མི་རིགས་ས་གནས་རང་སྐྱོང་ལས་འཕྲོས་པའི་བསམ་གཞིག

བོད་གཞུང་གི་ཆབ་སྲིད་ལངས་ཕྱོགས་ནི་‘འགྱུར་བ་མ་ནིང་ལྟ་བུ་’ཞིག་ཡིན་པས་ད་དུང་འགྱུར་ཆོག། །(༡༩༤༠-༢༠༡༠)


ཆོས་ཉིད་འོད་ཟེར།    དྷ་ས།

རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་འགོ་ཚུགས་པ་ནས་བོད་གཞུང་གི་ངོས་ནས་མ་འོངས་པར་བོད་རྒྱལ་ཁབ་དེ་འཛིན་སྐྱོང་བྱེད་སྟངས་ཀྱི་སྲིད་ཇུས་དེ་ཕར་བསྒྱུར་ཚུར་བསྒྱུར་གྱིས་‘འགྱུར་བ་མ་ནིང་’ལྟ་བུའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་བཟུང་སྟེ། ད་ལྟ་བོད་གཞུང་བཙན་བྱོལ་དུ་གྱར་ནས་ལོ་ལྔ་བཅུ་ང་གཅིག་ཟིན་གྱི་ཡོད། དེ་དང་ཕྱོགས་མཚུངས་བོད་མི་སྒེར་པ་རྣམས་ཀྱིས་ཀྱང་ཆབ་སྲིད་ཀྱི་ལངས་ཕྱོགས་འདྲ་མིན་བཟུང་ཡོད་ལ།

ལངས་ཕྱོགས་འགྱུར་བ་ཕྱིན་པ་ཡང་མི་ཉུང་བ་བྱུང་ཡོད། འོན་ཀྱང་དེ་སྔོན་ཆབ་སྲིད་ཀྱི་ལངས་ཕྱོགས་མཐུན་མིན་གྱིས་ཕན་ཚུན་འགལ་ཟླར་གྱུར་ཏེ་བོད་མི་ཡོངས་ཆིག་སྒྲིལ་མ་ཐུབ་པར། རྒྱ་ནག་མང་གཙོ་ཚོགས་པ་ལྟར་འཐོར་ཞིག་ཏུ་འགྲོ་མྱོང་མེད་ལ། རྩོད་རྙོག་འཁྲུག་རྩོད་ཤུགས་ཆེན་ཡང་བྱུང་མྱོང་མེད། དེ་ནི་བོད་མི་ཚོར་རང་དབང་དང་ནུས་ཤུགས་མེད་པའམ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་མེད་པས་ཡིན་སྲིད་ཀྱང། གཙོ་བོ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གཅིག་གྱུར་འོག་མཐུན་སྒྲིལ་བྱས་པ་ལས་བྱུང་བ་ཞིག་ཡིན་པས། ཆིག་སྒྲིལ་གྱིས་གནས་ཐུབ་པ་ནི་བོད་མི་རིགས་ཀྱི་རྒྱལ་ཁ་ཆེན་པོ་ཞིག་ཡིན།
བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས་པ་དང། ༢༠༠༢ ལོར་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བྱས་པ་ནས། མང་ཚོགས་ཀྱི་ནང་དུ་བོད་གཞུང་གི་ཆབ་སྲིད་ལངས་ཕྱོགས་དང། གཞུང་འབྲེལ་མ་ཡིན་པའི་ཚོགས་པ། སྒེར་པ་སོགས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་གང་ཡིན་གསལ་ཁ་ཆེ་རུ་ཕྱིན་པ་དང། མི་མང་གི་ཆབ་སྲིད་གོ་རྟོགས་ཀྱང་ཡར་རྒྱས་ཕྱིན་ཡོད་མོད། ཕན་ཚུན་ལྟ་གྲུབ་མ་མཐུན་པའི་དབང་གིས་དང། སྐྱོན་བརྗོད་ཁོ་ན་བྱེད་འདོད་སོགས་དོན་གནད་འདྲ་མིན་གྱིས་ཕན་ཚུན་ཚིག་རྩོད་བྱེད་པ་སྔར་ལས་ཤུགས་ཆེ་རུ་ཕྱིན་ཡོད། དེ་དང་དུས་མཚུངས་སུ་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་མོས་མཐུན་ཡོད་པ་གཅིག་མཚུངས་ཡིན་ཡང། བོད་གཞུང་གི་ཆབ་སྲིད་ལངས་ཕྱོགས་རྒྱ་ནག་གི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་དེ་༧གོང་ས་མཆོག་གི་དགོངས་གཞི་དང་མི་མཐུན་ཚུལ་གྱིས་སྐྱོན་བརྗོད་བྱེད་མཁན་ཡང་མི་ཉུང་བ་ཙམ་བྱུང་ཡོད། དེ་ཡང་༧གོང་ས་མཆོག་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མི་རིགས་ས་གནས་རང་སྐྱོང་རྩོད་ཀྱི་ཡོད་སྐོར་ཐེངས་མང་བཀའ་སློབ་གནང་ཡང། སྐྱོན་བརྗོད་བྱེད་མཁན་ཚོས་གོ་བ་གཅིག་མཚུངས་མ་ལོན་པའམ། གོ་བ་མ་བླངས་པ་ཡིན། གང་ལྟར་བོད་གཞུང་བཀའ་ཤག་དང་དམིགས་བསལ་སྐུ་ཚབ་ལ་སྐྱོན་བརྗོད་མུ་མཐུད་བྱས་ཡོད་པ་རེད།
རང་བཙན་འཐབ་རྩོད་ཀྱི་སྲིད་ཇུས་འཛིན་མཁན་ཚོས་སྐྱོན་བརྗོད་བྱེད་པ་སྨྲོས་མ་དགོས་པ་རེད། སྐྱོན་བརྗོད་བྱེད་སྟངས་ཁག་ཅིག་ནི་རྒྱ་ནག་ལ་བོད་གཞུང་གིས་སྤྲད་པའི་ཡིག་ཆ་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་མ་བསྟན་ཚུལ་དང། དེ་ཡང་༧གོང་ས་མཆོག་གི་དགོངས་གཞི་མིན་ཚུལ་གྱིས་སྐྱོན་བརྗོད་དེ་དག་རེད།
གཅིག ༡) དང་ཐོག་ཡིག་ཆ་དེ་རྒྱ་ནག་ལ་མ་སྤྲད་པའི་སྔོན་དུ་སྤྱི་འཐུས་ལྷན་ཚོགས་སུ་མ་བསྟན་པའི་གནད་དོན་ནི། འབྲེལ་མོལ་སྐབས་ཚིག་དོན་ཁག་གསང་བ་བྱས་ཡོད་པས་གྲོས་ཚོགས་ནང་ཁྱབ་བསྒྲགས་བྱས་ན་དོན་ཕན་ཡོད་མེད་ལ་དགོངས་པ་བཞེས་དགོས། ༢) རྒྱལ་ཁབ་མང་པོའི་བར་གནད་དོན་འདྲ་མིན་ཐོག་གྲོས་མོལ་བྱེད་མཁན་ཡོད་ཀྱང། གཙོ་བོ་འཛིན་སྐྱོང་གིས་འགན་ཁུར་བ་ལས། གྲོས་མོལ་གྱི་ནང་དོན་ཆ་ཚང་གྲོས་ཚོགས་སོགས་ཀྱི་ནང་ཡོངས་གྲགས་བྱེད་ཀྱི་མེད་པ་ཡང་མངོན་གསལ་རེད། ༣) བོད་མིའི་གནད་དོན་ནི་དམིགས་བསལ་ཞིག་ཀྱང་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ཀྱི་ཆབ་སྲིད་གདན་དོན་གྱི་ཐག་གཅོད་དེ་༧གོང་ས་མཆོག་གིས་གང་གསུངས་པ་དེར་མོས་མཐུན་ཞུ་རྒྱུའི་སྤྱི་མོས་ཀྱིས་གྲོས་ཆོད་ཐེངས་མང་བཞག་ཡོད་པར་བརྟེན། བསྐྱར་དུ་གྲོས་ཚོགས་ནང་བཀའ་ལུང་ཞུ་དགོས་དོན་མ་མཆིས་ལ། རང་སྐྱོང་སྐོར་གྱི་ཡིག་ཆ་དེ་མཐའ་མའི་ཐག་གཅོད་ཀྱང་མ་ཡིན་པར། ༧གོང་ས་མཆོག་གིས་དུས་ནས་དུས་སུ་མཐའ་མའི་ཐག་གཅོད་དེ་མི་མང་གིས་བྱེད་དགོས་པ་རེད་ཅེས་བཀའ་སློབ་གནང་ཡོད་པས། གནད་དོན་དེ་རྒྱ་ནག་གཞུང་གིས་ཁས་བླངས་མེད་ལ། ཁས་བླངས་ཀྱང་གྲོས་འགོ་བཏོན་པ་ཙམ་ལས་བསྐྱར་སློག་བྱེད་རྒྱུའི་དབང་ཚད་བོད་མི་མང་ལ་ཡོད།
གཉིས་པ། གཙོ་བོ་གླེང་དགོས་པ་ཞིག་ནི། རང་སྐྱོང་སྐོར་གྱི་གནད་དོན་དེ་༧གོང་ས་མཆོག་གི་དགོངས་གཞི་ཡིན་མིན་གཙོ་བོ་མ་ཡིན་པར། བོད་མི་མང་ལ་དེ་ཡིས་ཕན་ཐོགས་ཡོད་མེད་དང། དེས་འདོད་བློ་ཁེངས་ཀྱི་རེད་དང་མ་རེད་བལྟ་དགོས། བོད་མི་མང་འདོད་བློ་ཁེངས་པ་དང། བོད་མི་ཡོངས་ལ་ཕན་ཐོགས་ཡོད་ན་༧གོང་ས་མཆོག་གི་དགོངས་གཞི་ཡིན་ཡང་ཆོག་ལ་མིན་ཡང་ཆོག་པ་ཞིག་རེད། གལ་སྲིད་ཕན་ཐོགས་མེད་ན། ༧གོང་ས་མཆོག་ལ་ཡང་ཞུ་དགོས་པ་ཞིག་རེད་ལ། ༧གོང་ས་མཆོག་གིས་ཀྱང་ལམ་སྟོན་གསར་པ་ཡོད་ན་སྟོན་དགོས་སྐོར་བཀའ་སློབ་གནང་ཟིན་པ་རེད།
༧གོང་ས་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ལ་གནང་བའི་གསུང་འཕྲིན་ནང། “གོང་སྨོས་རྣམས་གྲོས་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་སྔ་རྗེས་ཀྱི་འབྲུ་དོན་ལྟར་ངོས་ནས་ལྷག་བསམ་ཟོལ་མེད་ཀྱིས་འབད་འབུང་བྱེད་ཁུལ་ཡང། བསམ་འཆར་དང་འགྲེལ་བརྗོད་དེ་དག་གྲོས་ཚོགས་ནས་མོས་མཐུན་མ་བླངས་པའམ། གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཡིན་ཚུལ་དང། ངོས་ཀྱི་བསམ་ཚུལ་མིན་ཚུལ་སོགས་ཀྱི་དོགས་གླེང་རིགས་ཡོང་གི་ཡོད་ཚོད་འདུག་པས། རྩ་དོན་དང་འབྲེལ་བའི་གནད་དོན་འདི་རིགས་ཕྱི་གསལ་ནང་གསལ་མ་བྱུང་བར་མང་ཚོགས་སུ་ཐེ་ཚོམ་སྐྱེ་གཞིར་གནས་པས་ད་རེས་ཚོགས་འདུ་འདིའི་རིང་བགྲོ་གླེང་མཐིལ་ཕྱིན་དང། དེ་བཞིན་བཀའ་ཤག་དང་ངོས་ཀྱི་སྐུ་ཚབ་སྦྲེལ་པོ། གཞན་ཡང་འབྲེལ་ཡོད་ཇི་འོས་རྣམས་ལ་ཉན་ཞིབ་དོགས་འདྲི་འཁྲུན་ཆོད་བྱས་ཏེ་གསལ་པོ་བཟོ་དགོས། འབྱུང་འགྱུར་བྱེད་ཕྱོགས་གྲོས་ཚོགས་ཀྱི་བསམ་འཆར་དང་མངོན་འདོད་གསར་པ་ཡོད་ན་དེའི་སྦྱོར་དངོས་རྗེས་གསུམ་གྱི་ལས་རིམ་གསལ་སྟོན་བྱེད་དགོས་པ་བཅས་ཡིད་འཇགས་གྱིས་”ཞེས་འཁོད་ཡོད་པ་རེད།
གསུམ་པ། ཡ་མཚན་པ་ཞིག་ལ་༧གོང་ས་མཆོག་གིས་གསུང་འཕྲིན་དེ་འདྲ་ཁ་གསལ་གཏིང་གསལ་གནང་ཡོད་ཀྱང། ཁག་ཅིག་གིས་ད་དུང་མི་རིགས་ས་གནས་རང་སྐྱོང་གི་ཡིག་ཆ་དེ་༧གོང་ས་མཆོག་གི་དགོངས་གཞི་མིན་པར་བཀའ་ཤག་གིས་བྱས་བསྡད་པ་ཡིན་སྐོར་བརྗོད་ཀྱི་ཡོད་པ་དང། དེ་བཞིན་རང་བཙན་རྩོད་ལེན་དགོས་པའི་ལྟ་གྲུབ་འཛིན་མཁན་རེ་ཟུང་གིས་ཀྱང། ད་དུང་༧གོང་ས་མཆོག་གི་དགོངས་གཞི་དམིགས་ཡུལ་གཙོ་བོ་དེ་རང་བཙན་ཡིན་སྐོར་བརྗོད་དེ་བདེན་ཚིག་སྨོན་ལམ་ལུང་འདྲེན་བྱེད་པ་ལྟ་བུ་ནི། རྒྱ་ནག་གིས་སྐྱོན་བརྗོད་བྱེད་སྟངས་དང་གཅིག་མཚུངས་ལས་མ་འདས།
དོན་དངོས་སུ་སྔོན་མ་བོད་གཞུང་གི་ལངས་ཕྱོགས་དེ་ཕྱོགས་གཉིས་སུ་མ་ལྷུང་བའི་དབུ་མའི་ལམ་ཡང་དག་པ་ཞིག་ཡིན་ཡང། ད་ལྟའི་མི་རིགས་ས་གནས་རང་སྐྱོང་གི་གནད་དོན་དེ་དབུས་ནས་དམའ་རུ་ཕྱིན་ཡོད། འོན་ཀྱང་རྒྱ་ནག་གིས་ད་དུང་བོད་ནང་དུ་གཉའ་གནོན་དང། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་ལ་སྐྱོན་བརྗོད་སྔར་ལྟར་བྱེད་བཞིན་ཡོད་པས། བོད་པའི་ངོས་ནས་གནད་དོན་ཆུང་དུ་བཏང་ནས་གང་ཡང་འཐོབ་རྒྱུ་མེད་པ་དེ་གསལ་པོ་ཤེས་དགོས། ༧གོང་ས་མཆོག་གིས་ཀྱང་མི་མང་གི་བསམ་ཚུལ་ལ་གསན་འདོད་ཀྱིས་༢༠༠༨ ལོར་དམིགས་བསལ་ཚོགས་ཆེན་བསྐོང་བ་དང། ད་ཐེངས་ཡང་གྲོས་ཚོགས་ལ་༧གོང་ས་མཆོག་གིས་“འབྱུང་འགྱུར་བྱེད་ཕྱོགས་གྲོས་ཚོགས་ཀྱི་བསམ་འཆར་དང་མངོན་འདོད་གསར་པ་ཡོད་ན་དེའི་སྦྱོར་དངོས་རྗེས་གསུམ་གྱི་ལས་རིམ་གསལ་སྟོན་བྱེད་དགོས་”ཞེས་གསུངས་ཡོད། དེ་ན་བོད་མི་ཚོའི་ནང་དུའང་དངོས་ཤུགས་བརྒྱུད་གསུམ་ནས་ད་ལྟ་རྩོད་བཞིན་པའི་མི་རིགས་ས་གནས་རང་སྐྱོང་དེར་ངོས་ལེན་མེད་སྐོར་བཤད་མཁན་ཡོད་པས། ད་ཐེངས་ཁ་གསལ་པོ་བཟོ་དགོས་པ་གལ་ཆེན་རེད། ནམ་རྒྱུན་རང་བཙན་གྱི་ལྟ་གྲུབ་འཛིན་མཁན་ཚོ་གཙོས། མི་རིགས་ས་གནས་རང་སྐྱོང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ལ་མང་གཙོ་དང་མཐུན་པའི་གོ་སྐབས་ཤིག་ཀྱང་ཡིན་པས། འཐོབ་རྒྱུ་གང་ཡང་མེད་པར་བཤད་རྒྱུ་ཆུང་དུ་ཕྱིན་སོང་ན་བཙན་བྱོལ་བོད་གཞུང་ཕྱི་རྒྱལ་ལ་སྤྲང་འཁྱམ་དུ་ཡོང་བའམ། སྤྲོ་འཁྱམ་དུ་ཡོང་བ་ལྟ་བུ་ཆགས་རྒྱུའི་ཉེན་ཁའང་མེད་པ་མ་རེད་སྙམ། ཚང་མ་རྒྱབ་བཤད་ཙམ་མ་ཡིན་པར་མངོན་གསལ་བཟོ་དགོས།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།