བོད་དང་བོད་མིར་རྐྱེན་ངན་གྲོགས་ཤར།
བྱང་ཨ་རིའི་སྤྱི་ཟུར་དབང་ཕྱུག་རྡོ་རྗེ།
དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང། གྲོགས་འབྲེལ། གཉེན་ཉེ་ཕན་ཚུན་བཀའ་མོལ་མང་ཆེ་བ་དེ་སྔོན་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པའི་ཚོགས་དུས་བརྒྱད་པའི་རྙོག་ཟིང་སྐབས་སྒྲོན་པའི་བརྙན་འཁོར་གཟིགས་ཞིབ་གནང་བས། འགའ་ཤས་ནི་བརྗོད་བྲལ་ཧང་སངས་འགའ་ཤས་ནི་ཐུགས་ཕམ་གང་དྲག་ཅི་དྲག འགའ་ཤས་ནི་ང་ཚོའི་རེ་བ་དང་ཡིད་ཆེས་ཞུ་སའི་ཁ་དོག་འདི་འདྲ་ཨེ་ཡིན་ཡང།
མ་འོངས་པར་སྤྱི་འཐུས་འདེམས་རྒྱུར་ཕན་ཐོགས་ཆེན་པོ་རེད། འགའ་ཤས་ཀྱིས་ཨ་ཙི་ང་ཚོའི་སྐྱབས་ཡུལ་དགེ་འདུན་པ་སངས་རྒྱས་ན་བཟའ་བཞེས་ནས། ངར་ཆ་ཆེ་བ། ཕྱོགས་ལྷུང། ཞལ་མདངས་དམར་རྫིག་རྫིག ཕྱག་དཔུང་བསྐྱེད་ཟིང་ཟིང་འུ་ཅག་ཕལ་པ་ལས་ཀྱང་ཕལ་པ། འགའ་ཤས་ནི་གནས་ཚུལ་ཇི་བྱུང་ལ་ཐུགས་སྣང་སེམས་འཁུར་ཡེ་ནས་མེད་པའི་གནས་ཚུལ་ལམ་ཙམ་ཡིན།
རང་ཉིད་ཀྱིས་བརྙན་འཁོར་དེ་དངོས་སུ་མིག་མཐོང་རྗེས་རང་ཉིད་བོད་མི་ཞིག་ཡིན་པ་དང། རང་གི་གཞུང་དང་རྒྱལ་ཁབ། མི་རིགས་ཀྱི་རྩ་དོན་ཐོག་ལེགས་སྤེལ་ཉེས་འགོག་གི་བསམ་ཚུལ་ཞིག་གསར་ལམ་བརྒྱུད་མ་ཞུས་ན། བརྙན་འཁོར་མིག་ལྟ་བྱས་པའི་དོན་གོ་མ་ཆོད་པ་དང། གཉིས་ནས་རང་གིས་བོད་དང་བོད་མིའི་ཆབ་འབངས་ཀྱི་ལས་འགན་འཁུར་ལེན་མ་བྱས་པའི་གནོང་འགྱོད་ཆེན་པོ་ཡོང་ངེས་ཀྱི་གནས་ཚུལ་ཐུང་ཙམ་འདི་ཞུ་བར་ཐལ།
གྲོས་ཚོགས་གསོལ་ཅོག་སྟེང་གི་གྲོས་འཆར་གྲོས་གཞིའི་ཐོག་མང་གཙོའི་ལམ་སྲོལ་བཟང་པོར་བགྲོ་གླེང་གནང་རྒྱུའི་ངོ་བོ་དོར་ནས། ད་ཡོད་སྤྱི་འཐུས་མང་པོར་ལན་མང་ཕན་ཚུན་འཁོན་འཛིན་ཇི་ཡོད་དངོས་སུ་གསལ་བཤད་རྗེན་པ་རྡོག་ཐོན་ཐུབ་པ་དེ་བཞིན་སྤྱི་སྒེར་གཉིས་ལ་ཐུགས་ཕན་ཆེན་པོ་གསོས་པ་ལོས་ཡིན། ལྷག་པར་དེང་སྐབས་ཚན་རིག་ཡར་རྒྱས་ཁོ་ནའི་བཀའ་དྲིན་གྱིས་གཡས་ཁག་གཡོན་དཀྲི་མེད་པའི་གནས་ཚུལ་ཇི་མ་ཇི་བཞིན་རྒྱལ་གཅེས་མང་ཚོགས་ཀྱི་སྤྱན་ལམ་དུ་མཁྱེན་རྟོགས་ཐུབ་སླད་མ་འོངས་པར་རང་གི་སྐུ་ཚབ་འདེམས་ཕྱོགས་མ་ཟད། མང་གཙོ་ཡར་རྒྱས་ལའང་མི་རེ་ངོ་རེས་ཐུགས་འགན་ཆ་ཤས་བཞེས་རྒྱུ་སོགས་ཕྱོགས་གང་ས་ནས་ཕན་ཐོགས་ཆེན་པོ་བྱུང་བར་ངོས་འཛིན་ཞུ་ཡི་ཡོད། རྩ་བའི་དོན་དངོས་ཀྱི་རྐྱེན་རྩའི་ཐོག་དཔྱད་གཏམ་མདོར་བསྡུས་ཞུས་ན། སྤྱི་འཐུས་བྱེ་བྲག་པ་ཁོ་རང་སོ་སོའི་ཐུགས་འདོད་བཞིན་ཡུལ་གྲུ་གཞན་ལ་གནས་སྤོས་གནང་སྟབས། རང་ཉིད་སྤྱི་འཐུས་དགོངས་ཞུ། དེ་མིན་གནམ་གླ་སོགས་རང་ངོས་ནས་སྤྲོད་དགོས་པ་རྩོད་མེད་རེད། ལྷག་པར་བྱེ་བྲག་པ་ཁོ་རང་ལོ་མང་སྤྱི་འཐུས་གནང་བའི་ཁྲིམས་དང་སྒྲིག་གཞི་སོགས་ཕྲན་བུ་མཁྱེན་དགོས་ཚོད་ཡིན། སྤྱི་འཐུས་རྣམ་པའི་ཐུགས་འགན་གཙོ་བོ་མང་ཚོགས་ཀྱི་བདེ་རྩ། ཤེས་ཡོན། འཕྲོད་བསྟེན། སྲུང་སྐྱོབ་སོགས་ཡར་རྒྱས་གོང་འཕེལ་ཐོག་ཁྲིམས་དང་སྒྲིག་གཞི་གསར་བཟོ། བཟོ་བཅོས་ཞིབ་འཇུག་ཚགས་ཚུད་དེ་ཡང་གྲོས་གཞི་གྲོས་འཆར་ཁོ་ནའི་ཐོག་བགྲོ་གླེང་གནང་རྗེས་འོས་གྲངས་ལམ་ནས་ཐུགས་ཐག་གཅོད་སྲོལ་ལྟར། ད་རེས་ཀྱི་གྲོས་འཆར་ཡིག་ཆ་ཨང་༣༨ དེ་ཡང་ལམ་སྲོལ་ལམ། བཅའ་ཁྲིམས་དགོངས་དོན་ལྟར་ཕེབས་པ་ལས། དཔུང་སྒྲིག་གི་རྣམ་དབྱེ་དང་ཁྱད་ཆོས་རྩ་བ་ནས་མེད་ངེས་གདའ། རྒྱབ་སྐྱོར་ས་ཡིག་མང་ལུགས་གསུང་མཁན་གྱི་སྤྱི་འཐུས་རྣམ་པ་མང་གཙོའི་ལྟ་གྲུབ་དང། མང་གཙོའི་བྱ་བ་ལག་ལེན་དངོས་ལ་ཐུགས་སྣང་ཞན་པ། མཁྱེན་རྒྱ་ཆུང་བ་ནི་ཨ་ཡིན། དཔེ་མཚོན་ཞིག་ཞུས་ན། དེང་སྐབས་འདི་ག་ཨ་རིའི་ནང་མང་གཙོའི་ལམ་ནས་མི་མང་གི་བདེ་རྩ་དང་འབྲེལ་བའི་འཕྲོད་བསྟེན་ཐོབ་ཐང་བཟོ་བཅོས་ཡར་རྒྱས་ཆེད་ཆབ་སྲིད་པ་རྣམས་དང། ལྷག་པར་སྲིད་འཛིན་མཆོག་ས་ཡིག་གཅིག་གི་དོན་ལ་སྐུ་ངལ་ཆེན་པོ་སྐྱོན་མུས་ཚང་མས་མཁྱེན་གསལ་རེད། གུས་པ་རང་ཉིད་སྐབས་བཅུ་གཉིས་པའི་སྤྱི་འཐུས་ཞབས་ཞུའི་རིང། ད་ཡོད་བཙན་བྱོལ་གཞུང་གི་མང་གཙོ་ཆོས་སྲིད་གཉིས་ལྡན་གྱི་བོད་མི་འགའ་ཤས་ལ་འོས་འཕེན་གཉིས་ཀྱི་ཐོབ་ཐང། རྩ་བའི་ཆོས་དང་སྲིད་གཉིས་མི་མཐུན་རྟ་གཡག་མགོ་སྦྲེལ། མ་འོངས་བོད་མིར་མང་གཙོ་ཚད་ལྡན་གྱི་སྒྲོམ་གཞི་སོགས་ཀྱི་གྲོས་འཆར་གྲོས་གཞི་ཡིག་ངག་གཉིས་ཐོག་ནས་གསལ་ཞིང་གསལ་བ་ཞུས་ཀྱང་སྐབས་དེར་རྒྱབ་སྐྱོར་མ་ཐོབ་པ་རེད། མ་འོངས་བོད་མི་མང་གཙོར་དགའ་ཞེན་དང་དོན་གཉེར་བ་ཞིག་ནས་ངོས་ཀྱི་བསམ་ཚུལ་ཡིག་ཆ་གྲོས་ཚོགས་ཡིག་ཆའི་ནང་བཞུགས་པར་གཟིགས་ཞིབ་གནང་རོགས།
མཐའ་དོན་གྲོས་ཚོགས་ཀྱི་འཁྲབ་སྟོན་བརྙན་འཁོར་ནང་མང་གཙོའི་ངོ་བོ་དང། གཞུང་མང་གི་འཕྲལ་ཕུགས་བདེ་རྩར་ཕན་པའི་རིག་རྩལ་བཞེད་དོན་ཐོག་བགྲོ་གླེང་གནང་བ་ལས། ཕན་ཚུན་འཁོན་འཛིན་གྱི་ཚིག་སྦྱོར་ཞན་པ། ལྷག་པར་སྤྱི་འཐུས་བྱེ་བྲག་པ་ཞིག་གིས་དངོས་སུ་དཔུང་སྒྲིག་བྱས་ཡོད་ཟེར་བ་དེ་འདྲ་སྤྱི་མི་ཞིག་གིས་ཕྱོགས་ལྷུང་གཏམ་བཤད་དེ་ཧ་ཅང་བློ་ཕམ་རེད། ཕྱོགས་མཚུངས་སྤྱི་འཐུས་མང་པོ་ཞིག་ནས་རང་གི་གཏམ་བཤད་རྒྱས་ཤིང་རྒྱས་པ་གསུངས་རྗེས། སྤྱི་འཐུས་ཕྱག་རོགས་གཞན་གྱི་དགོངས་ཚུལ་ལ་གུས་བརྩི་ལྟ་ཞོག ཁྱད་གསོད། མཐོང་ཆུང་ཁོ་ནས་གྲོས་ཚོགས་ར་བ་ནས་ཕྱིར་ཐོན་གནང་བ་རྣམས་ང་ཚོ་བོད་མི་བློ་གཟུ་བོར་གནས་པ་རྣམས་བློ་ཕམ་གྱི་གནས་ཚུལ་ཡིན་ངེས་ཀྱང། རྐྱེན་ངན་གྲོགས་ཤར་བོད་རིགས་སྤུན་ཟླ་རྣམས་བློ་སེམས་ཞུམ་མེད་ཐོག ༸གོང་ས་མཆོག་གི་དབུས་བོད་མི་མང་གི་བཞེད་དོན་མང་གཙོ་ཡར་རྒྱས་དང། བོད་དོན་བདེན་མཐའ་གསལ་བར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་གྱིས་འབད་བརྩོན་འགྱུར་མེད་རྡོ་རྗེ་ལྟར་གནང་རོགས།།