སྐུ་ཚབ་ཐུག་འཕྲད་མཚམས་འཇོག་རན་འདུག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༦༦
ཉེ་བའི་ཆར་བོད་རྒྱའི་སྐུ་ཚབ་ཐུག་འཕྲད་ཐེངས་དགུ་པ་དེ་གྲུབ་པའི་རྗེས་སུ་༧གོང་ས་མཆོག་གི་སྐུ་ཚབ་རྣམས་དྷ་སར་མ་སླེབས་གོང་ནས་རྒྱ་ནག་གཞུང་གི་འབྲེལ་ཡོད་ཀྱིས་༧གོང་ས་མཆོག་ལ་ཚད་ལས་བརྒལ་བའི་སྐྱོན་བརྗོད་དང་བཅས་ཕྱི་བསྒྲགས་གནང་ཡོད་པ་རེད། ཕྱི་ཟླ་༢ པའི་ཚེས་༢ ཉིན་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པས་སྐུ་ཚབ་ཐུག་འཕྲད་ཐེངས་དགུ་པའི་སྐོར་གྱི་གནས་ཚུལ་ཕྱི་བསྒྲགས་གནང་ཡོད་ཀྱང་། བཟང་ཕྱོགས་ཀྱི་གནས་ཚུལ་གང་ཡང་མི་འདུག

བོད་རྒྱའི་གནད་དོན་འདི་ནི་བོད་མི་རིགས་ལ་མཚོན་ན་ཐག་གཅོད་ཐུབ་དགོས་པ་ཁ་ཚ་དགོས་གཏུག་གི་བྱ་བ་ཞིག་ཡིན་མོད། ད་ལྟའི་གནས་སྟངས་འདི་ལྟ་བུའི་སྔ་རྗེས་ལ་བསམ་བློ་བཏང་ན་བོད་རྒྱའི་སྐུ་ཚབ་ཐུག་འཕྲད་ཐེངས་ག་ཚོད་བྱས་ཀྱང་། བོད་མི་རིགས་ཀྱི་དགོས་མཁོ་དང་འཚམས་པའི་བོད་དོན་ཐག་གཅོད་གནང་རྒྱུར་ཕན་ཐོགས་གང་ཡང་མེད་པ་སུས་བལྟས་ཀྱང་ཤེས་རྟོགས་ཐུབ་པ་ཞིག་ཏུ་གྱུར་ཡོད། གནས་སྟངས་འདི་ལྟ་བུར་གྱུར་ཟིན་པས་འབྲེལ་ཡོད་སྐུ་ཚབ་རྣམ་པ་དང་། བོད་གཞུང་གི་ངོས་ནས་ཀྱང་གནད་དོན་འདིའི་ཐད་ལ་བསམ་གཞིག་བསྐྱར་མ་ཞིག་གནང་དགོས་པ་ལྟ་བུར་གྱུར་ཟིན་པ་རེད། སྤྱིར་གནད་དོན་ཆེན་པོ་འདི་ལྟ་བུ་ཞིག་དུས་ཡུན་ཐུང་ཐུང་གི་ནང་དུ་སྐུ་ཚབ་ཐེངས་ཁ་ཤས་ཐུག་འཕྲད་བྱས་པ་ཙམ་ལ་བརྟེན་ནས་ཐག་གཅོད་བྱེད་ཐུབ་པ་ཞིག་མ་ཡིན་པར། རྒྱལ་སྤྱིའི་ནང་གནད་དོན་རྙོག་འཛིང་ཆེ་བ་གང་མང་ཞིག་ཐག་གཅོད་བྱེད་སྐབས་སྐུ་ཚབ་ཐུག་འཕྲད་ཧ་ཅང་མང་པོ་བྱས་པའི་ལོ་རྒྱུས་ཀྱང་བགྲང་རྒྱུ་ཡོད། འོན་ཀྱང་དོན་དངོས་གནས་སྟངས་ལ་འགྱུར་བ་འགྲོ་རྒྱུའི་རེ་བ་མེད་ན་སྐུ་ཚབ་ཐུག་འཕྲད་ཙམ་གྱིས་ཕན་ཐོགས་གང་ཡང་མེད་པའང་ཧ་ཅང་གསལ་པོ་རེད། ད་ལྟའི་ཆར་བོད་གཞུང་གིས་སྐུ་ཚབ་ཐུག་འཕྲད་ཐེངས་༩ པ་ཞེས་གསུང་གི་ཡོད་ཀྱང་། ༡༩༧༩ ལོ་བསྐྱར་དུ་འབྲེལ་བ་མཐུད་པ་ནས་བཟུང་ལོ་༣༠ ལྷག་གི་རིང་སྐུ་ཚབ་ཐུག་འཕྲད་ཐེངས་སུམ་ཅུ་མ་ཟིན་ཙམ་གནང་ཟིན་པ་རེད། བོད་པའི་ངོས་ནས་ཀྱང་དོན་དངོས་ལ་གཞིགས་ནས་རེ་བའི་སང་རས་དེ་ཡོངས་སུ་དབྲལ་ནས་གྲ་སྒྲིག་གསར་པ་ཞིག་འགོ་འཛུགས་རྒྱུ་ཧ་ཅང་གལ་ཆེན་པོ་མ་ཡིན་ནམ།
ད་ལྟ་༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་བཙན་བྱོལ་ནང་གི་རྣམ་འགྱུར་ཕྲན་བུ་ཙམ་གྱིས་ཀྱང་བོད་ནང་དུ་ཤུགས་རྐྱེན་ཐེབས་ཐུབ་པ་དང། གཞིས་བཞུགས་མི་མང་གི་ངོས་ནས་ཀྱང་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་ལ་རེ་ལྟོས་དང་ཡིད་ཆེས་ཀྱིས་རེ་སྒུག་བྱེད་བཞིན་ཡོད། དེར་བརྟེན་རྒྱ་གཞུང་དང་འབྲེལ་བ་ཡོད་ཙམ་མེད་ཙམ་ལ་བརྟེན་ནས་དུས་ཚོད་སྐྱེལ་ཐབས་ཙམ་འདིར་མཇུག་འབྲས་གང་ཡང་མེད་པས། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་གི་ངོས་ནས་ཐབས་ཤེས་སྣ་ཚོགས་བརྒྱུད་མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་མཐུན་ཚོགས། ཨ་རིའི་གཞུང་སོགས་ལ་འབོད་སྐུལ་གཅིག་རྗེས་གཉིས་མཐུད་ཀྱིས་ཞུས་ནས། དེ་སྔོན་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་གྲོས་ཆོད་བཞག་པ་ལག་བསྟར་ཡོང་ཆེད་རྒྱལ་ཚོགས་ཀྱིས་འགན་ཁུར་ནས་བོད་ནང་དུ་སུ་གང་གི་གནོན་ཤུགས་མེད་པར་བོད་མི་རིགས་ཀྱི་ངོས་ནས་རྒྱ་གཞུང་གི་དབང་འཛིན་འོག་ཏུ་སྡོད་འདོད་ཡོད་མེད། རང་དབང་གི་ཐོག་ནས་བསམ་ཤོག་བསྡུ་ལེན་བྱ་ཐུབ་ཆེད་དུ་རྒྱལ་སྤྱིའི་ནང་ལས་འགུལ་གང་མང་ཞིག་སྤེལ་ན་གྲུབ་འབྲས་རེ་འབྱུང་སྲིད་པ་ལས། ད་ལྟའི་ལམ་ཁ་འདིར་ཨུ་ཚུགས་ཀྱིས་བསྐྱོད་ནས་གྲུབ་འབྲས་ཐོན་མི་སྲིད་པ་ས་རིས་ཐང་གསལ་དུ་གྱུར་འདུག།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།