ང་ཕོད་ཀྱི་སྐུ་ཚེའི་ནང་ཡག་སྡུག་གི་ལེའུ་གཉིས་ཡོད།

ཐུབ་བསྟན་བཀྲ་ཤིས། ( མོན་གྷོ)
དེང་སྐབས་བཙན་བྱོལ་བོད་མིའི་རླུང་འཕྲིན་སོགས་བརྒྱུད་ལམ་ཁག་དང་སྤྱི་ཚོགས་ཁྲོད་བཀའ་ཟུར་ང་ཕོད་ངག་དབང་འཇིགས་མེད་མཆོག་གི་སྐོར་གླེང་སློང་མི་ཉུང་བ་ཞིག་བྱེད་བཞིན་འདུག ལྷག་པར་དུ་རྩོམ་པ་པོ་དང་མཁས་པར་རློམ་པ་རེ་ཟུང་གིས་རླུང་འཕྲིན་བརྒྱུད་ལམ་ཁ་ཤས་ནང་བཀའ་མོལ་གསུང་དོན། ང་ཕོད་ཀྱིས་ཆབ་མདོར་ཡོད་པའི་བོད་གཞུང་གི་གོ་མཛོད་རྣམས་དུས་ཐོག་ཡུལ་དམག་ལ་མཁོ་སྤྲོད་མ་གནང་བ་དང། རྗེས་སུ་མེར་སྲེག་བཏང་བ། དེ་བཞིན་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ས་ཡིག་བཀོད་པ་སོགས་ནི་ཧ་ཅང་གི་ནོར་འཁྲུལ་ཆེན་པོ་ཡིན་པ་མ་ཟད།

ལོ་རྒྱུས་ནང་བསུབ་ཐབས་མེད་པའི་ནག་ཉེས་ཆེན་པོ་འཁུར་མཁན་གྱི་མི་སྣ་ཞིག་ཡིན་མདོག་གིས་འགྲེལ་བརྗོད་གནང་ཕྱོགས་དེ་ནི་ལོ་རྒྱུས་སྨྲ་བ་པོ་རང་ཉིད་ཀྱི་དོན་དངོས་ཇི་བཞིན་མ་མཁྱེན་པ་ཡིན་ནམ། ཡང་ན་དེ་ལྟར་སྐྱོན་བརྗོད་དང་འཁྱོག་བཤད་དགོས་པའི་རྒྱུ་མཚན་གཞན་ཞིག་གཟིགས་ཀྱི་ཡོད་ན་མ་གཏོགས། དོན་དངོས་ལ་དེ་ཚོ་ནི་བཙན་འོག་ནས་བྱེད་ཐབས་གཞན་མ་རྙེད་པ་ཡིན་པ་གསལ་པོ་ཤེས་ཐུབ་པ་ཞིག་དང་ད་ལྟའི་རྒྱ་གཞུང་གིས་གཡོ་ཐབས་སྣ་ཚོགས་ཀྱི་བྱེད་བབ་ལ་གཞིག་ན་རྗེས་དཔག་ཚད་མས་སྒྲུབ་མི་ཐུབ་པ་ཞིག་ཀྱང་མ་རེད།
དེ་ཡང་ནམ་རྒྱུན་བོད་མིའི་སྤྱི་ཚོགས་ནང་མི་མང་པོ་ཞིག་གིས་བཤད་སྲོལ་ལྟར་ང་ཕོད་ནི་བོད་རྒྱལ་ཁབ་གཙོང་མཁན་ཞིག་ཡིན་པ་དངོས་ཡོད་ཀྱི་གནས་ཚུལ་ལ་ཉམས་ཞིབ་གཏན་ནས་མ་བྱས་པར་སྤྱི་ཚོགས་ཁྲོད་ཀྱི་གཡམ་རྒྱུག་མཁན་ཚོས་ལད་ཟློས་ལས་གཞན་མི་སེམས། ང་ཕོད་ཀྱིས་བོད་བཙོང་ཆོག་ཆོག་ཞིག་ཡོད་སྲིད་དམ། ང་ཕོད་ལྟ་བུའི་བོད་ཀྱི་ཆབ་སྲིད་དཀྱོགས་མཚམས་ཀྱི་མི་སྣ་གལ་ཆེན་ཞིག་གིས་འདས་ཟིན་པའི་གནས་ཚུལ་ལ་བསྐྱར་ཞིབ་དང་གླེང་སློང་དགོས་ངེས་ཤིག་ཡིན་ཡང། གླེང་སློང་བྱེད་ཡུལ་འཇིག་རྟེན་འདི་དང་ཁ་བྲལ་ཟིན་པས། ཁ་རྡུང་གཏོང་རྐྱང་བྱས་བསྡད་པ་ཡིན་ན་ཆོས་དང་འཇིགས་རྟེན་གང་ཐད་ནས་འོས་མཚམས་ཤིག་དང་ལྷག་པར་ང་ཕོད་ནི་དོན་དངོས་ཐོག་དེ་འདྲའི་ནག་ཉེས་ཅན་ཞིག་ཡིན་པ་མ་མཐོང། ང་ཕོད་ཀྱི་སེམས་ཁམས་གསལ་པོ་ཤེས་ཐུབ་པ་ཞིག་ལ་འདས་ཟིན་པའི་ནང་དེང་སྐབས་རྒྱ་ནག་དམར་པོའི་ལངས་ཕྱོགས་བརྩི་སྲུང་བྱེད་མཁན་བོད་པ་རེ་ཟུང་གིས་བྱེད་སྟངས་བཞིན་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་དངོས་བདེན་མ་ཡིན་པའི་འཁྱོག་བཤད་སྐྱོན་བརྗོད་དང་མཚན་སྨོད་སོགས་གང་ཡང་བྱེད་མྱོང་མེད་པ་གསལ་པོ་རེད། དེ་བཞིན་རྒྱ་དམར་གཞུང་གིས་བཙན་ཤེད་འོག་ཕྱྀ་ལོ་༡༩༥༡ ལོར་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་ནི་ཁ་གཡར་ས་ཙམ་ཡིན་པ་ལས་དོན་དངོས་སྐབས་དེ་དུས་བོད་ཀྱི་ས་ཁུལ་ཕྱེད་ཀ་ཙམ་བཙན་བཟུང་བྱས་ཟིན་པ་མ་ཟད། བོད་ས་ཡོངས་རྫོགས་དབང་བསྒྱུར་བྱེད་གཏན་ཁེལ་བ་ཞིག་རེད། གྲོས་མཐུན་འཇོག་མཁན་རྒྱ་དམར་གཞུང་གིས་ཁྱེད་ཚོས་གྲོས་མཐུན་འདི་ཁས་བླངས་ན། ཁྱེད་ཚོ་སང་གནང་ག་དུས་ལོག་ཀྱང་བཀག་འགོག་མེད། ང་ཚོས་ས་མཚམས་ཁག་ལ་རླུང་འཕྲིན་གཏོང་ཐེངས་གཅིག་ལས་གཞན་པའི་དཀའ་ཚེགས་དང། འདི་གར་རྙོག་གྲ་གང་ཡང་མེད་ལུགས་སོགས་བརྗོད་ཡོད་པ་དང༌། ཡང་ཁྱེད་ཚོར་ཞི་བའི་བཅིངས་འགྲོལ་དགོས་སམ་དྲག་པོའི་བཅིངས་འགྲོལ་དགོས་སོགས་བརྗོད་བབ་དེ་ཚོ་ནས་སྐབས་དེ་དུས་བོད་གཞུང་གི་སྐུ་ཚབ་ཚོར་ས་ཡིག་རྒྱག་མིན་གྱི་དབང་ཚད་ནུས་ཤུགས་གང་ཡང་མེད་པ་གསལ་པོ་མཚོན་གྱི་ཡོད་པ་རེད། དེ་བཞིན་ཆབ་མདོར་རྒྱ་དམར་གྱིས་བཙན་འཛུལ་བྱེད་པའི་སྐབས། མདོ་སྤྱི་ང་ཕོད་ཀྱིས་འབད་བརྩོན་ཇི་བྱས་སྐབས་དེ་དུས་ཀྱི་འབྲེལ་ཡོད་གཞུང་ཞབས་བཀའ་ཚབ་ཤན་ཁ་བ་འགྱུར་མེད་བསོད་ནམས་སྟོབས་རྒྱལ་གྱིས་བྲིས་པའི་<<རང་གི་ལོ་རྒྱུས་ལྷད་མེད་རང་བྱུང་ཟངས་>>ཞེས་པའི་ནང་འཁོད་དོན། མདའ་དཔོན་བྱིངས་ཆབ་མདོར་མ་འབྱོར་གོང་མདོ་སྤྱི་ང་ཕོད་པས་མདའ་དཔོན་ཁག་སོ་སོར་ཕྱིར་འཐེན་ནེམ་ནུར་དུ་མ་སོང་བའི་དགྲ་འཐབ་མཐར་སྐྱེལ་དགོས་རྒྱུ་དང། མདོ་སྤྱི་རང་ཉིད་ནས་ཀྱང་ཕྱིར་འཐེན་གོམ་པ་གང་ཡང་མི་རྒྱག་པ་མནའ་ཚིག་གིས་རྒྱས་བཅད་པའི་བཀའ་རྒྱ་གནང་ཞིང༌། རྒྱལ་ཁབ་ཏུའང་རྒྱག་འཐེན་ཕུགས་གསུམ་སྐོར་དགོངས་སྐོར་རླུང་འཕྲིན་འབུལ་གནང་ལ་སྐབས་འཕྲལ་བཀའ་ལན་ད་ལྟ་དགོས་ལུགས་ལྗགས་དབུགས་ཀྱང་ཧལ་དེ་གསུང་གི་ཡོད་པ་དང། ཉེ་འཁོར་ནས་ཛ་དྲག་གནས་ཚུལ་ལ་བྱེད་ཕྱོགས་དགོངས་སྐོར་ཞུ་མཁན་མང་པོར་འཕྲལ་འཕྲལ་སླེབས་ནས་བཀའ་བཀོད་གནང་བ་སོགས་ཀྱང་རླུང་འཕྲིན་ནས་གོ་ཐོས་བྱུང་སྟབས། རླུང་འཕྲིན་ལས་ཁང་དམག་སྒར་གསར་པ་ནས་དྲུང་སྤྱི་གླིང་གར་བཀའ་ཤག་ཐུགས་སྤྲོའི་སར་སྙན་སེང་ཞུ་བར་བཅར་སྐབས། ས་དབང་རྣམ་པ་དང་རྩིས་དཔོན་རྣམ་པ་ལྷན་རྒྱས་ཤོ་རྒྱན་སྣ་ཚོགས་ཀྱི་སྐུ་རྩེད་ལ་གཡེང་སྐབས། ལམ་སེང་ཆབ་མདོའི་ཛ་དྲག་གི་གནས་ཚུལ་སྙན་སེང་ཞུ་ཡུལ་མ་རྙེད་པ་ལྟ་བུའི་དངངས་སྐྲག་གིས་གཟིམ་སྒོའི་རྒྱབ་ནས་ས་དབང་ཟུར་ཁང་ལ་མཛུབ་བརྡ་དང་སྦྲགས་མིག་བཙུམ་གྱིས་བོས་ཏེ་སྐུ་སྒེར་དབུ་གུར་ནང་གདན་ཞུས་ཛ་དྲག་གནས་ཚུལ་རྣམས་སྙན་སེང་ཞིབ་ཕྲ་ཞུས་པར། དེ་འཕྲལ་མཛད་ཕྱོགས་བཀའ་བསྡུར་གནང་རྒྱུ་ཕར་བཞག བཀའ་དྲུང་ལ་གནས་ཚུལ་འདིའི་སྐོར་སུ་ལའང་མ་ཟེར། ཐུགས་སྤྲོ་འདྲོག་ཡོང་ཞེས་བཀའ་མངགས་ཕེབས་པར་བརྟེན་ཞེས་འཁོད་ཡོད་པ་དང༌། ཡང་ཤན་ཁ་བས་དེབ་དེའི་ནང་ཉིན་གཅིག་ང་ཕོད་ཀྱིས་ཏར་འཕྲིན་གནང་གསལ་ཕྲན་ནས་རྒྱ་བོད་ཞི་གྲོས་སྐོར་ལྷ་རབ་བྱུང་ན་ལྷ་ས་རང་དང༌། དེ་ནས་ཆབ་མདོ། མཐའ་མ་པེ་ཅིང་དུ་ཡིན་ཡང༌། རང་ཡུལ་དུ་བཀའ་མོལ་གནང་ན་ཕྱོགས་གང་ས་ནས་དགེ་མཚན་ཆེ་བར་བརྟེན་ལྷ་སར་བཅར་གཏན་འཁེལ་ཡང། གྲོ་མོ་ནས་བཀའ་ཏར་ཕེབས་གསལ་དུ། རྒྱ་བོད་ཞི་གྲོས་པེ་ཅིང་དུ་གནང་རྒྱུ་གཏན་འཁེལ་སོང་བས་སྐུ་ཚབ་ཛ་དྲུང་གཉིས་དང་ང་ཕོད་སོགས་རྒྱ་ནག་དུ་འཕྲལ་ཐོན་དགོས་རྒྱུ་བཀའ་ཕེབས་ཤིང། གུས་ནས་རྒྱ་བོད་ཞི་གྲོས་ལྷ་ལྡན་དུ་གནང་ན་ཞུས་པ་དེ་གཟའ་མི་བུ་ཕྲུག་རྣམས་ལ་འཕྲད་འདོད་ཀྱི་རྣམ་པ་ཙམ་ལས་གཞུང་དོན་ཞབས་འདེགས་ཞུས་པའི་དགོངས་བཞེས་ཡོད་ཚོད་མི་འདུག་ན། ད་ཆ་ལག་སྣེ་སོགས་གང་ཡང་འཁྱེར་རྒྱུ་མེད་རུང་སང་ཉིན་རང་རྒྱ་ནག་ཏུ་ཐོན་རྒྱུ་ཡིན་ལུགས་སོགས་བློ་ཕམ་ངང་བརྗོད་གསལ་ལ་གཞིག་ཚེ་སྐབས་དེ་དུས་བོད་བསྟན་སྲིད་ཆེད་ང་ཕོད་ཀྱིས་སྐུ་ལས་གང་མང་ཞིག་བསྐྱོན་ཡོད་པ་གསལ་པོ་རེད། སྐབས་དེར་ང་ཕོད་འགྲིག་མི་འདུག་གསུང་མཁན་ཚོ་ནི་དེང་སྐབས་རང་དབང་ལུང་པར་སྐྱོན་བརྗོད་བྱས་པ་ཙམ་ལས། རང་ཉིད་ཀྱིས་སྐབས་དེ་དུས་ང་ཕོད་ཀྱི་གོ་གནས་དེ་བཟུང་ཡོད་ཚེ་ཐག་གཅོད་དེ་ལས་ལྷག་པ་ཞིག་གནང་ཐུབ་ཀྱི་རེད་ཅེས་སུས་ཀྱང་བརྗོད་མི་ཐུབ་པ་ཞིག་རེད། དེ་བཞིན་ང་ཕོད་ཀྱིས་སྲིད་བློན་ཀྲའོ་ཨེ་ལེན་ལ་བོད་རིགས་ས་ཁུལ་ཡོངས་རྫོགས་གཅིག་གྱུར་དགོས་པའི་རེ་འདུན་བཏོན་པ་སོགས་ནི་ཧ་ཅང་རླབས་ཆེན་གྱི་དགོངས་པ་བཞེས་གནང་ཡོད་པ་རེད། དེ་ཚོ་ནི་ང་ཕོད་ཀྱི་མི་ཚེའི་ནང་གི་རིན་ཐང་དང་རླབས་ཆེན་གྱི་བྱུང་རབས་སམ་ལེའུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
འོན་ཀྱང་ཕྱིས་སུ་མི་མང་པོ་ཞིག་གིས་རེ་བ་ཆེ་ཤོས་ནི། ང་ཕོད་ནི་རྒྱ་བོད་གཉིས་དབར་གྱི་ཆབ་སྲིད་མི་སྣ་གལ་ཆེན་ཞིག་ཡིན་པ་མ་ཟད། གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བའི་རྩོད་གཞི་དེའི་དཔང་པོ་ངོ་མ་དེ་ཡིན་པར་བརྟེན། ཁོང་སྐུ་མ་གྲོངས་སྔོན་ལ་བོད་ཕྱོགས་ལ་བདེན་དཔང་གི་ཡིག་ཆ་ཞིག་འཇོག་རྒྱུའི་རེ་བ་དངོས་ཤུགས་བརྒྱུད་གསུམ་ནས་བྱེད་མཁན་བྱུང་ཡོད་ཀྱང༌། ད་བར་དེ་འདྲའི་རིགས་གང་ཡང་མཐོང་རྒྱུ་མེད་པ་ནི་བློ་ཕམ་གྱི་རང་བཞིན་ཞིག་རེད་སྙམ། དེ་བཞིན་གནད་དོན་གཞན་ཞིག་ལ་ཕྱི་ལོ་༡༩༧༩ ལོར་བོད་གཞུང་སྐུ་ཚབ་རྒྱ་ནག་ལ་ཕེབས་མཁན་གྲས་ནས་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱི་<<མི་ཚེའི་བྱུང་བ་བརྗོད་པ་>>དེབ་འཕྲེང་གསུམ་པའི་ནང་༧གོང་ས་མཆོག་གིས་ང་ཕོད་ལ་གནང་བའི་བཀའ་ཡིག་ང་ཕོད་ཀྱི་ཕྱག་ཏུ་ཕུལ་སྐབས་བཀའ་ཡིག་ཁ་མ་ཕྱེས་པར་སྣང་མེད་ཅོག་ཙེའི་ཐོག་བཞག་སོང་བས་ཕྲན་གྱི་བསམ་པར་མི་དེའི་སེམས་གཏིང་ལ་དམར་པོའི་ལྟ་བ་ཟུག་པ་མིན་ནམ་སྙམ་པའི་བློ་དོགས་བྱུང་ཚུལ་འཁོད་ཡོད་པ་བཞིན། ཕྱིས་སུ་ང་ཕོད་རྒྱ་བོད་སུའི་ཕྱོགས་ན་ཡོད་མེད་བློ་དོགས་སྐྱེ་དགོས་པ་ཞིག་ཏན་ཏན་ཆགས་ཡོད། དེར་བརྟེན། ཉེ་ཆར་བཀའ་ཤག་གིས་ཁོང་སྐུ་གྲོངས་པར་མྱ་ངན་གུས་འདུད་དང་བཀའ་དྲིན་རྗེས་དྲན་བསྔགས་བརྗོད་ཡི་རངས་བྱེད་པ་སོགས་ནི་ཆབ་སྲིད་ཀྱི་དགོས་མཁོ་འདྲ་ཡིན་ན་མ་གཏོགས་དོན་དངོས་ཐོག་དེ་འདྲ་བྱེད་ཡུལ་ཞིག་ཡིན་པ་ཡང་ངས་མ་མཐོང༌། དེའི་རྒྱུ་མཚན་རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས་ང་ཕོད་ཀྱིས་རྒྱ་གཞུང་གི་དབང་ཆ་ཡོད་པའི་གོ་གནས་མང་པོ་བཟུང་ཡོད་ཀྱང་རྒྱ་གཞུང་གིས་བཀོད་མངགས་འོག་ཤར་བསྐྱོད་བྱས་པ་ལས་བོད་བསྟན་སྲིད་ཆེད་ཕྱག་ལས་ཆེ་ཕྲ་གང་ཡང་གནང་མེད་པ་དང༌། ད་དུང་རྒྱུ་མཚན་གཞན་པ་ཞིག་ལ་རིག་གནས་གསར་བརྗེའི་སྐབས་སོགས་སུ་ང་ཕོད་ནི་རྒྱ་གཞུང་གི་ཆབ་སྲིད་རྐུབ་སྟེགས་འཛིན་མྱོང་མཁན་གཞན་དང་མི་འདྲ་བར་ཨ་མས་བུ་ཕྲུག་བཞིན་གཅེས་སྐྱོང་འོག་མི་ཚེ་ཧྲིལ་པོ་བསྐྱལ་མཁན་ཞིག་ཡིན་པ། དེ་བཞིན་ཁོང་དང་དངོས་སུ་མཇལ་མྱོང་ཡོད་པའི་སྐུ་ཚབ་ཚོས་བྲིས་པའི་དཔེ་དེབ་དེ་དག་ནང་འཁོད་དོན་སོགས་ལ་གཞིག་ན་ང་ཕོད་ཀྱི་སྐུ་ཚེའི་ནང་ཡག་སྡུག་གི་ལེའུ་གཉིས་ཡོད་པ་ཤེས་ཐུབ་ངེས་ཤིག་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།