ཆོ་ག་ཕྱག་ལེན་ལྟ་བུའི་གྲོས་ཆོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༧༣

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་༩ པའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་རིན་པོ་ཆེ་བསྩལ་བ་དང། དེ་ལ་བརྟེན་ནས་གྲོས་ཚོགས་དང་སྤྱི་ཚོགས་ནང་གནས་སྐབས་ཤིག་ལ་བགྲོ་གླེང་སྣ་ཚོགས་ཀྱིས་ཁྱབ་ཡོད་པ་རེད། དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང། སྐུ་ཚབ་སྐལ་བཟང་རྒྱལ་མཚན་གཉིས་ཀྱང་བཞུགས་སྒར་དུ་ཆེད་ཕེབས་དང།

ཆེད་དུ་གདན་ཞུས་ལྟར་བཀའ་ཟུར་བཅུ་ཙམ་ཕེབས་ཡོད་པ་རེད། སྐབས་དེར་བཀའ་བློན་ཁྲི་པ་དང་བཀའ་བློན་རྣམ་པ། བོད་རྒྱ་ཞི་མོལ་ལས་དོན་གྲ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམ་པ་བཅས་ཉན་ཞིབ་ཀྱི་ཚོགས་འདུ་དེར་ཕེབས་ནས་སྦྱངས་བཤད་དང་དྲི་བ་དྲིས་ལན་སོགས་གནང་ཡོད་པ་རེད། རྒྱ་ནག་གཞུང་ལ་སྤྲད་པའི་མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དེ་༧གོང་ས་མཆོག་གི་དགོངས་གཞི་ཡིན་པ་དང། བསམ་འཆར་དེ་གྲོས་ཚོགས་ལ་མ་བསྟན་པ་དེ་ཚུལ་མཐུན་ཡིན་པ་སོགས་གསལ་པོ་ཆགས་པ་རེད་ཅེས་གནད་དོན་གཉིས་ཀྱི་ཐོག་ནས་བཀའ་ཤག་གཙང་མ་བཟོས་ཡོད་པ་དང། དེར་བརྟེན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་༧གོང་ས་མཆོག་གི་བཀའ་དགོངས་ཡང་དག་བསྒྲུབས་པ་ཞིག་ཡིན་པ་ར་སྤྲོད་གསལ་པོ་བྱུང་བ་རེད། ད་རེས་༧གོང་ས་མཆོག་གི་གསུང་འཕྲིན་ཕེབས་དགོས་དོན་དེ་བཀའ་ཤག་གཙང་མ་བཟོ་རྒྱུ་གཅིག་པུའི་ཆེད་དུ་རེད་དམ། ཡང་ན་གནད་དོན་གཞན་ཞིག་གི་ཆེད་དུ་རེད། དེ་ལ་མི་རེ་རེ་བཞིན་ངོས་འཛིན་བྱེད་སྟངས་མི་འདྲ་བ་མང་པོ་ཡོད་པ་དང། ཁག་ཅིག་གིས་གྲོས་ཚོགས་ལ་མ་བསྟན་པ་དངོས་ཡོད་གནས་ཚུལ་རེད། དེ་ལ་གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་རེད་ཅེས་བརྗོད་པར་གནད་འགག་ཆེན་པོ་གང་ཡང་མེད་པ་དང། རྒྱ་གྲགས་བོད་གྲགས་ལྟ་བུར་”སྐེ་ཁུར་ནས་ཞགས་པ་ཉོ་རུ་སོང་བ་རེད་”ཅེས་པ་ལྟ་བུའི་བོད་རྒྱའི་འབྲེལ་མོལ་སྐོར་ལ་སྐྱོན་འཛུགས་གནང་མཁན་གྱི་གནད་ཡོད་མི་སྣ་དེ་འདྲ་བྱུང་ཡོད་ཀྱང། གྲོས་ཚོགས་ནང་དེའི་སྐོར་བགྲོ་གླེང་གནང་མཁན་བྱུང་མེད་པ་ནི། གསུང་འཕྲིན་གྱི་ནང་དེའི་སྐོར་གང་ཡང་འཁོད་མེད་པའི་རྒྱུ་མཚན་ལ་བརྟེན་ནས་ཡིན་ཚུལ་བརྗོད་སྲིད་ཀྱང། དངོས་ཡོད་གནས་ཚུལ་ཐོག་ནས་གནད་དོན་འདི་དག་ཀྱང་མང་གཙོ་དང་འདྲ་མཉམ་གྱི་སྤྱི་ཚོགས་ཤིག་གི་ངོས་ནས་བལྟས་ན་ཅུང་ཁྱད་མཚར་ལྟ་བུར་གྱུར་ཡོད། ༧གོང་ས་མཆོག་གི་གསུང་འཕྲིན་རིན་པོ་ཆེ་གྲོས་ཚོགས་སུ་ཕེབས་དགོས་དོན་གོང་དུ་གསལ་བའི་གནད་དོན་གཉིས་གཙང་མ་བཟོ་རྒྱུ་ཁོ་ནའི་ཆེད་ཡིན་ན་དགོངས་གཞི་དེ་འགྲུབ་ཡོད་པ་རེད།གྲོས་ཚོགས་ཀྱིས་ཀྱང་གྲོས་ཆོད་ཀྱི་ལམ་ནས་གོང་གསལ་དོན་ཚན་གཉིས་གཙང་མ་བཟོས་ཡོད་པ་དང། བོད་དོན་བདེན་མཐའ་གསལ་ཐབས་སུ་ཚང་མའི་ངག་གོམས་སུ་གྱུར་ཟིན་པའི་བརྗོད་ཚིག་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་གནང་རོགས་ཞེས་བསྐྱར་དུ་འགན་ཁུར་ཡོངས་རྫོགས་༧གོང་ས་མཆོག་གཅིག་པུའི་སྐུ་ཕྲག་ཏུ་བཀལ་ཡོད་པ་དང། སྤྱི་འཐུས་ཁག་ཅིག་གིས་འགན་གང་ཡང་ཁུར་རྒྱུ་མིན་ཞེས་པ་ལྟ་བུའི་གྲོས་ཆོད་དེ་སྤྱི་མོས་ཀྱིས་གཏན་འབེབས་བྱེད་མ་ཐུབ་ན། རྒྱབ་སྐྱོར་མི་བྱེད་མཁན་དེ་༧གོང་ས་མཆོག་གི་སྐུ་དབང་འཕྲོག་མཁན་ཡིན་པ་ལྟ་བུ་བརྗོད་བབས་ལ་བརྟེན། སྤྱི་མོས་ཀྱིས་གཏན་འབེབས་མི་བྱེད་ཀ་མེད་དུ་གྱུར་པ་ཞིག་ཡིན་པའང་ཟུར་བལྟས་ལེབ་མཐོང་རེད། དོན་དངོས་ཐོག་ད་ལྟའི་ཆར་རྒྱ་གཞུང་གིས་བོད་དོན་ཐག་གཅོད་བྱེད་རྒྱུའི་འདུན་པ་མེད་པ་གསལ་པོ་གསལ་རྐྱང་ཆགས་པར་བརྟེན། བོད་པའི་ངོས་ནས་དགོས་འདུན་ཚང་མ་མར་ཕབ་པར་རྒྱུ་མཚན་གང་ཡང་མེད་པ་ལྟ་བུར་གྱུར་ཡོད་པ་དང། མ་འོངས་པར་མི་ལོ་༥༠ ནས་༡༠༠ སོང་བའི་རྗེས་སུ་བོད་རྒྱའི་ཆབ་སྲིད་ཀྱི་གནས་སྟངས་ལ་ཞིབ་འཇུག་བྱེད་མཁན་དག་གིས་ད་ལྟའི་ཐག་གཅོད་བྱེད་སྟངས་ལ་སྐྱོན་བརྗོད་བྱེད་སྲིད་པས། ད་ལྟ་འགན་ཁུར་བཞིན་པའི་བཀའ་ཤག་དང་སྤྱི་འཐུས་ཀྱི་ངོས་ནས་དེང་སྐབས་ཆབ་སྲིད་ལས་དོན་ཐོག་ནོར་འཁྲུལ་གང་ཡོད་ཀྱི་འགན་ཁུར་ཐུབ་པ་ཞིག་ངེས་པར་དུ་བྱེད་དགོས་པ་རེད། ༧གོང་ས་མཆོག་དགུང་གྲངས་༧༥ ཙམ་དུ་ཕེབས་ཟིན་པས་ཁོང་ཞལ་བཞུགས་པའི་སྐབས་སུ་ཡེ་ཤེས་དབྱིངས་དཔྱད་གནང་ཆོག་ཀྱང། དེའི་རྗེས་སུ་སུས་ཡེ་ཤེས་དབྱིངས་དཔྱད་གནང་གི་རེད། དེ་ལས་ཞལ་བཞུགས་པའི་སྐབས་འགན་ཁུར་ཚང་མ་གཞུང་གི་ལས་སྣེ་བ་རྣམས་ཀྱིས་ལེན་ཐུབ་ན་ནོར་འཁྲུལ་བྱུང་ཡང་ལམ་སྟོན་དང་ཡོ་བསྲང་གནང་མཁན་ཞིག་ཡོད་པས་ནོར་བཞིན་ནོར་བཞིན་གོམ་པ་མདུན་དུ་སྤོ་དགོས་པ་གལ་ཆེན་པོར་གྱུར་ཡོད་པ་ལས། ཆོ་ག་ཕྱག་ལེན་ལྟ་བུའི་གྲོས་ཆོད་ཅིག་འཇོག་ཐུབ་ཙམ་གྱིས་འགན་ཁུར་དེ་འགྲུབ་པར་ངོས་འཛིན་བྱེད

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།