ཁེ་ཕན་མེད་ཀྱང་ལག་ཆ་ཞིག་ཏུ་གྱུར་འདུག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༦༥

བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བ་ཟེར་བ་དང་བོད་རྒྱའི་སྐུ་ཚབ་ཐུག་འཕྲད་ཐེངས་དགུ་པའི་བར་གྱི་འགལ་འབྲེལ།

ཕྱི་ཟླ་༡ ཚེས་༡༨ ནས་༢༠ བར་ཉིན་གསུམ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་གཞུང་གིས་གོ་སྒྲིག་འོག་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བ་ཟེར་བ་ཞིག་འཚོགས་ཡོད་པ་དང། སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང། མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ། རྒྱབ་ཁབ་ཀྱི་སྲིད་བློན་སོགས་ཆེས་མཐོའི་དཔོན་རིགས་ཁག་མཉམ་ཞུགས་བྱས་ཡོད་འདུག་པ་དང། ཚོགས་འདུ་དེའི་ཐོག་གཙོ་བོ་ནི་བོད་ནང་དུ་དཔལ་འབྱོར་གྱི་ཐོག་ནས་ཡར་རྒྱས་ཤུགས་ཆེ་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་ཚུལ་འདུག

སྐབས་དེར་ཧུའུ་ཅིན་ཐའོ་ཡིས་“བོད་ལྗོངས་ཀྱི་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས་པ་དང༌།  ངེས་པར་དུ་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པ་དེ་ལྡོག་ཏུ་མེད་པའི་ལས་འགན་ཨང་དང་པོར་བརྩིས་ཏེ། རྒྱུན་མཐུད་དང་གཏིང་ཟབ་ངང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ། ངེས་པར་དུ་མི་སེམས་གོང་བུ་གཅིག་གྱུར་དང་སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྡུས་ཏེ། དོན་དངོས་སུ་མི་རིགས་དང་ཆོས་ལུགས་ཀྱི་ལས་དོན་ལེགས་པོར་སྒྲུབ་པ། ངེས་པར་དུ་རིམ་པ་སོ་སོའི་འགོ་ཁྲིད་དཔུང་ཁག་དང་ལས་བྱེད་པའི་དཔུང་སྡེ། གཞི་རིམ་རྩ་འཛུགས། ཏང་ཡོན་དཔུང་སྡེ་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱུན་ཆད་མེད་པར་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང༌། གོང་བུ་འགྲིལ་ཤུགས། འཐབ་རྩོད་ནུས་པ་བཅས་མཐོར་འདེགས་བྱེད་དགོས།” ཞེས་སོགས་དང། ད་དུང་མུ་མཐུད་དུ་ཧུའུ་ཡིས་“དེང་གི་བོད་ལྗོངས་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་སྔར་བཞིན་མི་དམངས་ཀྱི་ཉིན་བཞིན་གོང་དུ་འཕེལ་བཞིན་པའི་དངོས་པོའི་རིག་གནས་ཀྱི་དགོས་མཁོ་དང་རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད་བར་གྱི་འགལ་བ་ཡིན་ཞིང༌། དུས་མཚུངས་སུ་བོད་ལྗོངས་སུ་ད་དུང་རིགས་སོ་སོའི་མི་དམངས་དང་ཏཱ་ལའི་ཡིས་ཚབ་བྱས་པའི་ཁ་ཕྲལ་སྟོབས་ཤུགས་གཉིས་བར་གྱི་དམིགས་བསལ་འགལ་བ་ལྡན་པ་དང༌། འགལ་བ་འདི་གཉིས་ཀྱིས་བོད་ལྗོངས་ལས་དོན་གཙོ་བོ་ནི་ངེས་པར་དུ་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་ཐག་བཅད་ཡོད་པ་རེད།” ཅེས་ཧུའུ་ཡི་གཏམ་བཤད་ཀྱི་སྙིང་དོན་ནི་ཚོགས་འདུ་འདིའི་ཐག་གཅོད་ལྟ་བུ་ཡིན་པ་དང། བོད་ནང་གི་འགལ་ཟླ་གཙོ་བོ་ཡར་ཐོན་དང་རྗེས་ལུས་ཀྱི་འགལ་བ་ཡིན་པ་དང། ཏཱ་ལའི་བླ་མའི་རྗེས་འབྲངས་པའི་ཁ་བྲལ་གྱི་སྟོབས་ཤུགས་དེ་དམིགས་བསལ་གྱི་འགལ་ཟླ་ཞིག་ཏུ་ངོས་འཛིན་བྱས་ཡོད་པ་རེད།
གནད་དོན་འདིའི་ཐོག་ནས་མཐོང་ཐུབ་པ་ནི་བོད་ནང་དུ་ཡར་རྒྱས་གཏོང་བར་ཁ་གཡར་ནས་བོད་ཡུལ་གྱི་གཏེར་ཁ་སྔོག་འདོན་དང། ཁོར་ཡུག་གཏོར་བཤིག བོད་ཀྱི་ཡུལ་སྲོལ་གོམས་གཤིས་རྩ་མེད་དུ་བཏང་ནས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་སྲིད་བྱུས་དེ་གང་མགྱོགས་ལག་བསྟར་བྱ་རྒྱུ་ཡིན་པ་གསལ་སྟོན་དང། དེ་ལྟར་བྱེད་པར་བོད་རིགས་མི་མང་གིས་ངོ་རྒོལ་གྱི་ལས་འགུལ་སོགས་མི་ཡོང་བའི་ཆེད་དུ་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་དབར་གྲོས་མོལ་བྱེད་བཞིན་པའི་རྣམ་འགྱུར་ཙམ་སྟོན་ཐབས། དེ་མཚུངས་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་ཆུང་དུ་གཏོང་ཐབས་སོགས་སུ་དམིགས་ཡོད་པ་ནི་ཧ་ཅང་གསལ་པོར་གྱུར་ཡོད། དེར་བརྟེན་སྐུ་ཚབ་ཐུག་འཕྲད་ཐེངས་དགུ་པ་འདིའི་ཐོག་ཏུའང་དམིགས་བསལ་གྱི་གྲུབ་འབྲས་དང་ནུས་པ་གང་ཡང་ཐོན་ཐུབ་ཐབས་མེད་ལ། མི་རིགས་ས་གནས་རང་སྐྱོང་གི་བསམ་འཆར་དེའི་ཐོག་ནས་ཀྱང་ང་ཚོ་ལ་རག་རྒྱུ་གང་ཡང་མེད་པ་ཧ་ཅང་གསལ་པོ་རེད། ད་དུང་སྡུག་ས་ནས་བཤད་ན་རྒྱ་ནག་གཞུང་གིས་ད་ལྟ་འགྲོ་བཞིན་པའི་སྲིད་བྱུས་དང་ལས་དོན་བྱེད་ཕྱོགས་དེ་ལ་འགྱུར་བ་གང་ཡང་གཏོང་མི་དགོས་པར། ༧གོང་ས་མཆོག་གིས་གཙོས་བཙན་བྱོལ་བོད་མི་རྣམས་ཕྱིར་བོད་ཡུལ་དུ་ལོག་རྒྱུ་ཡིན་ཞེས་བརྗོད་སྲིད་པའི་དབང་དུ་བཏང་ནའང། གནས་བབས་འདིའི་ཐོག་ནས་བལྟས་ན་རྒྱ་གཞུང་གིས་ཁས་ལེན་བྱེད་མི་སྲིད་པ་ལྟ་བུར་གྱུར་འདུག སྐུ་ཚབ་ཐུག་འཕྲད་འདི་བོད་པའི་ངོས་ནས་ལན་དགུ་ཆད་མཐུད་དང། མ་ལན་མ་འགྱོད་མེད་པ་ཙམ་ཞིག་བྱས་པ་ལས་གྲུབ་འབྲས་གཞན་གང་ཡང་མེད་པས། འདིའི་རྗེས་སུ་ལངས་ཕྱོགས་གསལ་སྟོན་གྱིས་སྐུ་ཚབ་ཐུག་འཕྲད་འདི་ཉིད་གནས་སྐབས་མཚམས་འཇོག་དགོས་པར་མཐོང། སྐུ་ཚབ་ཐུག་འཕྲད་ལ་བརྟེན་ནས་བོད་མི་རིགས་ལ་ཁེ་ཕན་གང་ཡང་མེད་པར་རྒྱ་དམར་གཞུང་གི་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་གྱུར་འདུག །

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།