ཨོ་བྷ་མ་དང་མཇལ་འཕྲད་ཀྱི་སྔ་རྗེས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༦༩
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་ཨ་རིར་ཆིབས་བསྒྱུར་གྱིས་ཕྱི་ཟླ་༢ ཚེས་༡༨ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང༌། ལོ་སྔོན་མའི་ལོ་མཇུག་ཙམ་དུ་༧གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་གནང་བའི་སྐབས་སྲིད་འཛིན་མཆོག་གིས་༧གོང་ས་མཆོག་དང་མཇལ་འཕྲད་མ་གནང་བ་དེར་ཨ་རིའི་མི་མང་གི་ངོས་ནས་སྐྱོན་བརྗོད་མང་དག་ཅིག་བྱུང་ཡོད་པ་རེད།

ད་ལྟའི་ཆར་རྒྱ་ནག་གཞུང་གི་རྒོལ་གཏམ་ཇི་ལྟར་བཏང་མིན་ལ་མ་ལྟོས་པར་༧གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང། སྐབས་དེར་ཨ་རིའི་གཞུང་ཕྱོགས་ནས་གསར་འགོད་གསལ་བསྒྲགས་གནང་བའི་སྐབས་བརྗོད་པ་ལྟར་ན། ཨ་རིའི་སྲིད་འཛིན་གྱིས་༧གོང་ས་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཆེད་”རྒྱུན་སྐྱོང་གནང་བཞིན་པའི་དབུ་མའི་ལམ་དང་། འཚེ་བ་མེད་པའི་ལྟ་གྲུབ་བཅས་ལ་སྲིད་འཛིན་ཨོ་བྷ་མ་མཆོག་གིས་བསྔགས་བརྗོད་དང། བོད་མི་རིགས་ཀྱི་ངོ་བོ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བཅས་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་ཡོད། དེ་བཞིན་སྲིད་འཛིན་མཆོག་གིས་དམིགས་སུ་བཀར་ནས་བོད་རྒྱའི་དབར་མི་མཐུན་པའི་གནད་དོན་ལ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་ཆེད། ཕྱོགས་གཉིས་ཀས་རྒྱུན་བསྲིང་དགོས་པ་དང་། ཉེ་ལམ་བོད་རྒྱའི་དབར་གྲོས་མོལ་བསྐྱར་གསོ་བྱུང་བའི་གནས་ཚུལ་ལ་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད་”ཅེས་གསལ་སྟོན་གནང་ཡོད་པ་རེད། སྐབས་འདིར་རྒྱ་ནག་གཞུང་གིས་མཇལ་འཕྲད་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཡོད་པ་དང། བོད་ཕྱི་ནང་གཉིས་ཀྱི་བོད་མི་མང་པོ་ཞིག་གིས་དགའ་བསུ་ཤུགས་ཆེ་ཞུས་ཡོད་པ་རེད། དོན་དངོས་ཐོག་མཇལ་འཕྲད་དེས་བོད་དོན་ཐག་གཅོད་ཡོང་བར་ནུས་པ་དང་གྲུབ་འབྲས་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཆོག་མིན་ཇི་ལྟར་ཡང། རྒྱ་ནག་གཞུང་གིས་རྒོལ་གཏམ་ཤུགས་ཆེ་གཏོང་བཞིན་པའི་དུས་ཚོད་འདིར་ཨ་རིའི་སྲིད་འཛིན་གྱིས་གང་ལའང་མ་འཛེམས་པར་༧གོང་ས་མཆོག་ལ་མཇལ་འཕྲད་གནང་བ་དེ་བོད་མི་རིགས་ཀྱི་ལ་རྒྱའི་ཐོག་ནས་བརྗོད་ན་རྒྱལ་ཁ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད།
བོད་རྒྱབ་ཁབ་ཀྱི་གནད་དོན་ཐག་གཅོད་ཡོང་བ་ལ་བོད་མི་རིགས་ཀྱི་ངོས་ནས་ཤུགས་རྒྱག་དགོས་པ་ལས། ད་ལྟའི་ཆར་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་ལྟོས་ནས་བཤད་ན་སྟོབས་ཆེན་ཨ་རི་ལྟ་བུའི་རྒྱལ་ཁབ་ཅིག་ཡིན་ཡང། བོད་ཀྱི་གནད་དོན་ཐད་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་ཁོ་ན་སྤྲད་པར་བརྟེན་ནས་བོད་ལ་རང་བཙན་ནམ་རང་སྲིད་རང་སྐྱོང་གི་གནས་བབས་གང་ཡང་འཐོབ་མི་སྲིད་ལ། གཙོ་ཆེ་ཤོས་བོད་པ་རང་ངོས་ནས་འབད་བརྩོན་དང་འཐབ་རྩོད་ཀྱི་འཆར་གཞི་ཚད་ལྡན་ཕུགས་འཕེར་ཡོད་མེད་ལ་རག་ལས་ཡོད། བོད་པ་རང་གི་ངོས་ནས་གང་བྱེད་རྒྱུ་ཡོད་པ་དེ་འཐུས་ཤོར་མེད་པ་ཞིག་བྱེད་ཐུབ་སོང་ན་སྐབས་དེ་དུས་ཕྱིའི་རྒྱལ་ཁབ་ཁག་གི་བོད་དོན་ལ་རྒྱབ་སྐྱོར་དང། རྒྱ་གཞུང་ལ་གནོན་ཤུགས་སྤྲད་ན་ནུས་པ་འཐོན་སྲིད་པ་ལས། བོད་པ་རང་ཉིད་ཀྱི་ངོས་ནས་དུས་རྒྱུན་ཕྱིའི་རོགས་རམ་དང་རྒྱབ་སྐྱོར་ཁོ་ན་ལ་བསྒུགས་ནས་བསྡད་ན་བོད་དོན་དེ་འཛམ་གླིང་གི་རྒྱབ་ཁབ་སྟོབས་ཆེན་ཁག་གིས་རྒྱ་གཞུང་ལ་དཔལ་འབྱོར་དང་ཆབ་སྲིད་ཀྱི་འབྲེལ་བའི་ནང་གི་རྔན་པ་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་ལས། བོད་དོན་ལ་དམིགས་བསལ་གྱིས་ཕན་ཐོགས་གང་ཡང་མེད་པ་ཞིག་ཏུ་འགྱུར་ངེས་པ་རེད། ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་དང་ཆབ་སྲིད་ཀྱི་འབྲེལ་བའི་ཐོག་ནས་ཨ་རིའི་གཞུང་ལ་དམིགས་བསལ་གྱི་ཁེ་ཕན་ཆེ་བ་ཡོང་བཞིན་པའི་སྐབས་སུ་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་དག་ཀྱང་དོན་དག་ཆུང་ངུ་ཞིག་ཏུ་འགྱུར་རྒྱུ་ལས། ཨ་རིའི་གཞུང་ཕྱོགས་ཀྱི་དཔོན་རིགས་སུ་ཡིན་ཡང་རྒྱལ་ཁབ་ཀྱི་ཁེ་ཕན་བློས་གཏོང་མི་སྲིད་པ་རེད། འཛམ་གླིང་གི་རྒྱལ་ཁབ་སུ་ཡིན་ཡང་གནད་དོན་དེ་འདྲ་ལ་ཐུག་པའི་སྐབས་དེ་མཚུངས་བཞིན་ལག་བསྟར་བྱེད་ངེས་པ་བཙན་བྱོལ་བོད་གཞུང་གི་བྱེད་སྟངས་རང་གི་ཐོག་ནས་ཀྱང་དཔེ་མཚོན་བགྲང་རྒྱུ་ཡོད། དེར་བརྟེན་བོད་པ་མང་པོ་ཞིག་གིས་རང་ཉིད་ཀྱིས་དཀའ་ལས་རྒྱག་མི་དགོས་པར་རེ་བ་ཁོ་ན་ལ་ཕུགས་བཅོལ་བ་ནི་ནོར་འཁྲུལ་ཞིག་ཏུ་གྱུར་ཡོད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།