆེན་བོད་དུ་ཡོང་ཡོད་པས་བོད་ནང་དུ་ན་ཚ་དེའི་ཉེན་ཁ་ཆེན་པོ་ཆགས་རྒྱུ་ཡིན་པར་བརྟེན། ང་ཚོས་དེར་དམིགས་བསལ་གྱིས་དོ་སྣང་དང་གཟབ་གཟབ་མ་བྱས་པ་ཡིན་ན། སྐབས་མཚམས་ཤིག་ལ་གླགས་མི་འཁེལ་བའི་དུས་ཤིག་ཤར་མི་ཡོང་ངམ་བསམ་པ་དྲན་སོང༌།”ཞེས་གལ་ཆེའི་ལམ་སྟོན་གྱི་བཀའ་སློབ་ཕེབས་དོན་ལྟར་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་ལས་དོན་གནང་བཞིན་ཡོད་ནའང་ད་དུང་སྔར་ལྷག་མི་མང་ལ་ཁྱབ་བསྒྲགས་དང་ལམ་སྟོན་འཐུས་ཤོར་མེད་པ་གནང་དགོས་པའི་དུས་སྐབས་ཤིག་ཏུ་སླེབས་འདུག་སྙམ། རང་ཉིད་ལ་ནད་གཞི་འགོས་ཡོད་ན་མི་མང་གི་དཀྱིལ་ལ་ཐོན་ཏེ་ལོ་ཤས་བསྡད་རིང་མི་མང་ལ་ནད་གཞི་འགོས་ཁྱབ་མི་འགྲོ་བའི་ཐབས་ཤེས་བྱེད་དགོས་པ་དང༌། དེ་བཞིན་དུ་མི་མང་ཚོས་ཀྱང་གཉན་ནད་རེག་དུག་གི་ན་ཚ་ཕོག་མཁན་ལ་མཐོང་ཆུང༌། དམའ་འབེབས་སོགས་གཏན་ནས་བྱེད་མི་རུང༌། ཁོ་ཚོ་དང་མཉམ་དུ་སྐད་ཆ་བཤད་པ་དང༌། ལྟ་སྟངས་ཡག་པོ་འཛིན་དགོས། ལྷག་པར་དུ་རང་གཞུང་གི་མཐུན་འགྱུར་རོགས་རམ་གནང་དང་གནང་བཞིན་ཡོད་པ་ལྟར་ད་དུང་ཡང་སྔར་ལྷག་སྨན་ཡོན་སོགས་ཀྱི་མཐུན་འགྱུར་གནང་དགོས་པ་དང༌། ནང་མིས་བུ་ཕྲུག་རྣམས་ལའང་ཀར་ཀོར་མེད་པར་མཐུན་འགྱུར་སྦྱར་དགོས་པ་ཞིག་ཀྱང་རེད། ལྷག་པར་དུ་བོད་ནང་དུ་རྒྱ་དམར་གྱི་ནུབ་ཕྱོགས་ཐོན་སྐྱེད་ཆེན་མོ་ཞེས་ཁ་གཡང་སྙན་མོ་ཁྱེར་ནས་གྲོང་ཁྱེར་ཆེ་ཁག་ནང་དུ་བོད་མི་རིགས་ལ་ཕན་ཐོགས་མེད་པའི་ཁྲ་ཁྲ་ཟིང་ཟིང་བཟོས་ནས་བོད་མི་རྣམས་དཔལ་འབྱོར་ལ་མགོ་བོ་འཁོར་བའི་ཐབས་བྱུས་བཟུང་ནས་བོད་མི་རིགས་མེད་པ་བཟོ་རྒྱུའི་ལས་འགུལ་སྤེལ་བཞིན་ཡོད་པས། ང་ཚོའི་དུས་ཚོད་སྐར་ཆ་གཅིག་ཀྱང་ཆུད་ཟོས་སུ་མི་གཏོང་བར་བོད་མི་རིགས་ཀྱི་རྩ་དོན་ཐོག་ཏུ་ལས་དོན་གནང་ཞིང། ལྷག་པར་གཉན་ནད་རེག་དུག་གི་ན་ཚ་འདི་ཉིད་སྔོན་འགོག་ཆེད་དུ་གཞུང་མང་མཉམ་རུབ་ཀྱི་ཐོག་ནས་ལས་དོན་གནང་ནས་སྔོན་འགོག་བྱེད་ཐབས་དང། ཡང་སྒོས་ཕྱི་ལོ་གསར་ཚེས་ནས་བོད་མི་རིགས་ཡོངས་ཀྱིས་ཀླད་རྙིང་མཁྲེགས་འཛིན་གྱི་ལྟ་བ་ངན་པ་དེ་དག་དོར་ནས། ཆོད་སེམས་བརྟན་པོས། ལྟ་བ་གསར་པ་དང༌། བསམ་བློ་གསར་པ་ཁུར་ཏེ་གནའ་དེང་ཤེས་རིག་གི་ཚལ་དུ་རོལ་ཏེ་གངས་ལྗོངས་འཛུགས་སྐྲུན་གསར་པའི་ཆབ་དཔལ་རིག་གསུམ་གྱི་བདེ་སྐྱིད་རང་དབང་རྫོགས་ལྡན་གྱི་འོད་སྟོང་འབར་བའི་སྨོན་འདུན་དང༌། ལྷག་པར་བོད་མི་རིགས་ཀྱི་ཁོག་པའི་སྙིང་ལྟ་བུ་ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཡུན་རིང་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་གྲུབ་པའི་སྨོན་འདུན་ཤུགས་དྲག་དང་བཅས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།