བཀའ་བློན་ཁྲི་པའི་འོས་གཞི་རུ་ལང་རྒྱུའི་འདོད་པ་དང་འཆར་གཞི་རྩ་བ་ཉིད་ནས་མེད།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་ལ་ཁ་པར་བརྒྱུད་བཀའ་འདྲི་ཞུས་པ།
དྲི་བ། ཟླ་འདིའི་ཕྱི་ཚེས་༡༨ ཉིན་གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གཉིས་མཇལ་འཕྲད་གནང་བའི་སྐབས་དེར་སྐུ་ངོ་མཆོག་ལྷན་བཅར་ཞུས་ཡོད་སྟབས་དེའི་གནས་སྟངས་སྐོར་ངོ་སྤྲོད་གནང་རོགས།
ལན། ཡག་པོ་ཞེ་དྲག་བྱུང་སོང། གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་མི་རི་ཀར་ཆིབས་བསྒྱུར་གནང་བ་དེ། ཨ་རིའི་སྲིད་འཛིན་མཆོག་དང་མཇལ་འཕྲད་གནང་རྒྱུའི་ཆེད་དུ་རེད། ཝ་ཤིན་ཊན་ཌི་སི་རུ་ཡོད་པའི་ཕོ་བྲང་དཀར་པོ་རུ་ཨ་རི་སྲིད་འཛིན་མཆོག་དང་མཇལ་འཕྲད་གནང་བའི་སྐབས་༧གོང་ས་མཆོག་གིས་དོན་དག་གཙོ་བོ་གསུམ་ལྟ་བུ་ཞིག་གསུངས་སོང། གཅིག་དེ་འཛམ་བུ་གླིང་འདིའི་ནང་དུ་རྒྱལ་ཁབ་མང་ཆེ་བས་འཛམ་གླིང་སྤྱི་ཡོངས་ཀྱི་ཁེ་ཕན་དེ་ཟུར་དུ་བཞག་ནས། རྒྱལ་ཁབ་སོ་སོའི་ཁེ་ཕན་དེ་གལ་ཆེན་པོར་བརྩིས་ནས་འགྲོ་བ་མི་སྤྱི་ཡོངས་ཀྱི་ཁེ་ཕན་ལ་གནོན་སྐྱོན་གྱི་རང་བཞིན་ཞིག་ཆགས་བསྡད་ཡོད་དུས་དེ་ཚོའི་ཐོག་ལ་དགོངས་པ་བཞེས་དགོས་པའི་བཀའ་སློབ་ཅིག་གནང་སོང།
ཨ་མི་རི་ཀ་དང་རྒྱ་ནག་དབར་གྱི་འབྲེལ་བའི་ཐོག་ལ་མཚོན་ན། དཔལ་འབྱོར་གྱི་ཐོག་ནས་འབྲེལ་ལམ་ཡག་པོ་ཡིན་ནའང་གལ་ཆེ་ཤོས་ཤིག་ལ་རྒྱ་ནག་ནང་དུ་གསར་འགྱུར་གྱི་རང་དབང་དེ་གལ་ཆེན་པོ་ཡིན་པ་དང། ཨ་རིའི་གཞུང་གི་ངོས་ནས་ཀྱང་དེའི་ཐོག་ལ་ལམ་སྟོན་གནང་དགོས་པ་དེ་གལ་ཆེན་པོ་ཡིན་པ། འཛམ་བུའི་གླིང་དུ་ཡོད་པའི་མི་གཞན་པ་ནང་བཞིན་རྒྱ་ནག་མི་མང་ལ་མཚོན་ན་གནས་ཚུལ་ཤེས་རྟོགས་བྱེད་རྒྱུའི་ཐོབ་ཐང་དེ་གཅིག་གྱུར་དགོས་པ་རེད། རྒྱ་ནག་དམར་པོའི་གཞུང་གི་ཐོག་ནས་ཁོ་རང་ཚོའི་དྲིལ་བསྒྲགས་དེ་ཚོ་ཙམ་མ་གཏོགས། ཕྱོགས་ཡོངས་ཀྱི་དངོས་ཡོད་གནས་ཚུལ་རྒྱ་ནག་མི་མང་དེ་དག་གིས་ཤེས་རྟོགས་ཐུབ་ཀྱི་ཡོད་པ་མ་རེད། སོང་ཙང་རྒྱ་ནག་མི་མང་ལ་བསམ་བློ་གཏོང་རྒྱུའི་ཀླད་པ་ཡོད་པ་དང། ག་རེ་ཡག་པ་དང་ག་རེ་སྡུག་པ་དེ་དག་དབྱེ་ཞིབ་བྱེད་རྒྱུའི་ནུས་པ་དེ་ཡོད་པ་རེད། གསར་འགྱུར་གྱི་རང་དབང་དེ་གལ་ཆེན་པོ་ཡིན་པ་དང། ལྷག་པར་དུ་རྒྱལ་ཁབ་ཀྱི་ནང་དུ་ཞི་བདེ་ལྷིང་འཇགས་དགོས་པ་ཡིན་ན། མི་མང་གི་འཇིགས་སྣང་དེ་མེད་པ་བཟོ་ཐུབ་པ་དང། ཡང་ན་ཉུང་དུ་གཏོང་ཐུབ་པ་ཡིན་ནའང་སྤྱི་ཚོགས་ནང་དུ་བདེ་འཇགས་ཡོང་ཐུབ་པ་ཞིག་ཡོང་གི་ཡོད་པ་རེད། དེའི་ཐོག་ལ་ཨ་རིའི་གཞུང་དང་རྒྱ་ནག་གཞུང་གི་དབར་གོ་སྡུར་ཞིག་གནང་ཐུབ་དགོས་པ་དང། ཉེ་བའི་ཆ་ནས་ཨ་མི་རི་ཀ་དེ་དཔལ་འབྱོར་གྱི་གནས་སྟངས་དེ་ཉམ་གུད་འགྲོ་བཞིན་ཡོད་པའི་གནས་ཚུལ་མང་པོ་ཞིག་བརྒྱུད་ལམ་ཁག་གི་ནང་དུ་ཐོན་བཞིན་ཡོད་པ་རེད། ཡིན་ནའང་ཨ་མི་ཀ་དེ་དཔལ་འབྱོར་གྱི་སྟོབས་ཤུགས་ཙམ་མ་ཡིན་པར་གཞི་རིམ་གྱི་རིན་ཐང་ཐོག་ནས་བཤད་ན། མང་གཙོའི་ལྟ་གྲུབ་ཀྱི་ཐོག་ནས་དང། སྨྲ་བརྗོད་ཀྱི་རང་དབང་ཡོད་པ། འགྲོ་བ་མིའི་ཐོབ་ཐང་ཡོད་པ། མང་གཙོའི་ལག་ལེན་ཚད་དང་ལྡན་པ་ཞིག་ཡོད་པ་དེ་དག་གལ་ཆེན་པོ་ཡིན་སྐོར་གྱི་དགོངས་འཆར་ཕུལ་སོང།
བོད་དང་འབྲེལ་བ་ཡོད་པའི་ཐོག་ནས་ད་ལྟའི་བར་དུ་བོད་རྒྱ་འབྲེལ་བའི་གནས་སྟངས་དེ་ཚད་ག་འདྲ་ཞིག་ལ་སླེབས་ཡོད་མེད། རྒྱ་ནག་དམར་ཤོག་གཞུང་གི་དབུ་ཁྲིད་ཚོས་ད་ལྟ་ཡིན་ནའང་བོད་ཀྱི་གནད་དོན་ཞིག་མེད་པ་དང། ༧སྐྱབས་མགོན་རིན་པོ་ཆེ་སྐུ་སྒེར་གྱི་གནད་དོན་ཁོ་ན་ལས་མེད་པ་ཞིག་ཤོད་ཀྱི་ཡོད་པ་རེད། ང་ཚོ་ཡིན་ན་འང་དུས་རྒྱུན་རྒྱ་ནག་གཞུང་ལ་ཤོད་སྡོད་ཀྱི་ཡོད། བོད་ཀྱི་གནད་དོན་དེ་༧སྐྱབས་མགོན་རིན་པོ་ཆེ་སྐུ་སྒེར་གྱི་གནད་དོན་མ་ཡིན་པར། བོད་མི་ས་ཡ་དྲུག་གི་བདེ་སྡུག་དང་དེ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་ཡང་ཤོད་སྡོད་ཀྱི་ཡོད་ལ། ལྷག་པར་དུ་རྒྱ་ནག་གཞུང་གི་ངོས་ནས་བོད་ནང་དུ་གནས་སྟངས་གང་ལ་གང་འཚམ་གྱིས་ཡར་རྒྱས་སུ་འགྲོ་བཞིན་ཡོད་པ། བོད་ནང་གི་དངོས་ཡོད་གནས་ཚུལ་དེ་དངོས་དངོས་ལྗེན་ལྗེན་ག་འདྲ་ཞིག་ཡིན་མིན་དེ། དངོས་སུ་ཐུན་མོང་དང་མཉམ་རུབ་ཀྱི་ཐོག་ནས་ཞིབ་འཇུག་ཅིག་བྱས་ནས་དངོས་ཡོད་གནས་ཚུལ་རྩད་གཅོད་ཐུབ་པ་ཡིན་ན་ཡག་པོ་ཞེ་དྲག་ཡོད་པ་རེད། གལ་སྲིད་བོད་མི་ཚོ་དང་བཙན་བྱོལ་ནང་དུ་ཡོད་པའི་བོད་གཞུང་གི་ངོས་ནས་གནས་ཚུལ་གཞི་འཛིན་ས་མང་ཆེ་བ་དེ་བོད་ནང་གི་བོད་མི་དེ་ཚོའི་གནས་ཚུལ་ལ་གཞི་བཞག་ནས་ང་ཚོས་རྒྱ་ནག་གཞུང་ལ་སྐྱོན་འཛུགས་བྱེད་དགོས་པའི་རྒྱུ་མཚན་དེ་ཆགས་བསྡད་ཡོད་པ་རེད། གལ་སྲིད་རྒྱ་ནག་གཞུང་གིས་བཤད་པ་བཞིན་བོད་ནང་དུ་ཡོད་པའི་བོད་མི་ཚོར་བདེ་སྐྱིད་ཡོད་པ་དང། གནས་སྟངས་ཡར་རྒྱས་ཕྱིན་ཡོད་པ། རྒྱ་ནག་གི་དབང་བསྒྱུར་འོག་ལ་སྐྱིད་པོ་ཡོད་པ་ཞིབ་འཇུག་གི་ཐོག་ནས་དངོས་ཡོད་གནས་ཚུལ་ར་འཕྲོད་པ་ཡིན་ན། ང་ཚོ་ལ་འབྱོར་བའི་གནས་ཚུལ་དེ་དག་དངོས་བདེན་མ་ཡིན་པ་ཞིག་དང། སྐབས་དེ་དུས་ང་ཚོས་དགོངས་དག་ཞུ་དགོས་པའི་གནས་ཚུལ་ཞིག་བྱུང་བ་ཡིན་ཡང་ཞུ་དགོས་པའི་གནས་སྟངས་ཤིག་ཆགས་པ་རེད། བོད་ནང་གི་གནས་ཚུལ་ང་ཚོས་བཤད་པ་ལྟ་བུ་ཡིན་པ་ར་འཕྲོད་པ་ཡིན་ན་རྒྱ་ནག་གཞུང་གི་ངོས་ནས་བོད་ནང་དུ་འཛིན་པའི་སྲིད་བྱུས་དེ་གཞི་རིམ་གྱི་ཐོག་ནས་འགྱུར་བ་གཏོང་དགོས་པ་དེ་ཞེ་དྲག་གི་གལ་ཆེན་པོ་ཡིན་སྐོར་སྐུ་མདུན་གྱིས་གསུངས་གནང་སོང། ཕྱོགས་གཅིག་ནས་རྒྱ་ནག་གཞུང་གིས་བོད་ནང་དུ་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་ཕྱིན་པ་ཡིན་ན། བོད་མིའི་དཀའ་ངལ་ཚང་མ་སེལ་འགྲོ་ཡི་ཡོད་པའི་ལྟ་ཚུལ་ཞིག་འཛིན་སྡོད་ཀྱི་ཡོད་པ་རེད། དེ་དངོས་ཡོད་ཀྱི་ཐོག་ནས་བོད་ནང་དུ་དཔལ་འབྱོར་གྱི་གནས་སྟངས་ཕྲན་བུ་ཡར་རྒྱས་སུ་ཕྱིན་ཡོད་པ་ཡིན་ནའང། བོད་མི་ཚོའི་སེམས་ནང་དགོས་མཁོ་དེ་འཚོ་བའི་གནས་སྟངས་ཙམ་མ་ཡིན་པར་མི་རིགས་སྲུང་སྐྱོབ་དང། རིག་གཞུང་སྲུང་སྐྱོབ། ཆོས་ཕྱོགས་ཀྱི་རང་དབང། རིག་གཞུང་གི་ཐོག་ནས་རང་དབང་རེད། ཕྱོགས་གང་ཐད་ནས་དགོས་འདུན་མང་པོ་ཞིག་ཡོད་པ་དེ་དག་ལ་ཨ་རིའི་སྲིད་འཛིན་གྱི་ཐོག་ནས་ཐུགས་སྣང་གནང་སོང། སྐུ་ཉིད་ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་མ་བྱུང་བའི་གོང་ནས་ཐུགས་ཁུར་བཞེས་པ་རེད་ལ། ད་ལྟའང་བཞེས་བཞིན་པའི་སྐབས་ཡིན་པས་སྐུ་མདུན་གྱི་ངོས་ནས་བསྔགས་བརྗོད་གནང་སོང།
ཨ་རིའི་སྲིད་འཛིན་མཆོག་གི་ངོས་ནས་སྐུ་མདུན་ལ་ཐུགས་མཉེས་པོའི་ཐོག་ནས་གུས་བརྩི་ཞུས་སོང་ལ། བོད་པའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུའི་ཐོག་ལ་དུས་རྟག་ཏུ་རྒྱབ་སྐྱོར་ཡོད་པ་དང། ༧གོང་ས་མཆོག་གི་དགོངས་གཞི་བོད་གཞུང་གི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ལའང་བསྔགས་བརྗོད་ཞུ་ཡི་ཡོད། དེ་བཞིན་༧སྐྱབས་མགོན་རིན་པོ་ཆེའི་འགྲོ་བ་མིའི་རིགས་ཀྱི་འཐབ་རྩོད་དང། རྒྱ་ནག་གཞུང་གི་མཉམ་དུ་འབྲེལ་མོལ་གྱི་ལམ་ནས་ཐག་གཅོད་གནང་རྒྱུའི་དགོངས་བཞེས་གནང་བ་དེ་ལ་བསྔགས་བརྗོད་གནང་སོང་ཞུ་རྒྱུ་ཡིན།
དྲི་བ། ཨ་རིའི་རྒྱལ་ས་ཝ་ཤིན་ཊན་ནས་སྲིད་འཛིན་ཨོ་བྷ་མ་མཆོག་དང་མཇལ་འཕྲད་སོགས་ཀྱི་མཛད་འཕྲིན་གྲུབ་རྗེས་ཨ་རིའི་མངའ་སྡེ་དང་ས་ཁུལ་གང་དང་གང་དུ་ཆིབས་བསྒྱུར་གནང་བ་དང། དེའི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན། ཝ་ཤིན་ཊན་གྱི་ཆིབས་བསྒྱུར་གྲུབ་པའི་རྗེས་སུ་ཁེ་ལི་ཧྥོར་ནི་ཡའི་ལོ་སི་ཨན་ཇི་ལི་སི་རུ་ཆིབས་བསྒྱུར་གནང་ནས་ཉིན་གཉིས་རང་མཛད་འཆར་གོ་སྒྲིག་ཞུས་ཡོད་པ་རེད། རྒྱལ་སྤྱིའི་བྱིས་པའི་དགེ་རྩ་ལྷན་ཚོགས་ནས་ཆེད་དུ་གདན་འདྲེན་ཞུས་པ་དང། འཛམ་གླིང་འདིའི་ནང་དུ་བྱིས་པ་ཉམ་ཐག་དང། དྭ་ཕྲུག་ཚོ་ལ་གཟིགས་སྐྱོང་གནང་མཁན་དེ་ཚོའི་ཐོག་ལ་ཞིབ་འཇུག་གནང་ནས་དངོས་ཡོད་ཀྱི་གནས་ཚུལ་ཐོག་ལ་བྱིས་པའི་ཚོགས་ཆུང་གི་ཐོག་ནས་ཡར་རྒྱས་ག་འདྲ་ཞིག་གཏོང་དགོས་ཀྱི་ཡོད་མེད་སྐོར་གྱི་ཚོགས་པ་ཞིག་རེད། ཁོ་རང་ཚོའི་ངོས་ནས་གདན་འདྲེན་ཞུས་ཏེ་མང་ཚོགས་ལ་བཀའ་སློབ་གོ་སྒྲིག་ཞུས་འདུག དེ་ཚོ་མང་ཆེ་བ་ཞིག་ནི། གཙོ་ཆེ་ཤོས་བྱམས་པ་དང་སྙིང་རྗེ་གཞི་ལ་བཞག་པའི་ཐོག་ནས་བྱིས་པ་འཚར་ལོང་བྱེད་པའི་སྐབས་སུ་ཡིན་ནའང། ཆུང་དུས་ནས་གོམས་གཤིས་དང་སྦྱོང་བརྡར་བྱེད་ཐུབ་པ་ཡིན་ན་སྤྱི་ཚོགས་དེ་ཡག་པོ་ཡོང་བ། དེ་ནས་རིམ་པས་རྒྱལ་ཁབ་དེ་ཡག་པོ་ཆགས་པ་སོགས་ཀྱི་སྐོར་བཀའ་སློབ་གནང་སོང་ལ། ྋགོང་ས་མཆོག་ལ་བྱིས་པ་དང་འབྲེལ་བའི་རྒྱལ་སྤྱིའི་འགྲོ་བ་མིའི་བཟང་སྤྱོད་ཀྱི་གཟེངས་རྟགས་(Whole Child International Humanitarian Award)ཤིག་ཀྱང་འབུལ་ལམ་ཞུས་སོང། ལོ་སི་ཨན་ཇི་ལི་སི་ཡི་མཛད་འཕྲིན་གྲུབ་པའི་རྗེས་སུ་ཧྥི་ལོ་རི་ཌཱ་རུ་ཆིབས་བསྒྱུར་གནང་ནས་ཉིན་གཉིས་ཀྱི་མཛད་འཆར་གོ་སྒྲིག་ཞུས་ཡོད་པ་རེད། ཡུལ་དེའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཁག་ཅིག་གི་ནང་དུ་སློབ་ཕྲུག་དང་དགེ་རྒན་ལས་བྱེད་བཅས་ལ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པ་རེད། ད་རེས་ཀྱི་ས་གནས་ཁག་དེ་གཉིས་ཀྱི་ནང་དུ་ཆིབས་བསྒྱུར་གོ་སྒྲིག་གནང་མཁན་གཙོ་བོ་སྐུ་ཞབས་བསྟན་འཛིན་དོན་ལྡན་ལགས་རེད།
དྲི་བ། སྐུ་ཉིད་ཀྱིས་དེང་སྐབས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་གནང་བཞིན་པ་རེད། བྱང་ཨ་རིའི་ཁུལ་དུ་བོད་རིགས་གང་མང་ཞིག་ཡོད་པའི་དེ་དག་གནས་སྟངས་དང་དཀའ་ངལ་ཆེ་ཤོས་ག་རེ་གཟིགས་སོང།
ལན། ངས་འདས་པའི་ལོ་གཅིག་ལྷག་དོན་གཅོད་བྱས་པའི་རིང་ལ་བསམ་བློ་བཏང་བ་ཡིན་ན། བྱང་ཨ་རིའི་ཁུལ་དུ་བོད་མི་ཆིག་ཁྲི་ལྔ་སྟོང་ལྷག་ཅིག་ཡོད་པ་དང། ད་ལྟ་ཡིན་ནའང་མུ་མཐུད་མང་དུ་འགྲོ་བཞིན་ཡོད་པ་རེད། སོང་ཙང་ཨ་རིའི་ནང་དུ་གནས་སྤོས་བྱས་ནས་སེམས་ཤུགས་ཀྱི་ཐོག་ནས་རྒྱ་བལ་འབྲུག་གསུམ་ཁུལ་གྱི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གཉེན་ཉེ་རྣམས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུས་མཚོན་པའི་ཕྱག་ལས་མང་པོ་ཞིག་གནང་གི་ཡོད་པ་དང། དཔལ་འབྱོར་གྱི་ཐོག་ནས་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད། ལྷག་པར་ཆབ་སྲིད་ཀྱི་ཐོག་ནས་ཞུས་པ་ཡིན་ནའང། འདས་པའི་ལོའི་ནང་དུ་མཚོན་ནའང་སྔོན་མ་ལས་ལྷག་པར་བོད་མིའི་ཆབ་སྲིད་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་མང་ནས་མང་དུ་འགྲོ་བཞིན་པ་མངོན་གསལ་དོད་པོ་ཞེ་དྲག་ཆགས་འདུག དཔེ་མཚོན་ཞིག་ཞུས་པ་ཡིན་ན། ནེའུ་ཡོག་ཁུལ་ལྟ་བུ་ལ་མཚོན་ན་རོབ་རྩིས་བོད་མི་ལྔ་སྟོང་ཙམ་ཞིག་ཡོད་པ་རེད། ལས་འགུལ་རེ་སྤེལ་བའི་སྐབས་སུ་མི་བཞི་སྟོང་ལྷག་རེ་འཛོམས་ཡོང་གི་ཡོད་པ་དང། སྐབས་དེ་དུས་ཚོར་སྣང་ལ་ནེའུ་ཡོག་ཁུལ་དུ་བོད་མི་འབུམ་ཕྲག་ཁ་ཤས་མེད་འགྲོ་བསམ་བསམ་ལྟ་བུ་འདུག དེ་ཡང་ནེའུ་ཡོག་ཙམ་མ་ཡིན་པར་ཨ་རིའི་ནང་གི་ས་ཁུལ་གཞན་དང་ཁེ་ན་ཌ་སོགས་གཅིག་མཚུངས་རེད། དེ་ཡིན་དུས་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ནང་འཛུལ་ཞུགས་བྱེད་མཁན་མང་པོ་འདི་འདྲ་ཞིག་ཡོང་གི་ཡོད་པས་ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་ཀྱང་ཕན་རླབས་ཆེན་པོ་ཞིག་ཡོང་གི་ཡོད་པ་དངོས་ཡོད་གནས་ཚུལ་རེད།
ཁྱེད་རང་གིས་བཀའ་འདྲི་གནང་བ་བཞིན་ཆེ་ས་ནས་གདོང་ལེན་བྱེད་དགོས་པ་ཞིག་ལ། མི་རིགས་ཀྱི་ངོ་བོ་སྲུང་བྱེད་རྒྱུ་དེའི་ཐོག་ལ་ཉེན་ཁ་ཏན་ཏན་རང་འཕྲད་ཀྱི་འདུག ཉེན་ཁ་དེ་ལ་ཐུགས་སྣང་གནང་མ་ཐུབ་པ་ཡིན་ན་དངོས་གནས་རང་གྱོང་གུད་ཆེན་པོ་ཞིག་ཕོག་རྒྱུ་ཡིན་པ་དངོས་ཡོད་གནས་ཚུལ་དུ་གྱུར་འདུག དེའི་ཐོག་ལ་དོན་གཅོད་དང་བོད་རིགས་སྤྱི་མཐུན་ཚོགས་པ་མང་པོ་ཞིག་ཡོད་པ་རེད། དེ་ཚོས་ཁུར་མཉམ་ལེན་གྱི་ཐོག་ནས་འབད་བརྩོན་བྱེད་དགོས་པ་དེ་གལ་ཆེན་པོར་གྱུར་འདུག ད་ལྟའི་ཆར་བོད་སྐད་ཙམ་ཡང་མི་ཤེས་མཁན་དེ་འདྲ་འདུག བསམ་བློ་གསར་པ་ཞིག་དང་གྲ་སྒྲིག་གསར་པ་ཞིག་བྱེད་མ་ཐུབ་ན་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུ་དེ་ཛ་དྲག་གི་དཀའ་ངལ་ཞིག་ཏུ་གྱུར་འདུག
དྲི་བ། སྐུ་ཉིད་ལ་མཚོན་ན་བོད་ཀྱི་གཞོན་ནུའི་དབུས་རྒྱུན་དང་སྐབས་བཅུ་གཉིས་པའི་སྤྱི་འཐུས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་གནང་བ་སོགས་སྤྱི་ཚོགས་ནང་ཕྱག་ལས་མང་དག་ཅིག་གནང་མྱོང་བ་མ་ཟད། བཙན་བྱོལ་བོད་གཞུང་གི་བཀའ་བློན་གྱི་ཕྱག་ལས་གནང་མྱོང་བ་སོགས་མཁྱེན་ཡོན་དང་ཉམས་མྱོང་ལོ་ཚོད་གང་ཐད་ནས་སྐབས་རྗེས་མའི་བཀའ་བློན་ཁྲི་པར་འོས་ཤིང་འཚམས་པ་ཞིག་ཡིན་པའི་བསམ་ཚུལ་འདོན་མཁན་སྤྱི་ཚོགས་ནང་མང་པོ་ཡོད་པ་དང། བཀའ་བློན་ཁྲི་པ་ཞེས་པའི་དྲ་རྒྱའི་ནང་དུ་སྐུ་ཉིད་འོས་མི་རུ་བཀོད་འདུག ཁྱེད་རང་གི་ངོས་ནས་བཀའ་ཁྲི་གནང་རྒྱུའི་འཆར་གཞི་དང་འདོད་པ་ཡོད་དམ།
ལན། དེ་བཀའ་འདྲི་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་གར་དང་ཨ་མི་རི་ཀའི་ནང་དུ་ང་རང་ངོ་ཤེས་མཁན་དེ་འདྲས་སྐབས་རྗེས་མའི་བཀའ་བློན་ཁྲི་པའི་འོས་གཞིའི་ནང་དུ་འདོན་མཁན་ཡོང་སྡོད་ཀྱི་འདུག སོང་ཙང་ངས་གོ་སྐབས་འདི་བརྒྱུད་ནས་མ་འོངས་པར་འོས་ཤོག་འཕྲོ་བརླག་མི་འགྲོ་བའི་ཆེད་དུ་གསལ་པོ་བཟོས་ན་དྲན་བྱུང། ད་ལྟའི་ཆར་ཨ་རིའི་དོན་གཅོད་ཀྱི་འགན་ཁུར་བཞིན་ཡོད་པ་དང་བོད་མི་རིགས་དང་ཆབ་སྲིད་ཀྱི་ཆེད་དུ་གང་ཐུབ་ཐུབ་ཀྱིས་འབད་བརྩོན་བྱེད་བཞིན་པ་དང། མ་འོངས་པར་བྱ་རྒྱུའི་འཆར་གཞི་དང་སེམས་ཤུགས་ཡོད། འོན་ཀྱང་སྐབས་རྗེས་མའི་བཀའ་བློན་ཁྲི་པའི་འོས་གཞི་རུ་ལང་རྒྱུའི་འདོད་པ་དང་འཆར་གཞི་རྩ་བ་ཉིད་ནས་མེད་ཅེས་ཞུ་འདོད་བྱུང་སོང། ལྷག་པར་དུ་རྒྱབ་སྐྱོར་གནང་མཁན་ཚང་མ་ལ་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང། ངའི་ཐག་གཅོད་དེ་ལ་བློ་ཕམ་མ་གནང་རོགས་གནང་ཞུ་རྒྱུ་ཡིན།
དྲི་བ། བོད་ཀྱི་བང་ཆེན་གསར་ཤོག་དང་དྲ་རྒྱ་བརྒྱུད་ནས་རྒྱ་ཆེའི་བོད་རིགས་མི་མང་ལ་དམིགས་བསལ་འབོད་སྐུལ་གནང་རྒྱུ་གང་ཡོད་དམ།
ལན། སྤྱིར་ད་ལྟའི་ཆར་བོད་རྒྱའི་ཆབ་སྲིད་ཀྱི་གནས་སྟངས་དེ་ཛ་དྲག་པའི་ཁ་ཐུག་ཅིག་རེད་བསམ་གྱི་འདུག རྒྱ་ནག་གཞུང་གི་དབུ་ཁྲིད་དེ་ཚོའི་ངོས་ནས་བོད་དོན་ཐད་ལངས་ཕྱོགས་མཁྲེགས་པོ་ཞིག་དང། བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་འདོད་པ་མེད་པའི་རྣམ་འགྱུར་ཤུགས་ཆེན་པོ་ཞིག་སྟོན་སྡོད་ཀྱི་ཡོད་པ་རེད། འོན་ཀྱང་དུས་ཚོད་རིང་ཐུང་ཙམ་ཞིག་མ་གཏོགས་བོད་རྒྱའི་དཀའ་རྙོག་དེ་སེལ་རྒྱུ་ཡིན་པར་ཡིད་ཆེས་བརྒྱ་ཆ་བརྒྱ་ཐམ་པ་བྱེད་ཆོག་པ་ཞིག་རེད་བསམ་གྱི་འདུག བོད་མི་མང་ཚང་མའི་ངོས་ནས་རེ་བ་དང་ཡིད་ཆེས་དེ་བཅངས་ནས་ང་ཚོའི་གཞུང་མང་ཚང་མའི་ཐོག་ནས་སྐུ་ལས་བཀྱོན་དགོས་ཀྱི་ཡོད་པ་དང། བོད་གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་ཚང་མའི་ངོས་ནས་བཤད་ན་རང་རང་ལ་འཁྲི་བའི་ལས་འགན་དེ་ཆབ་སྲིད་ཙམ་མ་ཡིན་པར་ཤེས་ཡོན་གྱི་ཐོག་ནས་དང། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུ་སོགས་དེ་དང་དེ་ལྟ་བུའི་ཐོག་ནས་སེམས་ཤུགས་མ་ཆག་པར་འགན་ཁུར་ཤུགས་ཆེན་པོ་ཞིག་ལེན་དགོས་པ་དེ་གལ་ཆེན་པོ་རེད་ཞུ་རྒྱུ་ཡིན།