བཀའ་ཟུར་ང་ཕོད་ལས་འཕྲོས་པའི་གཏམ།

ཚེ་བརྟན་བཀྲ་ཤིས།       ས་རཱ།
མཐོང་ཐོས་ཀྱི་བག་ཆགས་ཟབ་ཅིང་རྟོག་དཔྱོད་ཀྱི་ཤེས་རབ་མྱུར་བའི་དུས་རབས་ཉེར་གཅིག་པའི་ན་གཞོན་ཚོས་བཙན་དབང་རིང་ལུགས་པས་ཁྲག་དྲི་བྲོ་བའི་དྲག་གནོན་དང་གཏོར་བཅོམ་བསྲེག་གསུམ་གྱི་ཛ་དྲག་གནས་སྟངས་འོག་གི་ཐག་གཅོད་ལ་བསམ་ཤེས་དང་སེམས་ཁུར་ཐུབ་ཀྱི་མེད་ན། ལོ་རབས་ལྔ་བཅུ་པའི་ནང་ལྷ་སའི་མི་མང་གིས་“ང་ཕོད་ངར་ནས་ཕྱིན་སོང༌། ཆབ་མདོ་བསྐྱལ་ནས་ལོག་བྱུང་”ཞེས་ཆབ་མདོ་ཤོར་མིན་དེ་མི་གཅིག་ལ་ཐུག་པ་ལྟ་བུའི་འདུ་ཤེས་འཛིན་ཚུལ་ལ་ཁག་ཅི་ཞིག་ཡོད་སྙམ། དོན་དངོས་ཐོག་ཆབ་མདོ་ནི་ང་ཕོད་ལས་ལྷག་པ་སྡེ་བ་གཞུང་གི་དཔོན་དམག་ཡོད་ཚད་ཀྱིས་བརྟན་སྲུང་བྱས་ཀྱང་ཤོར་རྒྱུ་ཡིན་པ་སྐབས་དེའི་ཕྱོགས་ཁག་གཉིས་ཀྱི་དམག་སྟོབས་ཆེ་ཆུང་ལས་རྟོགས་ཐུབ་ལ།

ང་ཕོད་ཆབ་མདོའི་མདོ་སྤྱིར་བསྐོ་བཞག་མ་གནང་གོང་ནས་ཆབ་མདོ་རྒྱ་དམག་གིས་བཙན་བཟུང་བྱ་རྒྱུ་ཡིན་པ་“གལ་སྲིད་རང་དམག་གིས་ཕྱི་ཟླ་༡༠ པའི་ནང་ཆབ་མདོ་ལེན་ཐུབ་པ་བྱུང་ན། བོད་ཀྱི་སྐུ་ཚབ་ཚོགས་པ་པེ་ཅིང་དུ་གྲོས་མོལ་གྱིས་ཞི་བའི་ཐག་གཅོད་ཡོང་རེ་ཞུ་བར་མངགས་སྲིད་པ་ཞིག་རེད།” ཅེས་ཕྱི་ལོ་༡༩༥༠ ཟླ་༨ ཚེས་༢༣ ཉིན་མའོ་ཙེ་ཏུང་གིས་བརྗོད་ཡོད། དེས་ན་སྐབས་དེ་དུས་ང་ཕོད་ལ་ཁག་མེད་པ་ང་ཚོས་ཤེས་དགོས་ལ། ཁོང་གིས་བོད་བཙན་པོའི་དཔའ་སྙིང་གི་བྲང་གཞུང་ཕྱི་རུ་ངོམ་ཏེ་བཙན་རྒོལ་རྒྱལ་སྐྱོབ་ཀྱི་འཐབ་རྩོད་བྱས་པ་ལས་སྡར་མ་ཝའི་བརྟུལ་ཞུགས་བཟུང་མེད་པ་ཡང་“མདོ་སྤྱི་ང་ཕོད་པས་མདའ་དཔོན་ཁག་སོ་སོར་ཕྱིར་འཐེན་ནེམ་ནུར་དུ་མ་སོང་བའི་དགྲ་འཐབ་མཐར་སྐྱེལ་དགོས་རྒྱུ་དང༌། མདོ་སྤྱི་ཞབས་པད་རང་ཉིད་ནས་ཀྱང་ཕྱིར་འཐེན་གོམས་པ་གང་ཡང་མི་རྒྱག་པ་མནའ་ཚིག་གིས་རྒྱས་བཅད་པའི་བཀའ་རྒྱ་གནང་ཞིང༌། རྒྱལ་ཁབ་ཏུའང་རྒྱག་འཐེན་ཕུགས་གསུམ་སྐོར་དགོངས་སྐོར་རླུང་འཕྲིན་འབུལ་གནང་བ་རེད་”ཅེས་(རང་གི་ལོ་རྒྱུས་ལྷད་མེད་རང་བྱུང་ཟངས་ཞེས་པ་ལས་དྲངས་)གསུངས་པ་ལས་ཁོང་གིས་རྒྱལ་གཅེས་ཀྱི་ལྷག་བསམ་དེ་ལྷང་ངེར་འབུད་མི་འདུག་གམ། དེ་ལས་ལྡོག་སྟེ་སྐབས་དེ་དུས་མི་རིགས་གཞན་གྱིས་གོ་ན་ངོ་ཚ་ཞིང། རང་རིགས་ཀྱིས་གོ་ན་ཁོང་ཁྲོའི་མེ་ལྕེ་འབར་ཡུལ་ནི་ང་ཕོད་མིན་པར་ཐུགས་སྤྲོར་རོལ་བཞིན་པའི་བཀའ་ཤག་ལྷན་རྒྱས་རེད། འོན་ཀྱང་དངོས་ཡོད་ལ་ངོས་འཛིན་བྱ་མི་ཐུབ་པར་གང་ཟག་ལ་ལྟོས་པའི་སྒྲོ་སྐུར་བྱེད་པ་ནི་མི་རིགས་དེའི་ཤ་གསེང་རུས་གསེང་དུ་འཐིམས་ཟིན་པའི་ནད་ཡམས་ཤིག་ཡིན་པས་གུ་བཤང་དང་བཟོད་བསྲན་མི་བྱ་ཀ་མེད་རེད། ད་བར་བཙན་བྱོལ་དུ་མི་ལོ་དྲུག་ཅུར་ཉེ་བའི་རིང་རྒྱ་ནག་སྲིད་གཞུང་དང་མཉམ་དུ་ཞི་མོལ་ཐེངས་མང་གནང་བ་དེ་དག་རྒྱ་ནག་སྲིད་གཞུང་དང་སྟབས་བསྟུན་འབའ་ཞིག་བྱེད་དགོས་བྱུང་ན། སྡིགས་རའི་འོག་ན་ཞི་བའི་བཅིངས་འགྲོལ་དང་དྲག་པོའི་བཅིངས་འགྲོལ་ཙམ་ལས་གདམ་ཁ་མེད་པའི་ང་ཕོད་སོགས་སྐབས་དེའི་བོད་མིའི་སྐུ་ཚབ་རྣམ་པས་རང་ཉིད་ཀྱི་ཐག་གཅོད་དེ་ལྟར་བྱས་པ་ལ་ཐུགས་ཁག་མི་འདུག་ལ། གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་འགོད་རྒྱུར་བོད་གཞུང་ལ་གྲོས་བསྡུར་བྱེད་དགོས་པ་མ་མཁྱེན་པ་མིན་རུང༌། དེའི་སྐབས་སྐུ་ཚབ་རྣམ་པ་བཟང་བཙོན་ལྟ་བུར་གནས་ཡོད་པ་ལས་གར་འགྲོ་འདིར་འདུག་གི་རང་དབང་མེད་ཀྱང་“གནད་དོན་ཁ་ཤས་ཏར་ཐོག་ནས་སྐད་ཆ་བཤད་དེ་འགྲེལ་བཤད་གསལ་པོ་རྒྱག་ཐབས་མེད་པའི་ཁར། འཕྲིན་གཏོང་འབྲེལ་བ་བྱེད་པའི་ཆ་རྐྱེན་ཡང་ཞན་སྟབས་བོད་ཀྱི་འཐུས་མི་ཚོགས་པས་གནད་དོན་ཚང་མ་སྐབས་འཕྲལ་བཀའ་ཤག་སྲིད་གཞུང་ལ་དགོངས་སྐོར་ཞུ་ཐབས་བྲལ་བའི་དམིགས་གསལ་གྱི་གནས་ཚུལ་དེ་འདྲའི་འོག་ལོ་རྒྱུས་ལ་འགན་ཁྱེར་བའི་ཀུན་སློང་གིས་དབང་ཆ་ཚང་མ་ཡོད་པའི་ཞི་མོལ་འཐུས་མིས་རང་ཉིད་ཀྱི་དབང་ཆ་མི་སྤྱོད་ཐབས་མེད་ཡིན་པས་གྲོས་མཐུན་གྱི་ཟུར་ཡིག་ཚུད་པའི་གནད་དོན་ལ་དགོས་ངེས་ཀྱི་ཐག་གཅོད་བྱས་པ་རེད་”ཅེས་འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་གསུངས་ཡོད། དེ་ལྟ་བས་ན་སྐུ་ཚབ་རྣམ་པས་རང་དབང་ཡོད་བཞིན་དུ་བོད་གཞུང་ལ་གྲོས་བསྡུར་མ་བྱས་པ་ཡིན་དང། ཡང་ན་གྲོས་བསྡུར་བྱེད་དབང་མ་བྱུང་བ་ཡིན་ཟུར་བལྟས་ལེབ་མཐོང་རེད། འོན་ཀྱང་བོད་སྤྱི་པའི་ལས་དབང་དེ་མི་སྒེར་བ་གཅིག་གཉིས་ཤིག་གི་བྱ་སྤྱོད་འགྲིག་མིན་ཙམ་ལ་ཁག་དཀྲི་བྱ་རྒྱུར་གོམས་རླབས་ཐེབས་པའི་མི་སྣ་འགས། སྐབས་དེ་དུས་ང་ཕོད་ལ་ཀྲུང་དབྱང་གིས་དངུལ་མང་པོ་སྤྲད་པ་དང་བོད་བཙོང་པ་རེད་ཅེས་པ་ལྟ་བུའི་གཏམ་འཆལ་དེ་དག་གིས་ཁོང་གིས་འབྱུང་འགྱུར་གྱི་མི་ཚེར་ཤུགས་རྐྱེན་ངེས་ཅན་ཞིག་བཟོས་ཡོད།
གལ་ཏེ་ཁོང་གིས་དངུལ་མང་པོ་ཟོས་པ་དང་བོད་བཙོང་འདོད་ཡོད་ན་སྐབས་དེ་དུས་མི་འདོད་བཙན་གནོན་གྱི་ཡིག་ཆར་གཞུང་དམ་མཉམ་ཁྱེར་ཡོད་ཀྱང་མ་ཕབ་པར་ཁྱེར་མེད་ལུགས་བརྗོད་དགོས་དོན་མེད། གཞན་ཡང་ཁོང་གིས་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་སར་“ཀྲུང་དབྱང་གིས་ང་ཚོ་བསླུས་པ་རེད་ཟེར་གྱི་ཡོད། ཡང་སྙིང་ཀྲུང་དབྱང་གིས་ང་ཚོར་ག་རེ་གནང་ཡོད་ཟེར་ན་ང་རང་ལ་མའོ་ཀྲུའུ་ཞིའི་སྐུ་པར་ཞིག་དང༌། གོས་ཆེན་སེར་པོ་ལྟེབས་དྲིལ་གཅིག ཇ་སྤ་ཏི་སྒམ་གང་བཅས་གནང་བྱུང༌། དཔོན་རིགས་གཞན་ལ་གནང་རྒྱུ་ནི་ང་ལས་ཉུང་བ་ཡོད། དངོས་རྫས་དེ་དག་གིས་ང་ང་ཕོད་བསླུ་ཐུབ་ཀྱི་རེད་དམ། དེའི་ཐད་ཁྱེད་རྣམ་པས་བསམ་བློ་གཏོང་རོགས་གནོང་”ཞེས་གསུངས་ཡོད་པ་མ་ཟད། སྐབས་དེའི་སྐུ་ཚབ་ཏུ་གཏོགས་པ་ཁེ་སྨད་བསོད་ནམས་དབང་འདུས་ལགས་ཀྱིས་ཀྱང་“ངེད་ཚོ་རྒྱ་ནག་ཏུ་འབྱོར་ནས་ཉིན་ཤས་སོང་མཚམས་ངོ་ལས་སོ་སོར་རྒྱ་ནག་གི་ཐེར་མིའི་གྱོན་པ་རེ་བཟོས་ཏེ་སྤྲད་བྱུང་བ་དང༌། ཐོན་ཁར་མའོ་ཀྲུའུ་ཞིའི་འདྲ་པར་རེ། ཇ་དང་བྱེ་ཀར་ཡོད་པའི་ཤིང་སྒམ་ཆུང་ངུ་རེ། གཡོག་པོ་སོ་སོར་མའོ་ཡི་པར་ཆུང་རེ། རས་ས་མདོག་གི་གྱོན་པ་རེ་བཟོས་ནས་སྤྲད་བྱུང་བ་མ་གཏོགས། དེ་ལས་ལྷག་པ་དངོས་ཤུགས་བརྒྱུད་གསུམ་དུ་རྒྱུ་དངོས་སོགས་སྐར་ལི་ཙམ་སྤྲད་བླངས་བྱས་རིགས་མེད་ངེས་བསྟན་སྲུང་དམར་ནག་དཔང་བཙུགས་ཡིན་”ཞེས་གསུངས་པའི་བདེན་དཔང་འདི་དག་གིས་དངུལ་གྱིས་བསླུས་མིན་དང་བོད་བཙོང་མིན་གྱི་དོགས་ངན་རིགས་རང་ཞིར་འགྱུར་ངེས་པ་ཞིག་རེད།
ལྷག་པར་དུ་ང་ཕོད་ཀྱིས་རྒྱ་ནག་གི་མི་རིགས་ས་ཁོངས་རང་སྐྱོང་གི་སྲིད་ཇུས་འོག་བོད་ཆོལ་ཁ་གསུམ་ཡོངས་རྫོགས་གཅིག་སྒྲིལ་བྱེད་རྒྱུའི་བསམ་འཆར་ཞིག་རྒྱ་ནག་སྲིད་བློན་ཀྲའོ་ཨེན་ལེན་ལ་སྐབས་དེ་དུས་ཕུལ་བ་ལས་ང་ཚོས་ཁོང་གི་མི་རིགས་ཀྱི་ལ་ཞེན་དང༌། ཕུགས་རྒྱང་རིང་པོའི་བོད་མིའི་ཁེ་ཕན་ལ་གཟིགས་ཐུབ་པའི་མཁས་མཛངས་འདི་དག་དང༌། པན་ཆེན་སྐུ་གོང་མ་དང་མཉམ་དུ་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་སླད་མ་དངུལ་རྩ་འཛུགས་སོགས་ལ་འབད་བརྩོན་གནང་བ་འདི་དག་མ་མཐོང་མ་ཐོས་ཁུལ་གྱིས་རི་བོང་རྡོར་བརྫུས་ཀྱི་བརྟུལ་ཞུགས་བཟུང་ནས་རྒྱལ་ཚོང་བ་སོགས་ཀྱི་ངན་སྨྲས་བྱེད་པ་ནི། དོན་དུ་རང་ཉིད་ལ་བདེན་རྫུན་འབྱེད་པའི་བསམ་བློའི་ནུས་པ་མ་སྨིན་པའི་རང་མདོག་བསྟན་པ་ཞིག་ལས། རྒྱུ་འབྲས་བློ་མིག་ཐོགས་པ་ཞིག་གིས་ཁོང་ནམ་ཡང་རྒྱལ་ཚོང་བ་ཞིག་ཏུ་ངོས་འཛིན་བྱ་མི་སྲིད་པ་ཞིག་རེད། གལ་ཏེ་ཁོང་གིས་སྔ་ཕྱི་བར་གསུམ་དུ་བདེན་དོན་ལ་འགན་ཁུར་བའི་བྱ་སྤྱོད་ལ་ངན་སྨྲས་བྱེད་ན། རྒྱ་ནག་དམར་པོའི་རེ་འདོད་འགྲུབ་པར་བར་རྒྱུགས་དང་སྣེ་འཁྲིད་བྱེད་མཁན་གྱི་རྒྱལ་གཅེས་པར་འབོད་པ་དེ་དག་ལ་རྒྱལ་ཚོང་བའི་ཆོ་ལོ་འདི་ཤིན་ཏུ་འོས་ཤིང་འཚམས་པ་ཞིག་མ་རེད་དམ། འོན་ཀྱང་རྒྱུ་འབྲས་གོ་ཟློག་གིས་དོན་དངོས་རྒྱལ་ཚོང་བ་དེ་ཚོའི་འདུན་སར་ངོ་དགའི་སྤྲེལ་ལད་འཁྲབ་ཅིང༌། རྒྱལ་གཅེས་པ་སོགས་ཀྱི་གཟེངས་བསྟོད་འཇའ་ས་བཙན་ཚུགས་ཀྱིས་ཕུལ་བ་ནི་དགོས་སར་ཆད། མི་དགོས་སར་ལྷག་ཅེས་པའི་དོན་དུ་མི་འགྱུར་རམ། དམར་གཞུང་གིས་མི་བདེན་རྫུན་སྒྲིག་དང་བདེན་པ་རྫུན་སྒྱུར་གྱི་བྱ་ཐབས་ལག་བསྟར་དང། ཁྲིམས་འགལ་གྱིས་བོད་ནང་བཙན་འཛུལ་བྱས་པ་ནས་ཁོ་པ་ཚང་གིས་ནུས་ཤུགས་འདོན་གཞི་གཙོ་བོ་ཞིག་སྟེ་དབང་བསྒྱུར་སྲ་བརྟན་དང་རྒྱལ་སྤྱིའི་ཐོག་གི་རྒྱ་ནག་གི་ཆེ་མཐོང་དང་འབྲེལ་བ་དམ་ཟབ་ཡོད་པས་སོ།།
གནས་སྟངས་འདི་ལྟ་བུའི་འོག་རྒྱ་གཞུང་གི་རྒྱུགས་ཁྱི་དང་རྒྱལ་ཚོང་བ་དག་གི་ལས་བྱ་ནི་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་ཁོ་ན་ལས་བདེན་དོན་གྱི་སྐད་ཆ་བཤད་རྒྱུ་ནི་སྲིད་མཐའ་ཙམ་དུ་ཟད། འོན་ཀྱང་ང་ཕོད་ཁོང་གིས་རྒྱ་གཞུང་གིས་བདེན་དོན་ནག་བསུབ་ཀྱིས་འཁྱོག་བརྗོད་ལ་འཛེམས་ཟོན་མེད་པར་དོན་དངོས་གསལ་བཤད་གནང་ཡོད་པ་དཔེར་ན། ཕྱི་ལོ་༡༩༨༩ ལོར་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ངོས་འཛིན་གསེར་ཁྲི་མངའ་གསོལ་རྒྱ་ནག་དབུས་གཞུང་གིས་ངོས་བཞེས་བཀའ་འཁྲོལ་ལྟར་གནང་བ་ཡིན་ཚུལ་གྱིས་འཁྱོག་བཤད་ལ་ཁོང་གིས་བྱུང་རབས་ཀྱི་རྒྱབ་ལྗོངས་དང་བཅས་ཏེ་དངོས་བདེན་མིན་པའི་གསལ་བཤད་གནང་བ་ལྟ་བུ་རེད། བདེན་པའི་མདུན་སར་རང་ཁེ་བློས་གཏོང་ཕོད་པའི་དཔའ་སྙིང་བློ་ཁོག་འདི་དག་གིས་ཁོང་གི་རང་ཉིད་རྒྱལ་ཞེན་པར་ཁས་མི་འཆེ་ཡང་དོན་གྱིས་ར་སྤྲོད་བྱས་ཡོད། མདོར་ན་བཀའ་ཟུར་ཁོང་གི་དཀའ་ཚེགས་ཆེ་བའི་གནས་སྟངས་གང་དུའང་མི་རིགས་ཀྱི་འགན་འཁྲིར་མི་གཡོལ་བའི་མཛད་སྤྱོད་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ངོས་འཛིན་ཡང་དག་ཐུབ་པའི་སྒོ་ནས་རྗེས་དྲན་དང་འབྲེལ་མྱ་ངན་གུས་འདུད་ཞུས་ཡོད་པ་ནི་བསྔགས་པར་འོས་པ་ཞིག་རེད་ལ། ཕྲན་གྱིས་ཀྱང་དགའ་མིན་དགའ་མདོག་དང་རྫུན་པ་བདེན་སྒྲིག་ལྟ་བུ་མིན་པར་དངོས་ཐོག་བདེན་འཚོལ་གྱི་ལོ་རྒྱུས་ལ་དབྱེ་ཞིབ་ཀྱིས་ང་ཕོད་རྒྱལ་ཞེན་པ་དང་རྒྱལ་ཚོང་བ་ཡིན་མིན་གྱི་བཤད་ཡམས་ཁྲོད་འདི་ལྟར་བདེན་དོན་ལ་འགན་ཁུར་བའི་སྐད་ཆ་འདི་མི་བཤད་ཐབས་མེད་བྱུང།།

Leave a Reply

Your email address will not be published. Required fields are marked *