ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་མ་སོང་བ་ཞིག་དགོས།
སྔ་འགྱུར་གྱི་ཆོས་སྡེ་ཆེན་པོ་རྣམ་གྲོལ་གླིང་གི་མཁན་ཆེན་པདྨ་ཤེས་རབ་ལགས་སུ་ནང་ཆོས་སློབ་སྦྱོང་སྐོར་ལ་བཅར་འདྲི།
དྲི་བ། ད་ལྟའི་དུས་འདིར་སྤྱི་ཚོགས་སྤྱི་ཡོངས་ཁྲ་ཁྲ་ཟིང་ཟིང་དུ་གྱུར་ཡོད་སྟབས་མཁན་རིན་པོ་ཆེ་མཆོག་གིས་གཙོ་ཆེ་ཤོས་མི་སྐྱ་ཕོ་མོ་ཞིག་ལ་མཚོན་ན་དུས་རྒྱུན་ལག་ལེན་འདེབས་ཐུབ་པ་དང་འདེབས་དགོས་པའི་ནང་ཆོས་ཀྱི་གནད་དོན་གལ་ཆེ་བ་གང་དང་གང་ཡིན་མིན་ངོ་སྤྲོད་གནང་རོགས།
ལན། མི་སྐྱ་དང་སྤྱིར་བཏང་མིའི་ཆ་ནས་བསམ་བློ་བཏང་བ་ཡིན་ན། གཡེང་འགྲོ་ས་མང་པོ་ཡོད་པ་རེད།
ཡིན་ནའང་ང་ཚོས་འཐུས་ཤོར་ཕྱིན་པ་དེ། ང་ལ་མཚོན་ན་ཆོས་པ་ཟེར་དགོས་པ་རེད་དམ། ནང་ཆོས་དང་འབྲེལ་བ་ཡོད་པའི་ཆ་ནས་བསམ་བློ་བཏང་ཡོང་དུས་གལ་ཆེ་ས་ཞིག་ལ་བསམ་བློ་གཏོང་ཐུབ་ཀྱི་ཡོད་པ་མ་རེད་བསམ་གྱི་ཡོད། གང་རེད་ཟེར་ན། ཆོས་ཕྱོགས་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཟེར་གྱི་ཡོད་པ་རེད། ཡིན་ནའང་ང་ཚོ་འདོད་ཁམས་པ་ལ་ཟག་བཅས་ཀྱི་བདེ་བ་ཕྲན་བུ་ཞིག་ཡོད་པ་རེད། དེ་ལ་གཡེང་ནས་ང་ཚོས་མ་འོངས་པར་བསམ་བློ་གཏོང་ཐུབ་ཀྱི་ཡོད་པ་མ་རེད། ཀུན་ལ་ངེས་པ་འཆི་བ་སྟེ།། ཞེས་གསུངས་པ་བཞིན་འཆི་བ་མི་རྟག་པ་བསམ་དགོས་ཀྱི་ཡོད་པ་རེད། འཆི་བའི་སྡུག་བསྔལ་དེ་དགྲ་བཅོམ་པའི་གོ་འཕང་ལྟ་བུ་ཐོབ་ཡོད་ན་མ་གཏོགས། ཚང་མས་མྱངས་དགོས་པས། ལམ་གཅིག་མ་གཏོགས་གཉིས་ཡོད་པ་མ་རེད། དེའི་ཐོག་ལ་བསམ་བློ་གཏོང་ཐུབ་ཀྱི་ཡོད་པ་མ་རེད། མི་ཞིག་ཡིན་ཕྱིན་ཆད་སྐྱེས་ནས་འཆི་རྒྱུ་ཡིན་པ་དེ། ཆོས་ཤེས་རུང་མ་ཤེས་རུང༌། ཆོས་ཁས་བླངས་ཀྱང་མ་བླངས་ཀྱང་འཆི་རྒྱུ་ཡོད་པ་བརྒྱ་ཆ་བརྒྱ་ངེས་པ་རེད། དེ་དུས་འཆི་བའི་སྡུག་བསྔལ་དེ་རང་གིས་མྱོང་དགོས་པ་ལས་མྱོང་མཁན་གཞན་ཡོད་པ་མ་རེད། དེར་བསམ་བློ་གཏོང་དགོས་པ་དེ་ཞེ་དྲག་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད། ཡང་བསྐྱར་སྐྱེ་བ་ལེན་པའི་སྐབས་སུ་ངན་སོང་གསུམ་དུ་སྐྱེ་བ་བླངས་ན་སྡུག་བསྔལ་ཚད་མེད་པ་ཞིག་ཡོད་བསྡད་པ་རེད། དེ་ཚོ་ལ་བསམ་བློ་བཏང་ནས་རབ་བྱུང་བ་ཡིན་ན། ཡང་བསྐྱར་འཁོར་བའི་སྡུག་བསྔལ་མྱོང་མི་དགོས་པ་ཞིག་དང༌། དེ་ལྟར་མ་བྱུང་ཡང་ངན་སོང་གསུམ་དུ་སྐྱེ་མི་དགོས་པ་ཞིག་བྱེད་དགོས་པ་དེ་ང་ཚོའི་ལས་འགན་ཆེ་ཤོས་དེ་རེད་བསམ་གྱི་འདུག དེ་གཅིག་རེད། དེའི་ཐོག་ལ་ག་རེ་བྱེད་དགོས་པ་རེད་ཅེ་ན། འཆི་ལ་ངེས་པའི་གང་ཟག་ཅིག་ལ་མཚོན་ན་ལག་ལེན་བསྟར་དགོས་པ་དེ་དགེ་བ་བཅུ་བསྒྲུབས། མི་དགེ་བཅུ་སྤོང་དགོས་པ་དེ་རེད། དེའི་ཐོག་ལས་དགེ་བ་བཅུ་ལ་བརྟེན་ནས་འབྲས་བུ་བདེ་བ་ཡོང་རྒྱུ་ཡིན་པ་དང༌། ལས་མི་དགེ་བ་ལ་བརྟེན་ནས་འབྲས་བུ་སྡུག་བསྔལ་མྱོང་དགོས་པ་དེ་ཤེས་པའི་ཐོག་ནས་མི་ཚེ་གཅིག་གི་མདུན་ལམ་དེ་འཚོལ་དགོས་པ་རེད་བསམ་གྱི་འདུག
ད་ལྟའི་དུས་འདིར་དགེ་བ་བྱེད་མཁན་ཁ་ཤས་ཡོད་འགྲོ། ཕལ་ཆེ་བ་ནི་དགེ་བ་བཅུ་དང་མི་དགེ་བ་བཅུ་ལ་བསམ་བློ་གཏོང་མཁན་དཀོན་པོ་ཡིན་པ་དང༌། གཡེང་མ་ལམ་ལ་དལ་འབྱོར་མི་ཚེ་ཟད།། ཅེས་གསུངས་པ་བཞིན་འདོད་ཡོན་གྱི་བདེ་བ་གཡེང་མ་ལམ་ནས་མི་ཚེ་སྟོང་ཟད་དུ་འགྲོ་བཞིན་པ་ཕོན་ཆེན་པོ་རེད། དེ་འདྲ་ཡིན་དུས་བྱེད་ལུགས་བྱེད་སྟངས་དེ་མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་པ་བཞིན། འཇིག་རྟེན་པའི་ཡང་དག་པའི་ལྟ་བ། ཆེན་པོ་སུ་ལ་ཡོད་གྱུར་པ།། དེ་ནི་བསྐལ་བ་སྟོང་དུ་ཡང༌།། ངན་འགྲོར་འགྲོ་བ་མ་ཡིན་ནོ།། ཞེས་པ་ལྟར་ཡང་དག་པའི་ལྟ་བ་དེ་ལས་འབྲས་ཡོད་པར་ལྟ་བའི་ལྟ་བ་དེ་རེད། དེ་ལ་དོ་སྣང་བྱེད་དགོས་པ་དེ་གལ་ཆེ་ཤོས་གཅིག་ཆགས་ཡོད་པ་རེད། སྤྱི་འཁོར་བའི་སྡུག་བསྔལ། བྱེ་བྲག་མིའི་སྡུག་བསྔལ་ཕྲ་རགས་མ་ལུས་པ་ཐམས་ཅད་གང་ནས་བྱུང་བ་རེད་ཅེ་ན། ལས་ལ་བརྟེན་ནས་གྲུབ་བསྡད་པ་ཞིག་མ་གཏོགས། གཞན་ཕྱི་དངོས་པོ་ལ་བརྟེན་ནས་སྡུག་བསྔལ་དེ་སེལ་མི་ཐུབ་པ་ཞིག་དང༌། སེལ་རྒྱུ་མེད་པ་ཞིག་ཡིན་པ་རེད། དེ་ཡིན་པའི་རྒྱུ་མཚན་ནི་འཁོར་བའི་སྡུག་བསྔལ་ཡིན་ནའང་རེད། འཁོར་བའི་བདེ་བ་ཡིན་ནའང་རེད། ཕུགས་གཏུགས་པ་ཡིན་ན་རང་གི་སེམས་ལ་ཐུག་བསྡད་པ་ཞིག་ཡིན་དུས་རང་གི་སེམས་ལ་བཅོས་བསྒྱུར་བཏང༌། སྡུག་བསྔལ་འབྱུང་བའི་རྒྱུ་དེ་འགོག་དགོས་པ་དང༌། བདེ་བ་འབྱུང་བའི་རྒྱུ་དེ་བསྒྲུབ་དགོས་པ་རེད། མདོར་བསྡུས་ནས་བཤད་ན། ལས་འབྲས་ཡོད་པར་བལྟ་བའི་ལྟ་བ་ཞེས་པ་དེ་ཚིག་ཉུང་ཉུང་རེད། དོན་དག་ལག་ལེན་བསྟར་བའི་སྐབས་ལ་རྙོག་གྲ་ཚ་པོ་དང་དཀའ་ལས་ཁག་པོ་ཡོད་པ་རེད། དེའི་ཐོག་ལ་བསམ་བློ་གཏོང་རྒྱུ་བྱུང་ན། མི་ལུས་ཐོབ་པའི་དོན་དེ་རེ་བ་རྒྱག་ས་ཡོད་པ་ཞིག་ཆགས་ཀྱི་རེད་བསམ་གྱི་ཡོད།
དྲི་བ། གང་ཟག་ཅིག་གིས་ཆེད་དུ་སྤང་དགོས་བསམ་པའི་བསམ་བློ་ཞིག་གི་ཐོག་ནས་མ་ཡིན་ཡང་དུས་རྒྱུན་འཚོ་བ་སྤྱོད་སྟངས་ཀྱི་ཐོག་ནས་མི་དགེ་བ་བཅུའི་ནང་ནས་གང་ཡང་རུང་བ་ཞིག་རང་བཞིན་གྱིས་མ་བྱས་པ་དང༌། ཡང་གང་ཟག་ཅིག་གིས་ཆེད་དུ་མི་དགེ་བ་བཅུ་སྤོང་དགོས་བསམ་པའི་ཐོག་ནས་སྤངས་པ་གཉིས་ལ་ཆོས་ཕྱོགས་ནས་ཁྱད་པར་ག་རེ་ཡོད་དམ།
ལན། ཆེད་དུ་མི་དགེ་བ་བཅུ་སྤངས་ནས་དགེ་བ་བཅུ་བསྒྲུབས་པ་ཡིན་ན་དེ་ལ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཟེར་བ་རེད། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ནི་མཐོ་རིས་མིའི་ལུས་རྟེན་ཐོབ་པའི་རྒྱུ་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད་པ་རེད། དེ་ཡང༌། ཁྲིམས་ནི་རྒྱུ་དང་མི་རྒྱུ་ས་བཞིན་དུ།། ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས།། དེ་བཞིན་དབུ་མ་འཇུག་པ་ལས། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མིན།། ཅེས་གསུངས་པ་བཞིན་མངོན་མཐོ་ནི། ངན་སོང་གསུམ་ལས་མངོན་པར་མཐོ་བའི་ལྷ་དང་མིའི་ལུས་རྟེན་དེ་འཐོབ་པའི་རྒྱུ་ནི་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཡིན་ཞེས་གསུངས་ཡོད་པ་རེད། དེའི་སྡོམ་པ་བླངས་པ་ཡིན་ན་ནུས་པ་ཁྱད་པར་བ་ཞིག་དང༌། བྱེད་ལས་ཁྱད་པར་ཅན་ཞིག་ཡོད་པ་རེད། དཔེར་ན་གླང་ཆེན་ལྟ་བུ་མཐོང་རྒྱུ་ཡོད་ཀྱང༌། གངས་སེང་ལྟ་བུ་ཡིན་ན་མཐོང་རྒྱུ་ཡོད་པ་མ་རེད། དེར་བརྟེན་སེང་གེ་གསོད་རྒྱུ་དེ་ཞེ་དྲག་དཀའ་ལས་ཁག་པོ་རེད། ཡིན་ནའང་སེང་གེ་གསོད་ཀྱི་མིན་ཞེས་བཤེས་གཉེན་གྱི་དྲུང་དུ་དམ་བཅའ་ཞིག་བཞག་པ་ཡིན་ན་སེང་གེ་གསོད་པའི་སྲོག་གཅོད་སྤངས་པའི་སྡོམ་པ་དགེ་བ་དེ་ཐོབ་ཀྱི་ཡོད་པ་རེད། ཁས་ལེན་མ་བྱས་ན་མི་གསོད་བསམ་པ་ཙམ་ནི་གསོད་རྒྱུ་མེད་པ་ཡིན་ཙང་ལུང་མ་བསྟན་རེད་མ་གཏོགས་དགེ་བ་ཐོབ་ཀྱི་ཡོད་པ་མ་རེད། ལུང་མ་བསྟན་ནི་ས་བོན་རུལ་བ་བཞིན་དུ་འབྲས་བུ་མི་སྐྱེ་བར་ཤེས་པར་བྱའོ་ཞེས་གསུངས་པ་རེད། དེ་བཞིན་དུ་མི་དགེ་བ་བཅུ་ཚང་མ་སྤངས་པའི་དགེ་བཅུའི་ཚུལ་ཁྲིམས་ཞེས་པ་དེ་ད་ལྟ་བཤད་པ་བཞིན་མཐོ་རིས་ཐོབ་པའི་རྒྱུ་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད་པ་རེད། ལུང་མ་བསྟན་པ་ཞེས་པ་དེ་གང་དུ་འགྲོ་མིན་ཏན་ཏན་ཞིག་མེད་པ་རེད། མི་གསོད་མི་ནུས་པ་ཞིག་དང༌། གསོད་རྒྱུའི་ཆ་རྐྱེན་མེད་པ་ཞིག་གིས་མི་གསོད་ཀྱི་མ་རེད་དེ། ཁོས་མི་མི་གསོད་པའི་དམ་བཅའ་བཞག་ཡོད་པ་མ་རེད། དེར་བརྟེན་ལུང་མ་བསྟན་ཆགས་སོང་བ་ཡིན་ཙང་ཞེ་དྲག་ནུས་པ་མེད་ཟེར་གྱི་ཡོད་པ་རེད།
དྲི་བ། ནང་པ་སངས་རྒྱས་པའི་རྗེས་འཇུག་ཅིག་ལ་མཚོན་ན་ལམ་དུ་ཐོག་མར་འགྲོ་བའི་སྒོ་ལྟ་བུ་དེ་སྐྱབས་འགྲོ་ཆགས་ཀྱི་ཡོད་པ་རེད། མི་མང་ཕལ་བ་ཞིག་གི་ངོས་ནས་སྐྱབས་སུ་འགྲོ་བའི་སྐབས་ཀུན་སློང་ག་འདྲ་ཞིག་གི་ཐོག་ནས་འགྲོ་དགོས་པ་རེད།
ལན། ལག་ལེན་དུ་འདེབས་པར་བྱེད་པ་ལ་ཐེག་པ་ཆེ་ཆུང་གང་ནས་བཤད་ཀྱང་ནང་པའི་ཆོས་ཀྱི་སྟ་གོན་དང་འབྲེལ་བའི་ཐོག་ནས་འཁོར་བའི་སྣོད་བཅུད་འདི་དག་ཐམས་ཅད་མི་རྟག་པ་དང༌། སྡུག་བསྔལ་བ། སྟོང་པ་དང༌། བདག་མེད་པ། འགྲོ་བ་རིགས་དྲུག་གང་དུ་སྐྱེ་བ་བླངས་ཀྱང་མཐའ་བརྟན་པོ་མེད་པ་ཞིག སྡུག་བསྔལ་དང་འབྲལ་མི་ཐུབ་པ་ཞིག སྡུག་བསྔལ་གྱི་ར་བའི་ནང་དུ་ཚུད་བསྡད་པ་ཞིག་བསམ་བློར་འཁོར་ཡོང་དུས་དེ་ལས་ཐར་བའི་ཐབས་ཞིག་འཚོལ་དགོས་པ་རེད། ཐབས་དེ་འཚོལ་བ་ལ་སུས་ཕན་གྱི་རེད་ཅེ་ན། རང་འཁོར་བ་རུ་གནས་བསྡད་པ་ཞིག་གིས་ཕན་གྱི་ཡོད་པ་མ་རེད། འཁོར་བ་ལས་གྲོལ་བའི་འཕགས་པ་དགྲ་བཅོམ་པའམ། སར་གནས་པའི་བྱང་ཆུབ་སེམས་དཔའ། སངས་རྒྱས་ལྟ་བུ་རང་ཉིད་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་གཏན་དུ་བྲལ་ཟིན་པ་ཞིག་གི་རྗེས་སུ་འཇུག་ནས། དེའི་བསླབ་པ་ལྟ་བུ་ཉམས་སུ་བླངས་པ་ཡིན་ན། འབྲས་བུ་འཐོབ་རྒྱུ་ཡོད་པ་ངེས་དགོས་པ་རེད་བསམ་གྱི་ཡོད།
འཕྲོས་འདོན་ཐེངས་རྗེས་མར་གཟིགས།
ག་རེ་བྱས་ནས་ལབ་ན། སྟོན་པ་བཅོམ་ལྡན་འདས་ཀྱིས། ངས་ནི་ཁྱོད་ལ་ཐར་བའི་ལམ་བསྟན་གྱི།། ཐར་པ་རང་ལ་རག་ལས་ཤེས་པར་གྱིས།། ཞེས་གསུངས་པ་རེད། སྟོན་པ་བཅོམ་ལྡན་འདས་ཀྱིས་ཡུལ་གྱི་རྒྱལ་པོས་བློན་པོའི་གོ་སར་བསྐྱལ་བཞག་པ་ལྟ་བུ་ཐར་པའི་གོ་སར་བསྐྱལ་བཞག་པ་དེ་འདྲ་མ་རེད། ག་རེ་རེད་ཟེར་ན། སངས་རྒྱས་ཀྱིས་ཆོས་གསུངས་ནས་ལམ་ཞིག་བསྟན་པ་རེད། ལམ་དེ་ལ་བསྐྱོད་ནས་འགྲོ་དགོས་པ་ཡིན་དུས། ལམ་སྟོན་པ་པོ་སངས་རྒྱས་དཀོན་མཆོག་དང༌། དེའི་སྟོན་པའི་ལམ་དེ་དམ་པའི་ཆོས་དཀོན་མཆོག། ཆོས་དཀོན་མཆོག་ལ་མཚོན་ན་འགོག་བདེན་ལམ་བདེན་སོགས་ཞིབ་ཕྲ་བཤད་ན་མང་པོ་ཡོད་པ་རེད་དེ། གང་ལྟར་སངས་རྒྱས་ཐོབ་པའི་ལམ་དེ་ཆོས་དཀོན་མཆོག་རེད། དེ་ཉམས་སུ་ལེན་པའི་རྒྱུས་ཡོད་པ་བླ་མ་བརྒྱུད་པའི་རིམ་པ་དེ་ལ་དགེ་འདུན་དཀོན་མཆོག་ཟེར་བ་རེད། དེ་གསུམ་ལ་དུས་ནམ་ཡང་རེ་ལྟོས་བྱས་ནས་སྐྱབས་སུ་སོང་བ་ཡིན་ན། ནམ་ཡང་བསླུ་བ་མེད་པ། དེས་གསུངས་པ་ལྟར་བྱེད་ཐུབ་པ་ཡིན་ན། སྐྱོབ་པ་རང་ཉིད་ལམ་དེ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་བརྙེས་པ་ཡིན་པས་ལམ་དེ་ནོར་བ་མེད་པ་ཞིག་དང༌། ལམ་དེ་སེམས་ཅན་ལ་བསྟན་པ་ཡིན་པས་དེ་ལ་སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན་དེ་འདྲ་ཞིག་ཡིན་པ་རེད། སྐྱབས་སུ་འགྲོ་བའི་ཡུལ་ལའང་ཁྱད་པར་མང་པོ་ཡོད་རེད། འཇིག་རྟེན་པའི་སྐྱབས་སུ་འགྲོ་བའི་ཡུལ་དང་སྐྱབས་སུ་འགྲོ་སྟངས། འཇིག་རྟེན་ལས་འདས་པའི་སྐྱབས་སུ་འགྲོ་བའི་ཡུལ་དང་སྐྱབས་སུ་འགྲོ་སྟངས་ལ་ཁྱད་པར་ཡོད་རེད། ཕྱི་རོལ་མུ་སྟེགས་པ་དེ་ཚོ་ལའང་སྤྱིར་བཏང་སྐྱབས་འགྲོ་ཡོད་པ་རེད་དམ་ཞེ་ན་ཡོད་རེད། ཁོ་རང་ཚོར་འཇིག་རྟེན་གྱི་ལྷ་མཐུ་བོ་ཆེ་དང༌། ཀླུ་མཐུ་བོ་ཆེ། རི་དང་ནགས་ཚལ་ཤིང་དང་བཅས་པར་སྐྱབས་སུ་འགྲོ་རྒྱུ་དེ་འདྲ་ཞིག་ཡོད་པ་རེད་དེ། དེ་དག་གིས་གནས་སྐབས་ཕན་ཐོགས་ཕྲན་བུ་རེ་ཡོང་གི་ཡོད་ཀྱང་མཐར་ཐུག་འཁོར་བའི་སྡུག་བསྔལ་ལས་སྐྱབས་མི་ནུས་པ་རེད། ད་དུང་འཇིག་རྟེན་པའི་དྲེགས་པ་ལ་སྐྱབས་སུ་སོང་ན་འཁོར་བའི་སྡུག་བསྔལ་ལས་སྐྱོབ་མི་ཐུབ་པ་ཤེས་དགོས་པ་རེད། དེ་ཤེས་པའི་ཐོག་ནས་སྐྱབས་བསླུ་བ་མེད་པ། སངས་རྒྱས་ཆོས་དང་དགེ་འདུན་ནི།། ཐར་པ་འདོད་པ་རྣམས་ཀྱི་སྐྱབས།། ཞེས་གསུངས་པ་ལྟར་རེད། དེ་ལ་སྐྱབས་སུ་འགྲོ་བའི་སྐབས་སུ་ཐེག་པ་ཆེན་པོའི་སྐབས་སུ་འདི་འདྲ་བ་ཡོད་པ་རེད་དེ། གང་ལྟར་རང་ཉིད་མ་འོངས་པར་སྡུག་བསྔལ་ལས་སྐྱོབ་པའི་ནུས་པ་དེ་དཀོན་མཆོག་གསུམ་ལ་ཡོད་པ་ཡིན་སྟབས། ནང་པ་སངས་རྒྱས་པའི་རྗེས་སུ་འཇུག་པར་ཐོག་མ་སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན་དེ་ཡིན་པ་རེད།
དྲི་བ། དེང་དུས་རྒྱ་ནག་གི་ས་ཁུལ་ཁག་ཅིག་དང་ཨེ་ཤ་ཡའི་ནང་ནས་ནང་པའི་རྒྱལ་ཁབ་ཁག་ཅིག་ནང་མི་རེ་ཟུང་གིས་སྤྱིར་ནང་པའི་སྐྱབས་སུ་འགྲོ་ཡུལ་ལ་སངས་རྒྱས་ཆོས་དང་དགེ་འདུན་བཅས་གསུམ་ལས་མེད་ཀྱང༌། བོད་པའི་ནང་ཆོས་བྱེད་པའི་སྐབས་སྐྱབས་བླ་མ་བརྩིས་པས་དཀོན་མཆོག་བཞི་ཡོད་པ་རེད་ཅེས་སོགས་འདྲ་མིན་མང་པོ་ཞིག་བརྗོད་ནས་བོད་པའི་ཆོས་དེ་ནང་པའི་ཆོས་ཡང་དག་པ་ཞིག་མ་ཡིན་པར། བླ་མའི་ཆོས་ཟེར་བ་དེ་རེད་ཅེས་པའི་བཤད་ཡམས་ཤིག་ཀྱང་ཡོད་པ་རེད། བོད་པས་སྐྱབས་འགྲོ་འདོན་པའི་སྐབས་ཐོག་མ་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་བརྗོད་དགོས་པའི་རྒྱུ་མཚན་གསལ་བཤད་ཅིག་གནང་རོགས།
ལན། དེ་གཙོ་བོ་མིང་བཏགས་སྟངས་ཙམ་ཞིག་གི་ཁྱད་པར་འགྲོ་བཞིན་མེད་དམ་བསམ་གྱི་ཡོད། སྤྱིར་མདོ་ཡི་སྐབས་སུ་སངས་རྒྱས་ཆོས་དང་དགེ་འདུན་ཞེས་ཡོངས་གྲགས་སུ་བཤད་པ་དེ་རེད། གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་སུ་དཀོན་མཆོག་གསུམ་ལས་བླ་མ་ལྷག་པའི་སྐབས་ཡོད་པ་རེད། དེ་ཡང་གདུལ་བྱའི་བློ་དང་བསྟུན་ནས་མི་འདྲ་བའི་ཁྱད་པར་ཙམ་ལ་བརྟེན་ནས་བསམ་བློ་གཏོང་དགོས་ཀྱི་ཡོད་ཚོད་རེད། ཁྱད་པར་དུ་གསང་སྔགས་བླ་མེད་ཀྱི་སྐབས་སུ་སྐྱབས་འགྲོའི་ཡུལ་དེ་བླ་མ་སྐུ་བཞིའི་བདག་ཉིད་ཆགས་སོང་བ་རེད། དེ་ཡིན་དུས་ང་ཚོས་སྤྱིར་བཏང་གིས་བསམ་བློ་བཏང་ན། སངས་རྒྱས་འཇིག་རྟེན་དུ་བྱོན་ནས་བཀའ་དྲིན་ཆེན་པོ་རེད་དེ། ཡིན་ནའང་ད་ལྟའི་སྐབས་ལྟ་བུ་ལ་མཚོན་ན་སངས་རྒྱས་ཀྱི་སྐུ་མྱ་ངན་ལས་འདས་ཚར་བ་རེད། སྐུ་དངོས་སུ་མཇལ་རྒྱུ་དང༌། གསུང་དངོས་སུ་ཐོས་རྒྱུ་མེད་པ་རེད། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྙིགས་མ་ལྔ་བདོ་བའི་སྐབས་སུ་ང་ཉིད་དགེ་བའི་བཤེས་གཉེན་གྱི་གཟུགས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པར་འགྱུར་ཞེས་གསུངས་པ་བཞིན་རེད། སངས་རྒྱས་སྐུ་དངོས་ཀྱི་གདུལ་བྱ་དེ་རྫོགས་སོང་བ་རེད། ད་ལྟའི་དུས་འདིར་ལམ་སྟོན་མཁན་སུ་རེད་ཅེ་ན། མདོ་མཚན་ཉིད་ཐེག་པ་ཡིན་ནའང་རེད། གསང་སྔགས་རྡོ་རྗེ་ཐེག་པ་ཡིན་ནའང་རེད། གདམས་ངག་དང་ལྡན་པའི་བླ་མ་དེ་བསྟེན་དགོས་པ་རེད། དེ་ལ་མ་བསྟེན་པར་ལམ་ཉམས་སུ་ལེན་སྟངས་ཤེས་ཀྱི་མ་རེད། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་སུ་སངས་རྒྱས་ཀུན་ལས་ལྷག་པའི་མགོན་དུ་གསུངས་པ་ལྟར། སངས་རྒྱས་ཐུགས་རྗེ་ཅན་ང་ཚོར་མཇལ་བའི་གོ་སྐབས་མ་བྱུང་བ་རེད། ད་ལྟ་མཚན་ཉིད་དང་ལྡན་པའི་བླ་མ་དགེ་བའི་བཤེས་གཉེན་དེ་ཚོ་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་ཡིན་དུས་བླ་མ་དེ་རང་ལ་སངས་རྒྱས་ལས་ཀྱང་ལྷག་པའི་དད་པ་བྱས་པ་ཡིན་ན། དེ་རྒྱུ་མཚན་ཤེས་པའི་ཐོག་ནས་ཡིན་པ་ལས། དེ་ག་ཙམ་རྨོངས་དད་དེ་འདྲ་མ་རེད། ཤེས་ནས་དད་པ་ཐོབ་པ་ཞེས་པ་དེ་གལ་ཆེན་པོ་ཞེ་དྲག་རེད། རྒྱུ་མཚན་ཤེས་ན་བླ་མ་དེ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་རེད་མ་གཏོགས་ཐ་དད་མ་རེད། དེ་འདྲ་ཞིག་གི་ཐོག་ནས་བསམ་བློ་བཏང་བ་ཡིན་ན། བླ་མ་དཀོན་མཆོག་བཞི་པར་བཞག་པ་དེར་དགོས་པ་ཡོད་པ་དང༌། རྒྱུ་མཚན་ཡོད་པ་ཞིག་ལས་སྐྱོན་གང་ཡང་ཡོད་པ་མ་རེད། ལས་དང་པོ་བ་ཞིག་གིས་མདོ་ཡི་སྐབས་མ་གཏོགས་ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་གོ་དོན་མི་ཤེས་པས་འགལ་བ་ལྟ་བུར་མཐོང་གི་ཡོད་མདོག་ཁ་པོ་རེད་དེ། དེ་མགོ་མ་ཚོས་པ་ཞིག་རེད། དོན་དག་གཙོ་བོ་རྒྱུ་མཚན་ཤེས་པ་དང༌། དད་པ་དང་མོས་གུས་བཅོས་མ་མ་ཡིན་པ་ཞིག་གི་ཐོག་ནས་གནས་ལུགས་དོན་གྱི་སྐྱབས་འགྲོ་ནི་བླ་མ་བསྟེན་ནས་བྱུང་བ་ཤ་སྟག་རེད། བླ་མ་སྐུ་གསུམ་གྱི་བདག་ཉིད་རེད་མ་གཏོགས། བླ་མ་སངས་རྒྱས་ལས་ཐ་དད་དུ་བལྟས་སོང་བ་ཡིན་ན་གནས་ལུགས་མཐར་ཐུག་པ་དང་མཐུན་གྱི་ཡོད་པ་མ་རེད།
དྲི་བ། མཁན་རིན་པོ་ཆེ་མཆོག་གིས་བོད་ཀྱི་བང་ཆེན་གསར་ཤོག་ཀློག་མཁན་རྣམས་ལ་ལམ་སྟོན་དང་འབོད་སྐུལ་གནང་རྒྱུ་ཡོད་དམ།
ལན། འབོད་སྐུལ་ཞུས་ཀྱང་ཉན་མཁན་ཉུང་ཉུང་རེད། (མཚམས་དེར་བཞད་མོ་བཞད།) ཡིན་ནའང་བོད་རིགས་ཙམ་དུ་མ་ཟད། འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ནང་པ་སངས་རྒྱས་པའི་སྙིང་རྗེ་ཆེན་པོའི་ཡུལ་དུ་བཟུང་ཡོད་པ་སྟོན་པ་བཅོམ་ལྡན་འདས་ཀྱིས་མདོ་རྒྱུད་མང་པོའི་ནང་དུ་གསུངས་བཞག་པ་ཞིག་ཡིན་དུས། ང་ཚོའི་རྒྱུད་ལ་བདེ་གཤེགས་སྙིང་པོ་ཡོད་པ་རེད། དེ་མངོན་དུ་གྱུར་དགོས་པ་རེད། ཐམས་ཅད་སངས་རྒྱས་པའི་བདག་ཉིད་ཅན་རེད། དེ་འདྲ་ཡིན་དུས་ལས་དང་པོའི་འཇུག་སྒོ་ནས་བཟུང་སྟེ་རང་གིས་གང་ཐུབ་ཐུབ་ཀྱིས་ལུས་ངག་ཡིད་གསུམ་དེ་སྡིག་པ་དང་མ་འདྲེས་པ་ཞིག སྡིག་པ་ཟེར་བ་དེ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱིས་ཀུན་ནས་བསླངས་སོང་བ་དེ་ལ་སྡིག་པ་ཟེར་གྱི་ཡོད་པ་རེད། དེ་གསུམ་དང་འདྲེས་སོང་ན་ག་རེ་བྱས་པ་ཡིན་ཡང་འབྲས་བུ་སྡུག་བསྔལ་བ་ལས་མེད་པ་ཡིན་དུས། དེ་དང་མ་འདྲེས་པ་ཞིག་གི་ཐོག་ནས་རང་གི་རྒྱུད་དེ་དྲང་པོ་ཞིག་དང་བདེན་པ་ཞིག དགེ་བའི་ལམ་དུ་འཇུག་ཐུབ་པ་ཡིན་ན། དངོས་གནས་དྲང་གནས་ང་ཚོ་མི་ལུས་ཐོབ་པའི་ལུས་རྟེན་འདི་འཕྲོ་བརླག་མ་སོང་བ་ཞིག་དང༌། རེ་བ་ཡོད་བསྡད་པ་ཞིག་རེད། དེ་མ་ཡིན་པར་འཁོར་བའི་ཕུན་ཚོགས་སྤྱི་ལ་བརྒྱ་ཆ་བརྒྱ་མགོ་འཁོར་སོང་བ་ཡིན་ན། ད་ལྟ་གོང་དུ་བཤད་པ་བཞིན། ང་ཚོའི་མདུན་དུ་འཆི་མ་མི་རྟག་པས་སྒུག་བསྡད་ཡོད་པ་རེད། དེ་ཐག་རིང་པོ་གང་ཡང་མ་རེད། དེ་ལ་བརྟེན་ནས་དགེ་སྒྲུབ་སྡིག་སྤོང་ལ་འབད་ཐུབ་པ་ཡིན་ན། སངས་རྒྱས་བཅོལ་ལྡན་འདས་ཀྱིས་མདོ་རུ། བསོད་ནམས་ལྡན་པའི་མིའི་བསམ་པ་རྣམས་ཀྱང་འགྲུབ། ཅེས་གསུངས་ཡོད་པ་རེད། བསོད་ནམས་བསགས་པ་ཡིན་ན་བསོད་ནམས་བསགས་པའི་གང་ཟག་དེའི་བསམ་པ་ཐམས་ཅད་འགྲུབ་ཐུབ་པ་རེད། དེ་མ་གཏོགས་བསམ་རྒྱུ་དེ་བདེ་བ་དང་སྐྱིད་པོ་འདོད། ལག་ལེན་དེ་མི་དགེ་བའི་ཕྱོགས་སུ་ཤོར་སོང་བ་ཡིན་ན་ཞེ་འདོད་དང་ལག་ལེན་ལ་འགལ་ཟླ་ཆགས་སོང་བ་ཡིན་པས། དེ་ལྟར་མི་བྱེད་པར་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་མ་སོང་བ་ཞིག་གནང་དགོས་པའི་འབོད་སྐུལ་གོ་སྐབས་འདི་བརྒྱུད་ནས་ཞུ་རྒྱུ་ཡིན།།