ཞིང་འབྲོག་མི་མང་གི་དཀའ་ངལ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༦༣
༧གོང་ས་མཆོག་ཨོ་རི་ས་གཞིས་ཆགས་སུ་ཆིབས་བསྒྱུར་གནང་ནས་འགྲེམས་སྟོན་ཞིག་ལ་གཟིགས་ཞིབ་གནང་བའི་སྐབས་འགྲེལ་བརྗོད་ཞུ་མཁན་གྱི་འགྲེལ་བརྗོད་ཞུ་སྟངས་ལ་བརྟེན་ནས་ཕག་གསོ་ཁང་དང་བྱ་གསོ་ཁང་ཡོད་ཀྱི་མ་རེད་ཅེས་བཀའ་འདྲི་གནང་བ་དང༌། ངས་སྤོབས་པའི་ཐོག་ནས་ང་ཚོ་གཙང་མ་གཙང་རྐྱང་ཡིན་ཞེས་འགྲེལ་བཤད་རྒྱག་གི་ཡོད་ཅེས་གསུངས་སོང༌། བཙན་བྱོལ་བོད་པའི་གཞིས་ཆགས་ཁག་ཏུ་བྱ་གསོ་ཁང་དང༌།

ཕག་གསོ་ཁང༌། ཉ་གསོའི་རྫིང་བུ་སོགས་མེད་ནའང༌། དེ་དང་འབྲེལ་ནས་གླེང་འདོད་པ་ཞིག་ནི། ད་ལྟའི་ཆར་བོད་ནང་དུ་བོད་ཀྱི་སྲོལ་རྒྱུན་གྱི་འཚོ་ཐབས་ཁག་ལ་བསྒྱུར་བཅོས་ཀྱིས་བྱ་གསོ་ཁང་དང༌། ཕག་གསོ་ཁང༌། ཉ་གསོའི་རྫིང་བུ་སོགས་རྒྱ་རིགས་ཀྱི་འཚོ་ཐབས་ཁག་དར་ཁྱབ་གཏོང་བཞིན་ཡོད་ལ། དེ་ཡང་གཙོ་བོ་བོད་ཀྱི་ཡུལ་དབུས་ཁུལ་དུ་དར་སྲོལ་ཆེན་པོ་ཞིག་ཏུ་གྱུར་ཡོད། མི་ཚང་གཅིག་གིས་བྱ་རིགས་སྟོང་ཕྲག་མང་པོ་གསོ་ཚགས་བྱེད་མཁན་ཡོད་ཅིང༌། མཐར་གཏུག་ན་དེ་དག་ཚང་མ་གསོད་རྒྱུ་ཁོ་ནའི་ཆེད་དུ་ཡིན། ཆོས་ཁས་མི་ལེན་མཁན་གྱི་སྤྱི་ཚོགས་ཤིག་ལ་མཚོན་ན་ངལ་རྩོལ་བྱས་ནས་འཚོ་ཐབས་ག་རེ་ཡིན་ཡང་ཁྱད་པར་ཆེར་མེད་མོད། ནང་པའི་རྗེས་འཇུག་ཏུ་ཁས་འཆེ་བའི་མི་རིགས་ཤིག་ལ་མཚོན་ན་དེ་ནི་ཅུང་ཙམ་བསམ་བློར་ཤོང་མི་ཐུབ་པའི་གནས་ཚུལ་ཞིག་ཏུ་གྱུར་འདུག རྒྱ་ནག་གཞུང་གིས་བོད་ཡུལ་ཡར་རྒྱས་སུ་བཏང་ཡོད་ཅེས་པའི་ཚད་གཞི་འཛིན་ས་དེ་རྒྱ་ནག་ནང་དུ་འཚོ་ཐབས་དང་གོམས་གཤིས་དག་ཇི་ལྟར་དར་ཁྱབ་ཏུ་སོང་ཡོད་མེད་ལ་གཞི་འཛིན་བཞིན་ཡོད། ཉེ་བའི་ལོ་ཁ་ཤས་ཀྱི་སྔོན་ནས་རྒྱ་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་ཞེས་བརྗོད་བཞིན། བོད་ནང་དུ་ཕྱུགས་འགོག་རྩྭ་གསོ་ཟེར་བའི་ལས་འགུལ་སྤེལ་ནས་བོད་ཀྱི་སྲོལ་རྒྱུན་སྒོ་ཕྱུགས་རྟ་ནོར་ལུག་གསུམ་བཙན་དབང་གིས་ཉུང་དུ་བཏང་ནས་རྩྭ་ཐང་དུ་ལྕགས་ར་བསྐོར་ཡོད། དོན་དམ་རྩྭ་ཐང་དུ་ནོར་ལུག་སོང་ནས་རྩྭ་ཐང་ལ་ཕན་ཐོགས་ཡོད་པ་ཚན་རིག་པས་ཞིབ་འཇུག་བྱས་པའི་གྲུབ་དོན་ཡིན་མོད། རྒྱ་གཞུང་གིས་དེ་ལྟར་བྱེད་དགོས་དོན་བོད་ཀྱི་སྲོལ་རྒྱུན་འཚོ་ཐབས་རྣམས་རྩ་མེད་དུ་གཏོང་ཐབས་ཀྱི་ཆེད་དུ་དམིགས་པ་ཁོ་ན་ཞིག་ལས་མ་འདས།
བོད་ཀྱི་ས་ཁུལ་མང་པོ་ཞིག་ཏུ་བོད་མི་རྣམས་གནས་གཅིག་ཏུ་གནས་སྡོད་དགོས་པའི་བཀའ་བཏང་ཞིང༌། ཡིན་མིན་ཤོད་ཡུལ་མེད་པར་བསྟར་ཕྲེང་བསྒྲིགས་པའི་ཁང་པ་གཞུང་གི་གོ་སྒྲིག་འོག་རྒྱག་བཞིན་ཡོད་པ་རེད། ཁང་པ་གསར་རྒྱག་ཆེད་མི་ཚང་རེ་ལ་རྒྱ་གཞུང་གིས་རྒྱ་སྒོར་ཆིག་ཁྲི་རེ་སྤྲོད་བཞིན་ཡོད་པ་དང༌། རྒྱ་གཞུང་གིས་བཀོད་སྒྲིག་བྱས་པའི་ཁང་པ་ཞིག་གསར་རྒྱག་བྱེད་པར་ཉུང་མཐའ་རྒྱ་སྒོར་ཆིག་འབུམ་ལྷག་གཏོང་དགོས་ཀྱི་ཡོད་འདུག མི་ཚང་སྐྱོ་པོ་ཁག་ལ་མ་དངུལ་དེ་འདྲ་འདོན་རྒྱུ་གཏན་ནས་མེད་ནའང༌། གནས་སྐབས་རྒྱ་གཞུང་གིས་དངུལ་ཁང་ནས་དངུལ་བུན་བཏང་ནས་འཆར་འགོད་བྱས་པའི་ཁང་པ་དེ་མི་རྒྱག་ཀ་མེད་ཀྱི་གནས་སུ་གྱུར་ཡོད་པ་རེད། སྲོལ་རྒྱུན་གྱི་འཚོ་ཐབས་ཁག་དོར་ཟིན་པ་དང༌། འཚོ་བའི་ཡོང་འབབ་གཞན་མེད་པས་ཞིང་འབྲོག་མི་མང་གི་སེམས་ནང་དུ་ཁང་པ་གསར་པའི་ནང་དུ་སྤོས་པའི་དགའ་སྤྲོ་མེད་པར། འཇལ་དཀའ་བའི་བུ་ལོན་གྱི་སེམས་ཁྲལ་འོག་ཏུ་ཚུད་ཡོད་འདུག་ཅིང༌། ལོ་དུས་རྒྱས་བཅད་ཀྱི་ནང་དུ་དངུལ་བུན་སློག་མི་ཐུབ་མཁན་ཚོའི་དངུལ་བུན་གྱི་ཚབ་ཏུ་ས་ཞིང་གཞུང་བཞེས་བཏང་བའི་ལོ་རྒྱུས་ཀྱང་མང་པོ་བྱུང་འདུག བྱ་གསོ་ཁང་དང༌། ཕག་གསོ་ཁང༌། ཉ་གསོའི་རྫིང་བུ་སོགས་གཉེར་སྐྱོང་བྱེད་བཅུག་ནས་ཆོས་ཕྱོགས་ཀྱི་བསླབ་བྱ་དང་འགལ་བ་ཙམ་དུ་མ་ཟད། ལྟོ་གོས་ཀྱི་ཐོག་ནས་ཀྱང་བོད་ནང་གི་ས་གནས་གང་མང་ཞིག་ཏུ་འཚོ་གནས་བྱེད་རྒྱུར་ཡང་ལོ་ཤས་ཙམ་ལས་མི་འགོར་བར་ཧ་ཅང་དཀའ་ངལ་གྱི་རང་བཞིན་ཞིག་ཏུ་འགྱུར་ངེས་རེད་ཅེས། བོད་ནས་རྡོར་གདན་དུ་ཆོས་ཞུར་བཅར་མཁན་ཞིག་གིས་ཚོར་བ་རྣོན་པོའི་ཐོག་ནས་འགྲེལ་བརྗོད་གནང་སོང༌།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།