བུད་མེད་ཀྱི་ནུས་ཤུགས་ལ་རེ་བ།
ཟླ་འདིའི་ཚེས་༤ ཉིན་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་སྐོར་ལ་ཆེས་མཐོའི་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་ཡོད་པ་དང། སྐབས་དེར་ཚོགས་ཞུགས་པ་བུད་མེད་ཁག་ཅིག་ལ་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་སྲིད་ཇུས་ཀྱིས་ཕན་ཐོགས་ཇི་ཡོད་དང། སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་གྱི་གནས་བབས་ག་འདྲ་ཡིན་མིན། བུད་མེད་རང་ངོས་ནས་ལས་ཀ་བྱེད་སྐབས་འཐུས་ཤོར་ག་རེ་ཕྱིན་ཡོད་མེད་དང། དམིགས་བསལ་དཀའ་ངལ་གང་ཡོད་བཅས་བཅར་འདྲི་བྱས་པ་ཡིན།
སྦིར་ས་གནས་གཞིས་འགོ་ཚེ་རིང་ལྷ་མོ་ལགས་ཀྱིས་གསུང་དོན། “བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་སྲིད་ཇུས་དེ་གོམ་པ་དང་པོ་དེ་སྤོས་པ་རེད་བསམ་གྱི་འདུག བོད་པའི་སྤྱི་ཚོགས་ནང་མི་འབོར་དེ་བུ་དང་བུ་མོ་བརྒྱ་ཆ་ལྔ་དང་བཅུ་ལྔ་བཅུ་ཆགས་བསྡད་ཡོད་པས། བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་བགྲོ་གླེང་འདི་འདྲ་མང་པོ་འཚོགས་ན། ལོ་ལྔ་བཅུའི་རྗེས་ནས་བུད་མེད་འགོ་ཁྲིད་མང་པོ་གཞུང་གི་འཛིན་སྐྱོང་ནང་སླེབས་ཐུབ་པ་དང། གཞུང་གི་འཛིན་སྐྱོང་ཡག་པོ་ཡོང་ཐུབ་པར་རེ་བ་བྱེད་ཀྱི་ཡོད། ༧སྐྱབས་མགོན་རིན་པོ་ཆེས་བུད་མེད་འགོ་ཁྲིད་མང་པོ་སླེབས་ན། མི་མང་གི་དཀའ་ངལ་དང་སེམས་འཚབ་ལ་བཟོད་སྲན་དང་ལྟ་སྐྱོང་ཡག་པོ་བྱེད་ཐུབ་ཀྱི་ཡོད་པ་རེད་ཅེས་གསུང་གི་ཡོད་པ་རེད། སློབ་སྦྱོང་ཡོད་མཁན་ཚོས་བུད་མེད་ལ་ཟབ་སྦྱོང་དང་སློབ་སྦྱོང་སྤྲོད་ཐུབ་ན་ཡག་པོ་ཡོད་པ་རེད་བསམ་གྱི་འདུག
བཟའ་ཚང་དང་ནང་མི་ཚང་མས་རྒྱབ་སྐྱོར་དགོས་པ་དེ་གལ་ཆེན་པོ་རེད། བུ་དང་བུ་མོ་སྤྱིར་བཏང་འདྲ་མཉམ་ཡོད་པ་རེད་མོད། དངོས་སུ་ལས་ཀ་བྱེད་དུ་འགྲོ་སྐབས་རྒྱབ་སྐྱོར་མེད་ན་དཀའ་ངལ་ཆེན་པོ་རེད། གཙོ་བོ་དོ་བདག་སོ་སོ་ལ་རག་ལས་པ་ཞིག་རེད། བུད་མེད་ཀྱིས་བུད་མེད་ལ་སེམས་ཤུགས་སྤེལ་བ་དང། གཞུང་དང་གཞུང་འབྲེལ་གང་ཡིན་ནའང། ལས་འགུལ་ཁག་ནང་མཉམ་ཞུགས་བྱེད་ཐུབ་ན། བུད་མེད་ཀྱི་ནུས་ཤུགས་ཆེ་རུ་འགྲོ་ཡི་རེད་བསམ་གྱི་འདུག གཞིས་ཆགས་ཁག་ཏུ་ས་གནས་འགོ་འཛིན་བུད་མེད་ལྔ་མ་གཏོགས་མི་འདུག ལོ་ལྔ་དང་བཅུའི་རྗེས་ནས་ཡར་རྒྱས་འགྲོ་ཐུབ་པ་ལ་རེ་བ་བྱེད་ཀྱི་ཡོད། དཀའ་ངལ་མང་པོ་ཡོད་པ་རེད། བུ་དེ་ཚོ་ལས་ཀ་ག་རེ་ཡིན་ནའང་བྱེད་ཐུབ་ཀྱི་ཡོད་བསམ་མཁན་དང། རླུང་ལངས་ཚ་པོ་འདྲ་ཞིག་མེད་འགྲོ་བསམ་གྱི་འདུག བུད་མེད་དེ་ཚོ་བཟོད་བསྲན་དང། བྱམས་སྙིང་རྗེ་ཆེ་བ་མེད་འགྲོ་བསམ་གྱི་འདུག མཚན་མོོ་ཕྱི་ལོག་ཏུ་གཅིག་པུར་འགྲོ་རྒྱུ་དེ་ཚོ་མཚམས་མཚམས་སུ་དཀའ་ངལ་ཆགས་ཀྱི་འདུག དེ་མིན་ཚང་མ་གཅིག་པ་རེད་བསམ་གྱི་འདུག་”ཅེས་འགྲེལ་བརྗོད་བྱས་སོང།
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་ཟླ་སྒྲོན་ལགས་ཀྱིས་གསུང་དོན། “གཙོ་བོ་དེ་ཚིག་བེད་སྤྱོད་གཏོང་སྟངས་བུད་མེད་ཀྱི་ནུས་ཤུགས་སྤེལ་བ་མ་རེད། ནུས་ཤུགས་ཡོད་པ་དེ་གོང་འཕེལ་དགོས་པ་རེད་ཅེས་པ་ལྟ་བུར་བགྲོ་གླེང་བྱེད་ཀྱི་འདུག ད་ཐེངས་བགྲོ་གླེང་འདི་ཚར་བ་དང་བུད་མེད་ཀྱི་ནུས་ཤུགས་གོང་འཕེལ་གཏོང་ཐུབ་པ་དེ་འདྲ་མ་རེད་མོད། འཆར་གཞི་སྒྲིག་རྒྱུའི་དུས་ཚོད་བཟང་པོ་ཞིག་རེད་འདུག ལྷན་ཁང་ཁག་གི་དྲུང་ཆེ་མང་ཆེ་བ་སྐྱེས་པ་ཆགས་བསྡད་ཡོད་པས། ཁོང་ཚོ་ཡང་མང་པོ་ཞིག་བགྲོ་གླེང་ཐོག་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད། བཀའ་ཤག་གི་བུད་མེད་སྲིད་ཇུས་དེ་ག་འདྲ་ཞིག་ལག་བསྟར་བྱེད་དགོས་མིན་སོགས་ལ་བགྲོ་གླེང་བྱེད་ཀྱི་ཡོད་པ་རེད།
བུད་མེད་ལ་དཀའ་ངལ་དང་། ཞན་ཆ་ཡོད་པ་རེད་མོད། ཁེ་ཕན་ཡང་མང་པོ་ཡོད་པ་རེད། བུ་ཞིག་གིས་ལས་ཀ་མ་འདྲ་བ་ཞིག་བྱས་ནའང་དོ་སྣང་དེ་ཙམ་མེད་པ་དང། བུད་མེད་ཅིག་གིས་ལས་ཀ་མ་འདྲ་བ་ཞིག་བྱས་ན་དོ་སྣང་སྤྲོད་ཀྱི་རེད། སྤྱིར་བཏང་བུད་མེད་སྐྱོ་བ་ལ་བརྩིས་ནས། ཧང་སང་མདོག་གིས་དོ་སྣང་སྤྲད་པ་རེད་མོད། བུད་མེད་ལ་དེ་ཁེ་ཕན་ཆགས་བསྡད་ཡོད་པ་རེད། སྤྱི་ཚོགས་གཞན་པ་ལ་བལྟས་ན། བོད་ཀྱི་སྤྱི་ཚོགས་ནང་བུད་མེད་ཀྱིས་ནང་གི་འགན་ཁུར་བ་དང། ཕྱི་ལོག་ཏུ་ལས་ཀ་བྱེད་ཐུབ་ཀྱི་ཡོད་པ་རེད། ནུས་པ་གང་འཚམས་ཐོན་ཐུབ་ཡོད་པ་རེད་མོད། སྲིད་སྐྱོང་རྒྱུ་དང། ཤེས་ཡོན་གྱི་སྐོར། ཆོས་ཕྱོགས་ཀྱི་ལས་དོན་བཅས་ལ་བོད་པའི་བུད་མེད་རྗེས་ལུས་ཆགས་འདུག བུད་མེད་རང་ངོས་ནས་འབད་བརྩོན་བྱེད་རྒྱུ་དང། སྤྱི་ཚོགས་ཀྱི་ངོས་ནས་མཐུན་རྐྱེན་བསྐྲུན་དགོས་པ་རེད་བསམ་གྱི་འདུག
བུད་མེད་སོ་སོས་དང་དུ་བླངས་ནས་འགན་ཁུར་མཁན་དཀོན་པོ་རེད། སྐད་ཆ་ཞིག་བཤད་བཅུག་ན། ཤེས་ཀྱི་ཡོད་ནའང། ཨུ་ཚུགས་བརྒྱབ་སྟེ་ལག་པ་ནས་འཐེན་དགོས་པ་ལྟ་བུ་རེད། བུད་མེད་སོ་སོ་ལ་གཞན་པས་ནུས་ཤུགས་མ་སྤྲད་ན་འགན་ཁུར་མི་ཐུབ་པའི་ཞན་ཆ་འདུག ཕོ་མོ་འདྲ་མཉམ་ཟེར་བ་དེ་འདྲ་མིན་རེད། སྤྱིར་བཏང་ཆོས་ཕྱོགས་ཡིན་ནའང། ཕོ་མོ་འདྲ་མཉམ་མ་སྤྲད་པ་རེད་མི་འདུག་མོད། ཐོབ་ཐང་ལེན་སྟངས་ཡིན་ནའང། སྤྱི་ཚོགས་ནང་ཆགས་སྟངས་ཡིན་ནའང། སྤྱི་ཚོགས་ནང་བཀྲམ་སྟངས་ཡིན་ནའང་རེད། དེ་ལ་ཞན་ཆ་ཞིག་ཏན་ཏན་འདུག སྤྱི་ཚོགས་ནང་མི་ཚེ་སྐྱེལ་སྟངས་ལ་བུད་མེད་གྲུང་པོ་རེད། མེག་གྷན་གྱི་ལམ་ཁར་བལྟས་ནའང། ཨ་ལོ་མོག་མོག་བཙོང་མཁན་དང། ཚོང་ཁང་ཚང་མའི་ནང་བུད་མེད་ཀྱིས་བྱེད་ཀྱི་འདུག དེ་བཞིན་སློབ་གྲྭའི་ནང་ཨང་ཀི་མཐོ་བ་བུད་མེད་ཀྱིས་ལེན་གྱི་འདུག མཐོ་སློབ་འགྲོ་མཁན་ཡང་བུད་མེད་གང་འཚམས་ཡོད་པ་རེད། ཡིན་ནའང་བར་ལམ་དེ་ནས་འཐུས་ཤོར་འགྲོ་ཡི་འདུག ཕ་མ་ཡིན་ནའང། ཆང་ས་སྔོན་དུ་རྒྱག་དགོས་པ་རེད་ཟེར་བ་ལྟ་བུ་དང། ཨ་མ་ཞིག་ཆགས་དགོས་ཀྱི་ཡོད་པ་ལྟ་བུས་ཁྲིད་འགྲོ་མཁན་འདྲ་ཞིག་འདུག སློབ་སྦྱོང་བྱས་ནས་མཐའ་མ་ལས་ཀ་བྱེད་ས་ལ་སླེབས་དུས་སློབ་སྦྱོང་བྱས་པ་ནང་བཞིན་ནུས་པ་འདོན་ཐུབ་ཀྱི་མི་འདུག ད་ཐེངས་ནུས་པ་འདོན་ཐུབ་ཐབས་ལ་བགྲོ་གླེང་བྱེད་ཀྱི་ཡོད་པ་རེད་”ཅེས་འགྲེལ་བརྗོད་བྱས་སོང།
མ་སུ་རི་ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ་སྐལ་བཟང་སྒྲོལ་མ་ལགས་ཀྱིས་གསུང་དོན། “སྤྱིར་བཏང་རྒྱ་གར་ཡིན་ནའང། བུད་མེད་ཚོས་ལས་ཀ་མཐོ་དམན་ཚང་མ་བྱེད་ཀྱི་ཡོད་པ་རེད། དེ་བཞིན་བོད་པ་ཡིན་ནའང། ལས་ཀ་དེ་འདྲ་བྱེད་དགོས་བསམ་པའི་ཚོར་སྣང་བྱུང་སོང། སྔོན་མ་དང་བསྡུར་ན་བུད་མེད་ཀྱི་གནས་བབས་ཡར་རྒྱས་སོང་ཡོད་པ་རེད།
གཞོན་སྐྱེས་ཚོར་སློབ་སྦྱོང་ཡག་པོ་དང། ལོ་རྒན་པ་ཚོར་སེམས་ཤུགས་ཡག་པོ་ཡོད་པ་རེད། དེ་གཉིས་མཉམ་པོར་འགྲོ་མ་ཐུབ་ན་ལས་ཀར་འཐུས་ཤོར་འགྲོ་ཡི་འདུག ལོ་ཆེ་ཆུང་ལ་མ་ལྟོས་པར་ཟབ་སྦྱོང་འདིའི་རིགས་གོ་སྒྲིག་བྱེད་ཐུབ་ན་ཕན་ཐོགས་འདུག ལས་ཀ་གང་སར་ཕན་གང་ཐོགས་བྱེད་ཀྱི་ཡོད་པ་རེད་མོད། ནང་ལ་བལྟ་དགོས་པ་རེད། ཕྱི་ལོག་ལ་བལྟ་དགོས་དུས་འཐུས་ཤོར་འགྲོ་ཡི་འདུག ཡིན་ནའང་བོད་གཞུང་ལ་ཞབས་ཕྱི་བསྒྲུབ་དགོས་པ་རེད་བསམས་ནས་གང་ཐུབ་བྱེད་ཀྱི་ཡོད་པ་རེད། ས་གནས་བུད་མེད་ཀྱི་ངོས་ནས་ཡིན་ནའང། སློབ་གྲྭ་ཁག་ལ་རོགས་སྐྱོར་དང་སློབ་གསོ་གང་ཐུབ་བྱེད་ཀྱི་ཡོད་པ་རེད། རང་བདེན་ཚོགས་ཆུང་དང། ས་གནས་འཐུས་མིའི་ནང་དུ་བུ་གཅིག་པུ་མ་གཏོགས། བུད་མེད་ལ་འོས་བླུགས་རྒྱུ་ཡོད་པ་ད་ཐེངས་མ་གཏོགས་ངས་གོ་མ་མྱོང། དེ་ཚོའི་ནང་དུ་བུད་མེད་ཉུང་ཉུང་ཡིན་པ་དེ་མི་མང་གིས་སེམས་ནང་བུ་གཅིག་པུ་མ་གཏོགས་བུད་མེད་འགྲོ་ཆོག་གི་ཡོད་པ་ཧ་མ་གོ་ནས་འཐུས་ཤོར་ཕྱིན་པ་མིན་འགྲོ་བསམ་གྱི་འདུག བུད་མེད་ཀྱིས་སློབ་སྦྱོང་གང་ཡོང་བྱས་ཏེ་བུད་མེད་ཀྱིས་བོད་རང་བཙན་ཆེད་དང། བོད་གཞུང་ལ་ཞབས་ཕྱི་ག་འདྲ་ཞུ་ཐུབ་ས་རེད། བསམ་བློ་གཏོང་དགོས་ཀྱི་འདུག་”ཅེས་འགྲེལ་བརྗོད་གནང་སོང།།