༧ཏཱ་ལའི་བླ་མ་རྒྱ་གར་གྱི་བུ་ཡིན་ནམ།
ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་དོན་འགྲུབ་རྒྱལ་པོ།
ནུས་སྟོབས་རྒྱས་ན་འགན་འཁུར་འཕེར་ཞེས་བཤད་སྒྲོས་སུ་ཡོད་ཀྱང་། དེང་འཛམ་གླིང་ནང་ཆེས་སྟོབས་ཆེན་རྒྱལ་ཁབ་ཡིན་རློམ་བྱེད་པའི་རྒྱ་ནག་གཞུང་གི་འཐབ་བྱུས་ལ་གཞིགས་ན། ཁོང་ཚོར་རང་ཤེད་ཀྱི་ང་རྒྱལ་ཆེ་དྲགས་པ་དང། བསམ་ཤེས་ཀྱི་རྣམ་དཔྱོད་ཆུང་དྲགས་པའི་གནས་སྟངས་ཤིག་གསལ་པོར་མཐོང་ཐུབ། རྒྱལ་སྤྱིའི་ནང་སྟོབས་འབྱོར་དང་ཆབ་སྲིད་ཀྱི་དབང་ཐང་དར་རྒྱས་སུ་ཕྱིན་པའི་ཁེ་སྤོགས་བག་མེད་དུ་སྤྱོད་བཞིན་པའི་སྐབས་འདིར། རྒྱ་ནག་ནང་ཁུལ་ལ་དཀའ་རྙོག་སྣ་མང་འཛིངས་ཐེབས་བསྡད་ཡོད་པར་སྲིད་གཞུང་གིས་བློ་འཚབ་དང་དོགས་འདྲོགས་ཆེན་པོ་བྱེད་བཞིན་པ་དེའང་མངོན་གསལ་དུ་གྱུར་ཡོད།
ད་ལྟའི་ཆར་རྒྱ་ནག་ནང་ལྐོག་བྱུས་སྨྲ་བའི་རྩོམ་ཡིག་བྲིན་རྒྱུགས་ཀྱི་ཚོང་ར་ཆེན་པོ་ཡོད་པ་དེ་ནས་ཀྱང་རྒྱལ་ཁབ་ནང་ཁུལ་གྱི་དཀའ་རྙོག་ལ་སྲིད་གཞུང་ནས་ཧ་ཅང་གི་བློ་འཚབ་ཆེན་པོ་ཡོད་པ་མཚོན་གྱི་ཡོད་ཅེས་རྒྱ་རིགས་རྩོམ་པ་པོ་གྲགས་ཆེན་མིན་ཤིན་ཕས་གསུངས་ཡོད། “གལ་ཏེ་སོ་སོར་ཡིད་ཆེས་དང་གདེང་ཚོད་ཡོད་ན། ལྐོག་བྱུས་སྨྲ་བའི་རྩོམ་ཡིག་ལ་དེ་ཙམ་གྱིས་ཆ་འཇོག་བྱེད་དགོས་དོན་མེད།” སྤྱིར་རང་དབང་ལྡན་པའི་སྤྱི་ཚོགས་ཀྱི་ནང་རྩོམ་ཡིག་འདི་རིགས་དགོད་བྲོའི་གཏམ་དང་། ཁུངས་ལུང་མེད་པའི་ཡིག་འཆལ་དུ་བརྩིས་ཏེ། ཆ་འཇོག་ཏིལ་འབྲུ་ཙམ་ཡང་མི་བྱེད་པས། རྩོམ་ཡིག་དེ་རིགས་ནི་གཙོ་བོ་རྒྱ་ནག་ནང་ཁུལ་གྱི་མི་དམངས་ལ་དམིགས་པ་མངོན་གསལ་རེད། ཕྱིའི་ནུས་ཤུགས་དང་། རྒྱལ་ནང་གི་གཞུང་དང་ལྟ་བ་མི་མཐུན་མཁན་དང་། ཁ་བྲལ་རིང་ལུགས་པ་རྣམས་ངན་པ་ལག་སྦྲེལ་བྱས་ཏེ། རྒྱ་ནག་གི་”ཞི་བའི་འབུར་ལངས་” སམ་”ཞི་བའི་ཡར་རྒྱས་”ལ་འགོག་རྐྱེན་བཟོ་ཐབས་བྱེད་ཀྱི་འདུག་ཅེས་གནའ་སྔ་མོ་ནས་རྙིང་ཧྲུལ་དུ་གྱུར་བའི་གཡོ་བྱུས་སྨྲ་བའི་དྲིལ་བསྒྲགས་དག་བསྐྱར་ཟློས་ཡང་ཟློས་བྱས་ནས། རྒྱ་རིགས་མི་དམངས་ནང་”ང་ཚོ་དང་། ཁོ་ཚོ་” ཞེས་ཁ་གཏད་དུ་བསླངས་ཏེ། མི་རིགས་རིང་ལུགས་ཀྱི་ངར་ཤུགས་སློང་ཐབས་བྱེད་པ་དེའང་མངོན་གསལ་རེད།
ད་ལྟའི་ཆར་རྒྱ་ནག་ནང་བྲིན་ཚོང་ཆེ་ཤོས་ཀྱི་ལྐོག་བྱུས་སྨྲ་བའི་རྩོམ་ཡིག་ཁག་གི་ནང་ཨང་དང་ཤོས་དེ་རྒྱ་ཕྱོགས་ནས་ཏཱ་ལའི་བླ་མས་རྒྱ་གར་གྱི་ཡུལ་མིའི་ཐོབ་ཐང་ལེན་སྲིད་ལུགས་སྦིར་བསྒྲགས་ཀྱིས་སྔར་མེད་དོགས་འདྲོགས་གསར་བཟོ་བྱེད་པ་དེ་རེད། རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། “ངའི་ཕ་མ་ནི་བོད་མི་འཁྲུལ་མེད་ཅིག་ཡིན། དེར་བརྟེན་ཕྱིའི་གཟུགས་དབྱིབས་ཐོག་ང་ནི་བོད་མི་ཞིག་ཡིན་མོད། འོན་ཀྱང་བསམ་པའི་ཐོག་ང་ནི་རྒྱ་གར་བ་ཞིག་ཡིན།”
རྩོམ་ཡིག་དེའི་ནང་། རྒྱ་གར་གྱི་སྐུ་ཞབས་བུ་པན་ལྡར་གྱིས་”ཏཱ་ལའི་བླ་མས་རྒྱ་གར་གྱི་ཡུལ་མིའི་ཐོབ་ཐང་ལེན་སྲིད་”ཅེས་བཤད་ཡོད་ཚུལ་ལུང་འདྲེན་བྱས་ཡོད་པ་མ་ཟད། ཏཱ་ལའི་བླ་མས་རང་ཉིད་”རྒྱ་གར་གྱི་བུ་”ཡིན་ཚུལ་བཤད་པ་དེས། རང་ཉིད་རང་གི་ སྐྱབས་མགོན་རྒྱ་གར་གྱི་བཀོལ་སྤྱོད་འོག་ཚུད་ཡོད་པ་ཞིག་དང་། ཁོང་གིས་རྒྱ་ནག་གི་ཡུལ་མི་ཡིན་པའི་ཐོབ་ཐང་དེ་དོར་གནང་རྒྱུའི་གྲབས་གཤོམ་བྱེད་པ་གསལ་འདུག་ཅེས་བསྙོན་འཛུགས་བྱས་ཡོད་པ་རེད། དེ་ཙམ་མ་ཟད། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་གཞོན་པ་ཀྲུའུ་ཝེ་ཆུན་ནས་ཀྱང་། “ཏཱ་ལའི་བླ་མས་’ང་རྒྱ་གར་གྱི་བུ་ཡིན་’ཞེས་ལན་མང་བཤད་ཡོད་་་་་་་གནད་དོན་འདི་ལས་སླ་པོ་ཞིག་མིན། གནད་དོན་འདིའི་ཐད་ངེས་པར་དུ་གསལ་བཤད་བྱེད་དགོས་”ཞེས་གསར་འགོད་གསལ་བསྒྲགས་དུ་མའི་སར་བཤད་འདུག
བོད་དང་རྒྱ་གར་གྱི་འབྲེལ་བ།
སྤྱིར་བོད་མི་རིགས་ཀྱི་ངོ་བོའི་སྲོག་སྙིང་ངམ་ལྟ་སྤྱོད་ཀྱི་གཞི་རྟེན་དེ་ནང་པ་སངས་རྒྱས་ཀྱི་ཆོས་ཡིན་པ་ནི་ཡོངས་གྲགས་ཡིན། གལ་ཏེ་ནང་ཆོས་རྒྱ་གར་ནས་དར་བ་དེ་རྩོད་མེད་ཅིག་ཡིན་ན། ཉམས་ལེན་གྱི་ཁུངས་རྒྱ་གར་ཡིན་ཞེས་གསུངས་པ་ལ་རྩོད་གླེང་དྲག་པོ་བྱེད་དགོས་དོན་ཡོད་དམ།
བོད་བརྒྱུད་ནང་བསྟན་གྱི་ཐ་སྙད་དུ་”རྒྱལ་སྲས་”དང་། “སྲས་ཀྱི་ཐུ་བོ་”ཞེས་པའི་དོན་ལ་བྱང་ཆུབ་སེམས་དཔའ་དང་སློབ་མའི་གཙོ་བོ་ཞེས་ཆོས་ཕྱོགས་ཀྱི་ཐོག་ནས་གོ་བ་ལེན་དགོས་ཤིང་། ཚིག་གི་གོ་དོན་ཐད་ཀར་བླངས་ན། གོ་བ་ལྟག་ཆོས་སུ་འགྲོ་རྒྱུ་ཉག་ཅིག་ཡིན། སྐབས་འདིའི་”རྒྱ་གར་གྱི་བུ་”ཞེས་པ་ཡང་ཆོས་ཕྱོགས་ཀྱི་ཐོག་ནས་གོ་བ་ལེན་དགོས། བློ་ཕམ་གྱི་གནས་ཚུལ་ཞིག་ལ། ཆོས་དུག་ཏུ་ངོས་འཛིན་པའི་རྒྱ་དམར་འགོ་ཁྲིད་ཚོས་མ་ཤེས་ཤེས་རློམ་བྱེད་པའམ་ཤེས་ཀྱང་མ་ཤེས་པའི་གཡོ་བྱུས་སྟོན་པ་གང་ལྟར་ཡང། ཁོང་ཚོར་ཆོས་ཕྱོགས་དང་འབྲེལ་བའི་གནད་དོན་ཕྲ་རགས་ལ་གོ་བསྐོན་གསེད་བཀྲོལ་གྱི་ནུས་རྩལ་མེད་པའི་གནས་སྟངས་ཡང་མངོན་གྱི་འདུག
བོད་དང་རྒྱ་གར་བར་གནའ་སྔ་མོ་ནས་ཆོས་ཕྱོགས་ཀྱི་འབྲེལ་བ་གཏིང་ཟབ་ཡོད་ཅིང་། བོད་བརྒྱུད་ནང་བསྟན་གྱི་འབྱུང་ཁུངས་རྒྱ་གར་གྱི་གནའ་བོའི་གཙུག་ལག་སློབ་གཉེར་ཁང་དཔལ་ན་ལེནྡྲ་ལ་གཏུགས་ཐུབ་པ་དེ་ནི་བློ་སྤོབས་སྐྱེ་གཞི་ཞིག་ཡིན། བོད་ཀྱི་རྒྱལ་རབས་དང་ཆོས་འབྱུང་གི་ཐོག་མཐའ་བར་གསུམ་དུ་རྒྱ་གར་འཕགས་པའི་ཡུལ་ཞེས་གནས་རྩ་ཆེན་དུ་བརྩི་བ་མ་ཟད། བོད་ཀྱི་ལོ་ཙཱ་བ་རིམ་བྱོན་གྱིས་དཀའ་བ་གྲངས་མེད་ཁྱད་དུ་བསད་དེ་རྒྱ་གར་ནང་སློབ་སྦྱོང་མཐར་འཁྱོངས་བྱས་རྗེས་བོད་དུ་ནང་བསྟན་རྒྱ་ཆེར་སྤེལ་བའི་ལོ་རྒྱུས་བགྲང་གིས་མི་ལོང་བ་ཞིག་ཡོད། བོད་བརྒྱུད་ནང་བསྟན་ཁུངས་བཙན་ཡིན་པའི་དན་རྟགས་དགོད་ཆེད་བསྟན་བཅོས་ཚང་མའི་དབུར་”རྒྱ་གར་སྐད་དུ་”ཞེས་སྦྱོར་སྲོལ་ཡོད། དེའི་ཕྱིར་༧གོང་ས་མཆོག་ནས་ཀྱང་བོད་དང་རྒྱ་གར་མི་རིགས་གཉིས་པོའི་བར་བླ་སློབ་ཀྱི་འབྲེལ་བ་ཡོད་པའི་སྐོར་ཡང་ཡང་གསུངས་སྲོལ་ཡོད། དེ་ཙམ་མ་ཟད། དེང་རྒྱལ་སྤྱིའི་ཁྱོན་དུ་ནང་ཆོས་ལ་དད་མོས་བྱེད་མཁན་ས་ཡ་༣༦༠ ཙམ་ཡོད་ནའང་། སངས་རྒྱས་ཀྱི་བཀའ་བསྟན་ཡོངས་རྫོགས་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་མཁན་བོད་རིགས་ཁོ་ན་ལས་གཞན་མེད་པ་དེར་བོད་མི་ཚོར་སྤོབས་པ་ཧ་ཅང་གི་ཆེན་པོ་ཡོད། སྤྱིར་བོད་བརྒྱུད་ནང་བསྟན་དང། རྒྱ་ནག་གི་ནང་ཆོས་གཉིས་ཀྱི་བར་གྲུབ་ཆ་དང། སྤྱི་ཚོགས་ཤུགས་རྐྱེན་སོགས་ཕྱོགས་མང་པོ་ཞིག་ནས་ཁྱད་པར་ཆེན་པོ་ཡོད་ཀྱང་། གལ་ཏེ་ནང་པའི་རྗེས་འཇུག་པ་རྣལ་མ་ཞིག་ཡིན་ཚེ། རྒྱ་རིགས་ཡིན་ཡང་ཁོང་ཚོའི་ཆོས་དེ་རྒྱ་གར་ནས་བྱུང་བ་ཞིག་ཡིན་པའི་ཁས་ལེན་བྱེད་པར་ཐེ་ཚོམ་དགོས་དོན་མེད། དེར་བརྟེན་ཁོང་ཚོའི་ཆོས་ཉམས་ལེན་དེའང་རང་བཞིན་གྱིས་རྒྱ་གར་ལ་ཁུངས་བཅོལ་དགོས་པ་མ་རེད་དམ།
བོད་དང་རྒྱ་གར་བར་གྱི་འབྲེལ་བ་དེ་ཆོས་ཕྱོགས་ཁོ་ན་མིན། དཔེར་ན་བོད་ཀྱི་ཡི་གེ་དེའང་རྒྱ་གར་གནའ་བོའི་ཡི་གེ་དཔེར་བླངས་ནས་བཟོས་ཡོད་ཅིང་། ལོ་རྒྱུས་ནང་འཁོད་པའི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའང་རྒྱ་གར་ནས་ཕེབས་པའི་བཞེད་རྒྱུན་ཡོད། དེ་ལྟར་བོད་དང་རྒྱ་གར་གི་འབྲེལ་བ་དམ་ཟབ་མཚོན་པའི་གནད་དོན་གཞན་མང་དག་ཅིག་རྒྱལ་རབས་ལོ་རྒྱུས་ནང་འཁོད་ཡོད། ལྷག་པར་དུ་བོད་དང་རྒྱ་ནག་བར་(ཟས་གཡོ་སྦྱོར་གྱི་ཉམས་མྱོང་རེ་ཟུང་ལས་)ཆོས་སམ་རིག་གཞུང་གི་འབྲེལ་བ་གཏན་ནས་མེད་པ་དེར་བལྟས་ན། བོད་དང་རྒྱ་གར་བར་གྱི་འབྲེལ་བ་དེ་དེ་བས་ཀྱང་ཟབ་བརླིང་ཆེ་བར་མངོན། རྒྱུ་མཚན་དེ་ལ་བརྟེན་རྒྱལ་སྤྱིའི་མཁས་དབང་མང་པོའི་དགོངས་ཚུལ་ལ། གལ་ཏེ་རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་བོད་རྒྱལ་ཁབ་ཀྱི་བདག་དབང་རྩོད་གླེང་བྱས་པའི་དབང་དུ་བཏང་ན། བོད་དེ་རྒྱ་གར་ལ་ཐོབ་ངེས་ཡིན་ཞེས་སྡོམ་བརྒྱབ་ཡོད།
མངོན་སུམ་དུ་འཚོ་བཞིན་པའི་གྷན་དྷི།
རྒྱ་གར་གཞུང་དང་མི་དམངས་ནས་ཀྱང་༧གོང་ས་མཆོག་ལ་རྒྱ་གར་རྒྱལ་ཁབ་ཀྱི་”བཀུར་འོས་པའི་སྐུ་མགྲོན་”གྱི་ཆེ་མཐོང་ཕུལ་ཡོད་པ་དང་། ལྷག་པར་དུ་ད་ལྟའི་རྒྱ་གར་སྲིད་བློན་གྱིས། ༧གོང་ས་མཆོག་ནི་”འཇིག་རྟེན་འདིར་མངོན་སུམ་དུ་འཚོ་བཞིན་པའི་བདག་ཉིད་ཆེན་པོ་གྷན་དྷི་”དེ་རེད་ཅེས་ཆེ་བསྟོད་ཞུས་ཡོད། རྒྱ་གར་ནང་ད་བར་ཆབ་སྲིད་ཀྱི་ཡོ་ལངས་དང། གཞུང་འཛིན་གྱི་སྲིད་དོན་ཚོགས་པ་འཕོ་བརྗེ་ཅི་ལྟར་སོང་ཡང། རྒྱལ་ཁབ་ཀྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཏིལ་འབྲུ་ཙམ་ཡང་བྱུང་མེད་ལ། རྒྱ་གར་གཞུང་ནས་བོད་མིའི་བདེ་དོན་ལ་འགན་འཁུར་ལེན་རྒྱུའི་ཆོད་སེམས་ཀྱང་གཡོ་བ་མེད་པར་གནས་ཡོད།
འཛམ་གླིང་རིམ་པའི་འགོ་འཁྲིད་རླབས་ཆེན་ཞིག་ཡིན་པའི་ཆ་ནས། ༧གོང་ས་མཆོག་གི་བཟང་སྤྱོད་ཀྱི་ཁྱབ་རྒྱའམ་ཟིལ་ཤུགས་དེ་རྒྱལ་ཁབ་དང་མི་རིགས་ཀྱི་དབྱེ་མཚམས་ལས་རྦད་དེ་བརྒལ་ཡོད། གལ་སྲིད་འདིའི་ཐད་ད་དུང་བློ་གཉིས་འཛིན་བྱེད་མཁན་ཡོད་ཚེ། དེང་སང་རང་དབང་རྒྱལ་ཁབ་དུ་མའི་ནང་འཛམ་གླིང་རིམ་པའི་ཤུགས་རྐྱེན་དང་སྙན་གྲགས་ཆེ་ཤོས་ཀྱི་དབུ་ཁྲིད་སུ་ཡིན་གྱི་བསམ་ཤོག་བསྡུ་ལེན་བྱས་པའི་གྲུབ་འབྲས་ལ་བལྟས་ན་བློ་དོགས་སངས་ངེས་ཡིན། རྒྱལ་སྤྱིའི་ནང་༧གོང་ས་མཆོག་འཚེ་མེད་ཞི་བའི་དེད་དཔོན་དུ་བརྩིས་པ་མ་ཟད། ཁོང་གིས་སྤྱི་སེམས་དང། བཟང་སྤྱོད་ཀྱི་ཡོན་ཏན་གོང་སྤེལ་ལ་འབད་འབུངས་གནང་བའི་བྱིན་རླབས་ཀྱིས་མི་དམངས་ས་ཡ་མང་པོར་བདེ་སྐྱིད་ཀྱི་གཞི་རྩ་བསྐྲུན་ཡོད་པ་སྨྲོས་མེད་ཡིན། དོན་དངོས་ཐོག རྒྱལ་སྤྱིའི་ནང་༧གོང་ས་མཆོག་ལ་བཀུར་བསྟི་དང་། སྙན་གྲགས། ཤུགས་རྐྱེན་སོགས་དར་རྒྱས་ཅི་ཙམ་བྱུང་བ་དེས་རྒྱ་ནག་དམར་གཞུང་གི་ཁེངས་སེམས་ལ་དེ་ཙམ་གྱི་ཟུག་རྔུ་སྤྲོད་བཞིན་ཡོད།
རྒྱལ་སྤྱིའི་ནང་རྒྱ་ནག་གི་ཕྱི་སྲིད་དང་། དཔལ་འབྱོར་གྱི་ནུས་སྟོབས་འཕེལ་རྒྱས་ཕྱིན་ཏེ། ༧གོང་ས་མཆོག་གདན་འདྲེན་ཞུ་མཁན་གྱི་རྒྱལ་ཁབ་ཚང་མར་རྒྱ་གཞུང་ནས་སྡིགས་ར་དྲག་པོ་བསྐུལ་བཞིན་ཡོད་པ་ཡིན་ནའང་། ༧གོང་ས་མཆོག་ཕྱི་རྒྱལ་ཁག་ལ་ཕེབས་བཞུད་ཀྱི་མཛད་འཕྲིན་ལོ་རེ་བཞིན་དེ་བས་ཀྱང་མང་དུ་ཕྱིན་ཡོད་ལ། འཛམ་གླིང་ཕྱོགས་མཚམས་ཀུན་ཏུ་༧གོང་ས་མཆོག་ལ་དད་བཀུར་ཞུ་མཁན་གྱི་གྲངས་འབོར་ཡང་ལྡབ་འགྱུར་གྱིས་འཕར་ཡོད། དེ་ཙམ་དུ་མ་ཟད། ༧གོང་ས་མཆོག་ཕྱི་རྒྱལ་དུ་ཕེབས་ཐེངས་རེར་རྒྱ་གཞུང་ནས་འཁང་རའི་སྡུག་སྐད་རྒྱག་རྐྱང་བྱེད་པ་དེས། ཁོང་གིས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རླབས་ཆེན་གྱི་མཛད་འཕྲིན་སྐྱོང་བཞིན་པའི་གནས་ཚུལ་དྲིལ་བསྒྲགས་རྒྱ་གང་ཆེ་བཟོ་བར་ཕན་བཏགས་ཡོད། སྤྱིར་༧གོང་ས་མཆོག་གིས་མགྲོན་འབོད་ཞུ་མཁན་གྱི་རྒྱལ་ཁབ་དེར་དཀའ་རྙོག་མི་ཡོང་བའི་ཐབས་ཤེས་གང་དྲག་ཅི་དྲག་གནང་བཞིན་པ་ནི་ཡོངས་གྲགས་ཡིན།
བོད་དང་རྒྱ་གར་གྱི་འབྲེལ་བར་གཞིགས་ན། ཕྱི་ལོ་༡༩༥༠ ང་གྲངས་ནས་རྒྱ་དམག་གིས་བཙན་འཛུལ་དང་དྲག་གནོན་བྱས་པའི་རྐྱེན་གྱིས་བོད་མི་ཚོའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་པའི་སྐབས་དེར། བོད་མི་ཚོར་སོ་སོའི་སྤུན་གཉེན་བཞིན་དུ་བདག་སྐྱོང་བྱེད་མཁན་དེ་རྒྱ་གར་ཡིན། དེ་ལས་ལྡོག་ཏེ། རྒྱ་དམར་གཞུང་གིས་ལོ་གྲངས་༥༠ ལྷག་བོད་ལ་དབང་བསྒྱུར་བྱས་པའི་རིང་།(ལྷག་པར་དུ། རྒྱ་དམག་གིས་དྲག་གནོན་བྱས་པའི་སྐབས་དང་། སྤྱི་ཚོགས་ཡོ་འཁྱོམ་གཏོང་བའི་ལས་འགུལ་དཔེར་ན་རིག་གནས་གསར་བརྗེ་ལྟ་བུའི་སྐབས་སུ་) ཚད་ལས་འདས་པའི་མི་གསོད་ཁྲག་སྦྱོར་དང། རྒྱུ་དངོས་གཏོར་བཅོམ་གྱི་གྱོང་གུན་ཧ་ཅང་ཆེན་པོ་བཟོས་ཡོད། མདོར་ན། ཁྱོན་སྡོམ་མི་གྲངས་ཁྲི་༡༢ ལྷག་དུས་མིན་རྐྱེན་འདས་ཕྱིན་ཡོད་པ་དང། དགོན་པ་༦,༠༠༠ ཙམ་གཏོར་བཤིག་བཏང་ནས། དོན་དངོས་ཐོག་བོད་ཀྱི་སྣོད་བཅུད་དང་བཅས་པ་ཆག་འཇིག་གི་ཉེན་ཁའི་གནས་སུ་ལྷུངས་ཡོད། བོད་ནང་བོད་མིའི་ངོ་བོ་མཚོན་པའི་ཤུལ་བཞག་ཡོད་ཚད་འཆར་གཞི་ལྡན་པའི་སྒོ་ནས་གཏོར་བཅོམ་ཚབས་ཆེན་བཏང་བ་དེའི་རྐྱེན་གྱིས་དབྱིན་ཡིག་ཐོག་ལ་ (cultural genocide) ཞེས་མི་རིགས་ཤིག་གི་ཆོས་དང་རིག་གཞུང་གི་ངོ་བོ་རྩ་གཏོར་སྡེབ་གསོད་བཏང་བ་ཞེས་ཐ་སྙད་གསར་པ་ཞིག་གསར་བཟོ་བྱེད་དགོས་པ་ཆགས་ཡོད། བོད་ནང་གི་གནས་ཚུལ་ལས་ལྡོག་ཏེ་བོད་མི་སྐྱབས་བཅོལ་བ་ཚོར་རྒྱ་གར་དུ་”ཁྱིམ་ཚང་རྒྱང་དུ་བསྐྱུར་ཡང་། གནས་ཚང་ཁྱིམ་དུ་ཚོར་བའི་”མཐུན་འགྱུར་རོགས་རམ་ཐོབ་ཡོད།
དེང་འཛམ་གླིང་ནང་གི་བཙན་བྱོལ་གྱི་སྤྱི་ཚོགས་ཚང་མའི་ནང་ནས་བོད་མིའི་སྤྱི་ཚོགས་དེ་རྩེ་ཕུད་དུ་ངོས་འཛིན་ཡོད་པ་དེ་ང་ཚོས་ནམ་ཀུན་ཏུ་སྤོབས་པ་མཐོན་པོའི་ངང་བཤད་ཀྱི་ཡོད། ང་ཚོའི་བཙན་བྱོལ་གྱི་གནས་སྟངས་བཟང་དྲག་ནས། སྐབས་འགར་ང་ཚོ་ད་ལྟའང་སྐྱབས་བཅོལ་གྱི་མི་རིགས་ཤིག་ཡིན་པ་དང་། ང་ཚོའི་འཐབ་རྩོད་ཀྱི་བདེན་དོན་དེ་ད་ལྟའང་གྲུབ་མེད་པ། ང་ཚོས་བདེ་བླག་ཏུ་སྤྱོད་བཞིན་པའི་འགྲོ་བ་མིའི་རང་དབང་དང་ཐོབ་ཐང་དེ་དག་བོད་ནང་གི་བོད་མི་ཚོར་ད་དུང་ཡང་མེད་པའི་གནས་སྟངས་དག་སོ་སོར་དྲན་བསྐུལ་བྱེད་དགོས་པའི་གནས་སྟངས་ཀྱང་ཡོང་གི་ཡོད།
བོད་རིགས་མི་མང་གིས་སྙིང་ཁོངས་རུས་པའི་གཏིང་ནས་རྒྱ་གར་གྱི་བཀའ་དྲིན་ལ་བསམ་ཚོར་གཏིང་ཟབ་ཡོད་པ་དེ་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ་ཞིག་ཡིན། དེར་བརྟེན་ན་ནིང་ནས་བཟུང་འཛམ་གླིང་ཕྱོགས་མཚམས་ཡོངས་ལ་བོད་མི་རྣམས་ནས་རྒྱ་གར་གཞུང་དམངས་ཀྱི་བཀའ་དྲིན་ལ་ཐུགས་རྗེ་ལེགས་འབུལ་མཚོན་པའི་ལས་འགུལ་སྣ་མང་བརྩམས་དང་རྩོམ་བཞིན་ཡོད། གལ་ཏེ་ང་ཚོས། རྒྱ་ནག་དམར་གཞུང་གིས་བོད་”བཅིང་འགྲོལ་”དང་། “ཡར་རྒྱས་”གོང་སྤེལ་བཏང་ཡོད་ལུགས་བསྒྲགས་ཏེ། རྒྱ་གཞུང་གྱི་བཀོད་བྱུས་འོག་དགའ་སྟོན་གྱི་མཛད་སྒོ་དང་། ཐུགས་སྤྲོ་ཟབ་རྒྱས་དང་སྐད་གྲགས་ཆེན་པོའི་ཐོག་ནས་བརྩི་སྲུང་བྱེད་པ་དེ་དག་དང་བསྡུར་ན། བཙན་བྱོལ་བོད་མི་རྣམས་ནས་རྒྱ་གར་ལ་བཀའ་དྲིན་བསམ་ཤེས་བྱེད་སྟངས་དེ་མ་བསྐུལ་དང་བླང་དང་། བཅོས་མིན་དངོས་བདེན་ཞིག་ཡིན་པ་དེ་བས་ཀྱང་མངོན་གསལ་དོད་པོ་ཆགས་ཡོད།
དོན་དངོས་ཐོག ཕྱི་ལོ་༢༠༠༨ ནང་བོད་མཐོ་སྒང་གི་ས་ཁུལ་ཡོངས་སུ་ཞི་བའི་སྒེར་ལངས་ཀྱི་མེ་ལྕེ་མཆེད་པ་དེས། འཛམ་གླིང་མི་དམངས་ཀྱི་མདུན་ངོར་རྒྱ་ནག་གིས་རྒྱུན་དུ་བོད་ནང་དཀའ་རྙོག་གང་ཡང་མེད་པ་སོགས་དྲིལ་བསྒྲགས་བྱས་པའི་གནད་དོན་མང་པོ་ཞིག་གི་རྫུན་རྐུབ་དམར་རྗེན་དུ་བརྟོལ་ཡོད། རྒྱ་དམར་གྱིས་བོད་གངས་ལྗོངས་ལ་བཙན་གནོན་དང་བཤུ་གཞོག་བཏང་དྲགས་པའི་རྐྱེན་གྱིས་བོད་མིའི་ཕྱོགས་ནས་རྒྱ་གཞུང་ལ་འཁང་ར་དང་། སྡུག་སྐད་མ་གཏོགས་འདོན་རྒྱུ་མེད་པ་ནི་རང་བཞིན་ཆོས་ཉིད་ཡིན་ལ། རྒྱ་གར་ལ་དྲིན་གཟོ་དང་། རྒྱ་ནག་ལ་འཁང་ར་བྱེད་པའི་གནད་དོན་འདིས་གདོང་ལྤགས་མཐུག་པའི་རྒྱ་དམར་གྱི་འགོ་ཁྲིད་ཚོ་ལའང་ངོ་ཚ་ཁ་སྐྱེངས་བྱེད་དགོས་པ་ཞིག་བཟོས་ཡོད་སྟབས། ཁོང་ཚོས་རྒྱ་ནག་གིས་བོད་ལ་འཛིན་པའི་ནོར་འཁྲུལ་གྱི་སྲིད་བྱུས་ལ་བསམ་ཞིབ་བྱ་རྒྱུ་ལས་ལྡོག་ཏེ། བོད་མི་ཚོས་རྒྱ་གཞུང་ལ་དྲིན་ལན་ལོག་འཇལ་བྱས་ལུགས་བསྙོན་འཛུགས་བྱེད་ཀྱི་ཡོད། ༧གོང་ས་མཆོག་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་འགོ་འཁྲིད་ཅིག་ཡིན་པ་ཙམ་དུ་མ་ཟད་། འཛམ་གླིང་ཡོངས་ལ་སྤྱི་སེམས་དང་བཟང་སྤྱོད་གོང་སྤེལ་དང། ཆོས་ལུགས་ཕན་ཚུན་བར་གོ་རྟོགས་དང་མཛའ་མཐུན་གོང་སྤེལ་ཆེད་དུ་སྐུ་ཚེ་ཧྲིལ་པོར་འབད་འབུངས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་མཁན་གྱི་འཛམ་གླིང་རིམ་པའི་འགོ་འཁྲིད་གཤའ་མ་ཞིག་ཡིན་པའི་ངོས་འཛིན་ཡོད་པ་དང་། འཛམ་གླིང་འདིའི་ནང་ཉི་འོད་གར་ཁྱབ་ཀྱི་གནད་དོན་མཐའ་དག་གི་ཐོག་༧གོང་ས་མཆོག་གི་བཞེད་ཚུལ་ཇི་ཡིན་དེ་རྒྱལ་སྤྱིའི་གསར་འགྱུར་ཆགས་ཀྱི་ཡོད། ༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་སོགས་ཆེ་མཐོང་འདྲ་མིན་སྣ་ཚོགས་ཕུལ་དང། འབུལ་བཞིན་ཡོད་པ་ཡོངས་གྲགས་ཡིན་ལ། རྒྱལ་སྤྱིའི་ནང་འཚེ་མེད་ཞི་བའི་ལྟ་སྤྱོད་གོང་དུ་སྤེལ་མཁན་ཤིང་རྟ་ཆེན་པོའི་གྲལ་དུ་དཀྱུས་གཅིག་ཏུ་སྒྲིག་པ་མ་ཟད། འཛམ་གླིང་ཡོངས་སུ་ཁོང་ལ་དད་མོས་ཞུ་མཁན་གྱི་གྲངས་འབོར་ཡང་ཧ་ཅང་ཆེན་པོ་ཡོད། འཛམ་གླིང་གི་ཕྱོགས་མཚམས་ཀུན་ལ་ཁོང་གི་ཟིལ་ཤུགས་ཁྱབ་པའི་གནས་སྟངས་དེར་གཞིགས་ན། ཁོང་ནི་འཛམ་གླིང་སྤྱི་ཡོངས་ཀྱི་ཡུལ་མིའམ་སྤྱི་ནོར་ཞིག་ལ་ངོས་འཛིན་བྱེད་དགོས་པ་ལས། རྒྱལ་ཁབ་དང་མི་རིགས་བྱེ་བྲག་པ་གཅིག་རྐྱང་ནས་རྩོད་ཐབས་མེད་པ་ཞིག་ཡིན།
༧གོང་ས་མཆོག་ལ་ད་བར་གཟེངས་རྟགས་དང་ཆེ་མཐོང་ཅི་རིགས་ཕུལ་ཡོད་པའི་ནང་ནས་ཁག་ཅིག་ནི་རྒྱལ་ཁབ་ཀྱི་ཡུལ་མིའི་ཐོབ་ཐང་ཡང་ཚུད་ཡོད། ད་ལྟའི་ཆར་ཁོང་ལ་ཁ་ན་ཌ་དང་། ཧྥ་རན་སིའི་རྒྱལ་ས་པེ་རི་ས། ཨི་ཊ་ལིའི་རྒྱལ་ས་རོམ། པོ་ལན་གྱི་རྒྱས་ས་ཝར་སོ་དང་། རོ་ཀོ་ལོ་གཉིས་སོགས་ཀྱི་ཡུལ་མིའི་ཆེ་མཐོང་ཕུལ་ཡོད། འོན་ཀྱང་། སྐྱབས་བཅོལ་དུ་གནས་པའི་བོད་མིའི་གནས་སྟངས་ཀྱི་དགོས་མཁོར་གཞིགས་ན། རྒྱལ་ཁབ་བྱེ་བྲག་པ་ཞིག་གི་ཡུལ་མིའི་ཐོབ་ཐབ་བླངས་པ་དེ་དང། སོ་སོའི་ཆོས་དང་རིག་གཞུང་གི་ངོ་བོ་སྲུང་འཛིན་བྱེད་པ་གཉིས་ཕན་ཚུན་འགལ་ཟླ་ཡོད་པ་ཞིག་གཏན་ནས་མིན་པར། ཆ་རྐྱེན་དེ་དག་སོ་སོའི་མི་རིགས་ཀྱི་ངོ་བོ་འཚོ་གནས་ཐུབ་ཐབས་ཀྱི་དགོས་མཁོར་གྱུར་ཡོད།
བོད་མིའི་ཁ་དཔེ་ལ་སུ་བྱམས་ཕ་མ་དང་། གང་སྐྱིད་ཕ་ཡུལ་ཞེས་ཡོད་པ་བཞིན། ༧གོང་ས་མཆོག་གི་སྐུ་ཚེ་འདིའི་མཛད་པ་ཕལ་ཆེ་བ་རྒྱ་གར་ནང་བསྐྱངས་ཡོད་སྟབས། ཁོང་གི་དུས་རྒྱུན་དུ། “ངོས་ཀྱི་མི་ཚེ་ཕལ་ཆེ་བ་དེ་གནས་འདིར་(རྡ་རམ་ཤ་ལ་)བསྐྱལ་ཡོད་སྟབས། ད་ལྟའི་ཆར་ང་ཧི་མ་ཅལ་མངའ་སྡེའི་(Himachal Pradesh) ཡུལ་མི་ཞིག་ཡིན་པའི་ཚོར་སྣང་ཡོད་”ཅེས་ལན་མང་གསུངས་ཡོད།
རྒྱ་གར་ནང་འཚར་སྐྱེས་བྱུང་བའི་ད་ལྟའི་མི་རབས་གསར་པ་(དཔེར་ན་རྩོམ་ཡིག་འདི་འབྲི་མཁན་ལྟ་བུར་)མཚོན་ན། ཁོང་ཚོ་བོད་པ་ཙམ་མ་ཟད་རྒྱ་གར་བའང་ཡིན་པའི་འདུ་ཤེས་ཟབ་མོ་ཡོད། ཁོང་ཚོས་མི་རིགས་འདི་གཉིས་ཀྱི་ནང་ནས་གཅིག་ངེས་པར་དུ་འདེམས་དགོས་དོན་མེད་ལ། ཁོང་ཚོས་དེ་གཉིས་ཀ་བདམས་ཆོག་པ་དེ་ནི་བཙན་བྱོལ་ནང་གི་རང་དབང་གི་མཛེས་ཆོས་ཤིག་ཡིན། བོད་ནང་གི་གནས་སྟངས་དང་ཡོངས་སུ་མི་འདྲ་བར། བཙན་བྱོལ་ནང་གི་བོད་མི་རྣམས་ལ་སྟོབས་ཤུགས་ཆེ་ཤོས་ཀྱི་མི་རིགས་བྱེ་བྲག་པ་ཞིག་གིས། རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྲུང་སྐྱོབ་ཁ་ལ་འཁྱེར་ནས་གྲངས་ཉུང་མི་རིགས་སམ། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་ངོ་བོ་བསྒྱུར་ཐབས་དང་། རྩ་གཏོར་གཏོང་རྒྱུར་འབད་འབུངས་བྱེད་པའི་”རིག་གཞུང་གི་བཙན་རྒྱལ་རིང་ལུགས་”པའི་གཉའ་གནོན་དང་བཤུ་གཞོག་གཏོང་བའི་དཀའ་ངལ་མེད།
འོན་ཀྱང་། རྒྱ་གར་ནང་གི་བོད་མི་ཚོར་མཚོན་ན། ཁོང་ཚོ་རྒྱལ་ཁབ་འདིའི་ནང་ཐོག་མར་སྐྱབས་བཅོལ་ཞུས་པ་ནས་བཟུང། སོ་སོ་སྐྱབས་བཅོལ་བ་ཞིག་ཡིན་པའི་ངོ་བོའམ་གནས་བབ་མུ་མཐུད་འཛིན་དགོས་པ་དེ་གཙིགས་ཆེར་བཟུང་ཡོད། བོད་མི་ཚོའི་མཐར་ཐུག་གི་དམིགས་ཡུལ་དེ་བོད་ལ་ཕྱིར་ལོག་རྒྱུ་ཡིན་པ་དང་། ལང་ལོང་དཀྲིགས་པའི་རྒྱ་གར་གྱི་མི་ཚོགས་ནང་སིམ་ཡལ་མི་འགྲོ་བའི་ཆེད་དུ། བོད་མིའི་སྤྱི་ཚོགས་རྨང་ནས་འཛུགས་བསྐྲུན་བྱས་ཡོད། དེའི་རྐྱེན་གྱིས་ད་ལྟའི་ཆར། མི་འབོར་ས་ཡ་བརྒྱ་བརྒལ་བའི་རྒྱ་གར་གྱི་རྒྱལ་ཁབ་ནང་དུའང་། བོད་མི་ཐར་ཐོར་འབུམ་གཅིག་ལས་མེད་ཀྱང་། སོ་སོའི་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབུར་ཐོན་ནམ་སྲུང་འཛིན་བྱེད་ཐུབ་པ་བྱུང་ཡོད། ༧གོང་ས་མཆོག་ལ་ཕྱིའི་རྒྱལ་ཁབ་མང་པོའི་ཡུལ་མིའི་ཆེ་མཐོང་ཕུལ་ཡོད་ནའང། དོན་དངོས་ཐོག་ཁོང་གི་ཆབ་སྲིད་ཀྱི་གནས་བབ་ལ་འགྱུར་བ་གང་ཡང་ཕྱིན་མེད། ཁོང་ནི་ད་ལྟའང་”སྐྱབས་བཅོལ་བ་”ཞིག་ཡིན་ལ། རྒྱ་གར་གཞུང་ནས་གནང་བའི་ཕྱིར་བསྐྱོད་ལག་འཁྱེར་སེར་པོ་དེར་ཐོངས་མཆན་ཞུས་ཏེ་ཕྱི་རྒྱལ་དུ་ཕེབས་ཀྱི་ཡོད། རྒྱ་གར་ནང་བོད་མི་མ་ཡིན་པའི་སྐྱབས་བཅོལ་མི་རིགས་གཞན་དག་མང་པོ་ཡོད་པ་དེ་དག་ལའང་ཕྱིར་བསྐྱོད་ལག་འཁྱེར་འདི་གནང་གི་ཡོད།
རྒྱ་ནག་གི་ཡུལ་མིའི་ཐོབ་ཐང་།
གོང་གསལ་རྩོམ་ཡིག་དེའི་ནང་༧གོང་ས་མཆོག་ནས་རང་ཉིད་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མི་ཡིན་པའི་ཐོབ་ཐང་དོར་རྒྱུའི་འདོད་པ་ཡོད་པ་མཚོན་གྱི་ཡོད་ཅེས་བསྙོན་འཛུགས་བྱས་ཡོད་ཀྱང་། ༧གོང་ས་མཆོག་གིས་རྒྱ་ནག་གི་ཡུལ་མིའི་ཐོབ་ཐང་བཞེས་པའི་དུས་སྐབས་ཤིག་ད་བར་བྱུང་མྱོང་མེད་པས། རྒྱ་ནག་གི་ཡུལ་མིའི་ཐོབ་ཐང་ཡོད་ཀྱང་དོར་དང་མ་དོར་གི་དྲི་བ་དེ་གཞི་མེད་ཆགས་བསྡད་ཡོད། གཞིས་བྱེས་གཉིས་སུ་གྱེས་པའི་བོད་མི་ཡོངས་ཀྱི་སེམས་གཏིང་དུ་སོ་སོ་རྒྱ་ནག་གི་སྡུག་སྦྱོང་མནར་གཅོད་ཕོག་མཁན་ཞིག་ཡིན་པ་མ་གཏོགས། རྒྱ་ནག་གི་ཡུལ་མི་ཞིག་ཡིན་པའི་ཚོར་བ་དེ་དུས་ནམ་ཡང་ཡོང་ཐུབ་ཀྱི་མེད། ལྷག་པར་དུ་གནའ་བོའི་རྒྱལ་རབས་ལོ་རྒྱུས་ནས་བཟུང་བོད་རྒྱ་མི་རིགས་གཉིས་ནི་རིགས་རྒྱུད་དང་། སྐད་ཡིག ཆོས། ཡུལ་གོམས་གཤིས་ལུགས་སོགས་གང་ས་ཅི་ཐད་ནས་ཐ་དད་པ་ཆགས་བསྡད་ཡོད།
གོང་གསལ་གྱི་རྩོམ་ཡིག་དེའི་ནང། ༧གོང་ས་མཆོག་ལ་”བོད་ལྷོ་ཁུལ་གྱི་ས་ཁོངས་རྒྱ་གར་ལ་བློས་གཏོང་མཁན་”ཞེས་བསྙོན་འཛུགས་བྱས་ཡོད། གལ་ཏེ་སྐབས་འདིའི་བོད་ལྷོ་ཁུལ་དེ་རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་རུ་ན་ཅལ་ལ་གོ་བ་ཡིན་ན། སྤྱིར་བོད་དང་རྒྱ་གར་གྱི་ས་མཚམས་དཀའ་རྙོག་རིགས་དེ་སྔའི་རང་དབང་ལྡན་པའི་བོད་གཞུང་དང་དབྱིན་ཇིའི་དབང་སྒྱུར་འོག་གི་རྒྱ་གར་གཞུང་གི་སྐུ་ཚབ་ཕན་ཚུན་འདྲ་མཉམ་སྒོ་ནས་གྲོས་མོལ་བརྒྱུད་ཆིངས་ཡིག་བསྣོལ་འཇོག་དང་འགྲིག་མཐུན་བྱུང་ཡོད། ཧི་མ་ལ་ཡ་གངས་རིིའི་བྱང་ངོས་སུ་ཡོད་པའི་བོད་མི་རྣམས་དང་མི་འདྲ་བར། འདི་ཕྱོགས་སུ་གནས་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་དམངས་བྱིངས་ལ་སྲིད་དབང་སྒེར་འཛིན་གྱི་གཉའ་གནོན་བཤུ་གཞོག་དང་། སྲིད་གཞུང་གི་བཀོད་བྱུས་འོག་སྤེལ་བའི་སྡུག་སྦྱོང་མནར་གཅོད་ཀྱི་ལས་འགུལ་རིགས་ད་བར་ཕོག་མྱོང་མེད་པ་དང་། སྤྱིར་བོད་རིགས་དང་ཆོས་དང་རིག་གཞུང་གི་འབྲེལ་བ་གཏིང་ཟབ་ཡོད་པའི་ཨ་རུ་ན་ཅལ་མངའ་སྡེའི་ཡུལ་མི་རྣམས་ཀྱིས་འགྲོ་བ་མིའི་གཞི་རྩའི་རང་དབང་དང་ཐོབ་ཐང་ཡོངས་རྫོགས་ལོངས་སུ་སྤྱད་དེ། མི་མང་རྣམས་རང་ཉིད་རང་གི་མགོན་ཆགས་ཡོད་པ་དེར་གཞིགས་ན། ས་ཁུལ་དེ་རྒྱ་གར་གྱི་ས་ཁོངས་སུ་ཚུད་པ་ལ་བོད་མི་རྣམས་ནས་ཡི་རངས་བྱེད་འོས་པ་ཞིག་ཡིན།
ལྷག་པར་དུ། རྒྱ་རིགས་ཀྱིས་བོད་ནང་”རིགས་གཞུང་རྩ་གཏོར་”གཏོང་འགོ་བཙུགས་པ་ནས་བཟུང་། བོད་མིའི་རིག་གཞུང་ནང་བསྲེས་ལྷད་དང་། ཉམས་དམས་སུ་གཏོང་བའི་འཐབ་བྱུས་མཚམས་བཞག་མེད་སྟབས། ད་ལྟའི་ཆར་བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་དེ་འཚོ་དང་མི་འཚོའི་གནས་སུ་གྱར་ཡོད། འོན་ཀྱང་རྒྱ་ནག་འགོ་འཁྲིད་ཚོས་ངེས་པར་དུ་ཤེས་ཚོར་དགོས་པའི་གནད་དོན་ཞིག་ནི། བོད་ཀྱི་ཆོས་དང་རིག་གཞུང་གི་ཁྱབ་རྒྱ་དེ་རྒྱལ་ཁབ་དང་མི་རིགས་ཀྱི་ས་མཚམས་ལས་བརྒལ་ཡོད་པར་སོང་། བོད་ཀྱི་ངོ་བོ་རྒྱ་རིགས་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་མུ་མཐུད་ལག་བསྟར་བྱས་པའི་མཐར་ཐུག་གི་མཇུག་འབྲས་བཟང་ངན་ཇི་བྱུང་ལ་མ་ལྟོས་པར། བོད་ཕྱིའི་རྒྱལ་ཁབ་དང་། ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་དག་ལ་བོད་ཀྱི་རིག་གཞུང་དུས་རྟག་ཏུ་འཚོ་གནས་དང་གོང་སྤེལ་ཐུབ་པ་ལ་ཐེ་ཚོམ་མི་དགོས་པ་ཞིག་ཡིན། རྒྱུ་མཚན་དེ་ལ་བརྟེན། ༧གོང་ས་མཆོག་གིས་རྒྱལ་བ་སྐུ་ཕྲེང་བཅོ་ལྔ་པ་དེ་བོད་ཕྱི་ལོགས་ཀྱི་རང་དབང་ལྡན་པའི་ས་ཁུལ་ཞིག་ལ་འཁྲུངས་སྲིད་པའི་མ་འོངས་ལུང་བསྟན་བསྩལ་ཡོད།།