མི་ལོ་ལྔ་བཅུ་ཁད་ཀྱིས་འདས་སོང།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༦༧
རྒྱ་དམར་གཞུང་གི་བཙན་འཛུལ་ལ་བརྟེན་ནས་བོད་གཞིས་བྱེས་གཉིས་སུ་གྱེས་ཏེ་མི་ལོ་ཧྲིལ་པོ་༥༠ འདས་ཟིན་པ་དང། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་རིགས་རྣམས་བཙན་བྱོལ་དུ་འབྱོར་ནས་ཀྱང་མི་ལོ་༥༠ ཧྲིལ་པོ་འདས་ཟིན་པ་རེད།
འདས་ཟིན་པའི་མི་ལོ་ལྔ་བཅུ་ལ་ཕྱི་མིག་ཅིག་བལྟས་པའི་ཚེ་གྲུབ་འབྲས་རྐྱང་པའི་ཕྱོགས་ནས་བཤད་ན་གཡུར་དུ་ཟ་བའི་གྲུབ་འབྲས་བླ་ན་མེད་པ་ཐོབ་ཡོད་པ་དང། འཐུས་ཤོར་གྱི་ཐོག་ནས་བཤད་ཀྱང་དེ་དང་གཅིག་མཚུངས་བཞིན་མང་པོ་བགྲང་རྒྱུ་ཡོད། གྲུབ་འབྲས་ཀྱི་ཐོག་ནས་བཤད་ན་བོད་ལ་རང་དབང་རང་བཙན་ཡོད་པའི་སྐབས། བོད་མི་རིགས་དང་བོད་རྒྱལ་ཁབ་དེ་འཛམ་བུའི་གླིང་གི་ནང་དུ་ཤེས་རྟོགས་ཡོད་མཁན་ཧ་ཅང་ཉུང་ནའང་། ད་ལྟའི་ཆར་བོད་ཀྱི་གནད་དོན་དང། བོད་ཀྱི་རིག་གཞུང་ལ་འཛམ་བུའི་གླིང་གི་ཁྲོད་དུ་ངོས་འཛིན་གསལ་པོ་བྱུང་ཡོད་ལ། བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཡང་གཞུང་སྒེར་ཧ་ཅང་མང་པོ་ཡོད། ད་དུང་རྒྱ་ནག་གཞུང་གིས་ཞིབ་ཚགས་གོ་རིམ་ལྡན་པའི་འཆར་གཞི་གང་མང་བརྒྱུད་བོད་ཀྱི་ཆོས་དང་རིག་གནས་རྩ་མེད་གཏོང་རྒྱུའི་དམིགས་ཡུལ་ངན་པ་ཞིག་བཟུང་ཡོད་ཀྱང་། བོད་ཀྱི་རིག་གནས་ལ་དགའ་ཞེན་དང་མཁྱེན་རྟོགས་ཟབ་པའི་བོད་རིགས་བླ་སྤྲུལ་མཁན་པོ་དགེ་བཤེས་ཁག་དང། མཁས་དབང་ཁག ལ་རྒྱ་དང་སེམས་ཤུགས་ཅན་གྱི་ན་གཞོན་བཅས་ཀྱིས་བླ་ན་མེད་པའི་ལྷག་བསམ་དང་སྙིང་སྟོབས་ལ་བརྟེན་ནས་བོད་ཀྱི་རིག་གནས་གོ་ལ་ཧྲིལ་པོ་འདིའི་ཁྱོན་ནས་རྩ་བརླགས་སུ་མ་སོང་བར། ད་ལྟའི་ཆར་ཡང་བོད་ནང་དུ་རྒྱུན་འཛིན་བྱེད་ཐུབ་པ་བྱུང་ཡོད། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་རིགས་ཀྱི་ངོས་ནས་ཀྱང་འཚོ་བ་དང་ཁོར་ཡུག་མཐུན་རྐྱེན་གང་ཐད་ནས་དཀའ་ངལ་ཧ་ཅང་མང་པོ་ཞིག་ལ་གདོང་ལེན་གྱིས་བོད་ཀྱི་སློབ་གྲྭ་ཁག་དང་དགོན་སྡེ་ཁག་གང་མང་ཟུར་འཛུགས་ཀྱིས་ད་ལྟའི་ཆར་བཙན་བྱོལ་ནང་དུ་བོད་ཀྱི་རིག་གནས་རྒྱུད་འཛིན་དར་སྤེལ་གྱི་ཐོག་ལ་གྲུབ་འབྲས་མི་དམན་པ་ཐོབ་ཡོད་པ་སོགས། མདོར་ན་བོད་གཞིས་བྱེས་གཉིས་སུ་ད་བར་བོད་མི་རིགས་ཀྱི་ངོ་བོ་མ་བརླགས་པར་གནས་ཐུབ་ཡོད་པ་འདི་ང་ཚོའི་གནས་སྟངས་ཀྱི་ཐོག་ནས་བཤད་ན་གྲུབ་འབྲས་ཆེ་ཤོས་སུ་གྱུར་ཡོད།
འཐུས་ཤོར་རམ་ནུས་པ་མ་ཐོན་པའི་ཐོག་ནས་བཤད་ན། མི་ལོ་༥༠ ཙམ་འདས་པའི་རིང་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་མེད་པ་མ་ཟད། ད་དུང་ཐུན་མོང་གིས་ངོས་འཛིན་ཐུབ་པའི་ཁ་ཕྱོགས་གསལ་པོ་ཞིག་ཀྱང་རྙེད་མེད། བཙན་བྱོལ་བོད་གཞུང་གི་བོད་དོན་ཐག་གཅོད་བྱེད་པའི་སྲིད་བྱུས་ཀྱི་ཁ་ཕྱོགས་ཀྱང་རྒྱ་གཞུང་གི་ལངས་ཕྱོགས་དང་བསྟུན་གང་ཐུབ་བྱས་ཀྱང་། རྒྱ་གཞུང་གིས་མགོ་པང་དུ་བཞག་ཀྱང་མཆེ་བ་ཀླད་ཁུང་ནང་དུ་འཛུགས་པའི་དཔེ་བཞིན་བྱེད་པ་ལས། བཟང་ཕྱོགས་ཀྱི་གྲུབ་འབྲས་གང་ཡང་སོན་མེད། དེ་བཞིན་བཙན་བྱོལ་ནང་དུ་བོད་ཀྱི་རིག་གནས་དང་། དེང་དུས་ཀྱི་རིག་གནས་ལ་རྒྱུན་རིང་སློབ་སྦྱོང་དང་ཞིབ་འཇུག ལས་ཀ་བྱས་ནས་གྲུབ་འབྲས་ཐོན་པའི་མི་སྣ་དཀོན་པ་དང། མ་འོངས་པར་བོད་གསར་པ་འཛུགས་སྐྲུན་བྱེད་རྒྱུའི་ཆེད་དུ་ཤེས་ཡོན་མི་སྣ་འདང་ངེས་མེད་པ་མ་ཟད། དེའི་སྐོར་ལ་དོ་སྣང་བྱེད་མཁན་ཧ་ཅང་དཀོན་པ་ནི་མི་ལོ་ལྔ་བཅུའི་རིང་མི་རབས་གསར་པ་སྐྱེད་སྲིང་བྱེད་ཕྱོགས་ཀྱི་ཐོག་གཞུང་སྒེར་གཉིས་ཀྱི་ཆ་ནས་མིག་རྒྱང་ཐུང་དྲགས་པའི་གནས་ཚུལ་ཧ་ཅང་གསལ་པོར་གྱུར་ཡོད། ད་ལྟའི་ཆར་སྤྱི་ཚོགས་ནང་ཕ་མ་དང་གཉེན་ཉེ་སོགས་ཀྱིས་སུའི་བུ་ཕྲུག་ཨ་རི་དང་ཡུ་རོབ་ཏུ་ཐར་ཡོད་མེད་གླེང་བ་ལས། སྔོན་ཐོན་གྱི་ཡུལ་གྲུ་དེ་དག་གི་ནང་དུ་སླེབས་ནས་བོད་གསར་འཛུགས་སྐྲུན་གྱི་ཕྱོགས་ལ་ནུས་ཤུགས་འདོན་ཐུབ་པའི་ཆེད་ལས་གང་དང་གང་ཡིན་རྩད་གཅོད་བྱེད་མཁན་མེད་ལ། ན་གཞོན་ཚོའི་ངོས་ནས་ཀྱང་དེ་ལྟར་རྩོད་ལེན་བྱེད་མཁན་ཧ་ཅང་དཀོན། མདོར་ན་མི་རབས་གསར་པ་ཞིག་སྐྱེད་སྲིང་བྱེད་ཐུབ་མེད་པ་ནི་འཐུས་ཤོར་ཆེ་ཤོས་སུ་གྱུར་ཡོད་པས་སྔོན་ཐོན་གྱི་ཡུལ་གྲུ་ཞིག་ཏུ་སླེབས་རྗེས་གཡོག་ལས་ཙག་ཙིག་ཙམ་བྱེད་རྒྱུ་ཁོ་ནས་མི་འགྲིག་པར། དེང་དུས་རིག་གནས་ཐད་ཤེས་ཡོན་འཛོམས་པ་མ་འོངས་པར་བོད་གསར་པ་འཛུགས་སྐྲུན་བྱེད་ཐུབ་པའི་མི་རབས་གསར་པ་ཞིག་སྐྱེད་སྲིང་བྱེད་ཐུབ་ཐབས་སུ་གཞུང་སྒེར་གཉིས་ངོས་ནས་འབད་བརྩོན་བྱེད་དགོས་པ་ཧ་ཅང་གལ་ཆེ་བར་སྣང་།།