གསོག་སྒར་སློབ་གྲྭ་ལོ་༡༧ འཁོར་བའི་མཛད་སྒོ།
གསོག་སྒར་ཤེས་རབ་དགའ་ཚལ་སློབ་གླིང་ད་ལྟ་ཤེས་རིག་ལས་ཁུངས་ཀྱི་ཐད་ཀའི་འཛིན་སྐྱོང་འོག་ཏུ་ཡོད་ནའང། མི་འགྱངས་བར། བོད་གཞུང་སཾ་བྷོ་ཊའི་འཛིན་སྐྱོང་འོག་ཏུ་བསྒྱུར་འཆར་ཡོད་པ་རེད། སློབ་གླིང་དེའི་ནང་ད་ལྟ་སློབ་མ་༥༠༠ ལྷག་ཡོད་འདུག དེ་ཡང་ཟླ་འདིའི་ཚེས་༡ ཉིན་དྷ་སའི་ཉེ་འཁོར་དུ་ཡོད་པའི་ཤེས་རབ་དགའ་ཚལ་སློབ་གླིང་། དབུ་བརྙེས་ནས་ལོ་ཧྲིལ་པོ་༡༧ འཁོར་བའི་དུས་དྲན་གྱི་མཛད་སྒོ་སྲུང་བརྩི་ཞུས་ཡོད་པས། སྐབས་དེར་སྐུ་མགྲོན་གྱི་གཙོ་བོ་ཤེས་རིག་བཀའ་བློན་མཆོག་དང་འབྲེལ་ཡོད་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད།
དེ་བཞིན་སློབ་གླིང་དེའི་དབུ་འཛིན་མཆོག་གིས་གཙོས་དགེ་རྒན་ལས་བྱེད་རྣམ་པ། སློབ་གཉེར་བ་ལྔ་བརྒྱ་ལྷག་ཙམ་ཡོད་པ་ཚང་མ་ཐང་སྟེང་དུ་མཉམ་འཛོམས་ཀྱིས་རྒྱལ་གླུ་བཏང་རྗེས། དབུ་འཛིན་མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་པ་དང། དེ་ནས་རྒྱ་གར་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ལྷ་མོ་ཚོགས་པས་བོད་ཀྱི་ལྷ་མོའི་འཁྲབ་སྟོན་གནང་ཡོད་པ་དང་། དགོང་དྲོར་སློབ་མའི་ངོས་ནས་འཁྲབ་སྟོན་ཞིག་གཟིགས་འབུལ་ཞུས་སོང།
དུས་དྲན་དེ་དང་འབྲེལ་ནས་འདི་གའི་གསར་འགོད་པས་སློབ་གྲྭའི་དབུ་འཛིན་ཤཱསྟྲི་བུ་ཕྲུག་ལགས་སུ་བཅར་ཞུས་པ་ཡིན། ཤཱསྟྲི་བུ་ཕྲུག་ལགས་ནི་ཅོང་རྡ་རའི་སློབ་གྲྭའི་ནང་ལོ་༢ ཙམ་དགེ་རྒན་བྱས་པ་དང་། དེ་ནས་འགན་འཛིན་ལས་ཚབ་ལོ་༢ དེ་རྗེས་བདེ་སྐྱིད་གླིང་དུ་ལོ་༢ ལྷག་ཙམ་དགེ་རྒན་བྱས་རྗེས་ཤེས་ལོང་དུ་ལོ་༥ ཙམ་དགེ་ཆེ། རྡོ་རྗེ་གླིང་ལ་བོད་རིགས་སློབ་སྤྱིའི་འགན་ཁུར་སོགས་ཀྱི་ཕྱག་ལས་གནང་མྱོང་ཡོད་པ་རེད།
ཁྱེད་ཀྱིས་ཕྱག་ལས་གནང་མྱོང་སའི་སློབ་གྲྭ་ཁག་དང་། ད་ལྟའི་ཤེས་རབ་དགའ་ཚལ་སློབ་གཉིས་བར་འཛིན་སྐྱོང་དང་ཤེས་ཡོན་སོགས་ལ་ཁྱར་པར་ག་རེ་འདུག་ཅེས་དྲིས་པར། ཁོང་གིས། “སློབ་ཕྲུག་ཆུང་བ་ཡིན་ན་སྐད་ཆ་སོགས་བཤད་བདེ་པོ་ཡོད་ནའང་ཤེས་ཡོན་གྱི་ཐད་ལ་དཀའ་ལས་ཁག་པོ་ཡོད་རེད། སློབ་ཕྲུག་ལོ་ཆུང་ཆུང་ཚོ་དེད་ན་མ་གཏོགས་ཡོང་གི་ཡོད་མ་རེད། འདི་ལ་ང་ཚོར་ཤེས་ཡོན་ཐད་ལ་དཀའ་ངལ་གང་ཡང་མི་འདུག གང་ཡིན་ཟེར་ན་ང་ཚོས་སློབ་གྲྭ་བཙུགས་དགོས་པའི་དམིགས་ཡུལ་དང་དགོས་པ་སོགས་འགྲེལ་བཤད་བརྒྱབ་ན། ཁོ་རང་ཚོས་བསམ་བློ་བཏང་ནས་དེ་རང་གི་ཐོག་ལ་འགྲོ་ཐུབ་ཀྱི་འདུག་”ཅེས་གསུངས་སོང།
སྔོན་མར་སློབ་གྲྭ་འདིར་དཀའ་ངལ་ཡོད་པའི་རྩ་འཛིན་ལམ་སྟོན་གྱི་ཡིག་ཆ་དེ། དེང་སྐབས་ལག་ལེན་བསྟར་ཕྱོགས་གང་འདྲ་ཡིན་མིན་དྲིས་པར། ཁོང་གིས། “དགེ་རྒན་དང་ལས་བྱེད་ཀྱི་གསོལ་ཕོག་གི་དཀའ་ངལ་དེ། ༢༠༠༩ གང་ལ་གང་འཚམས་ཀྱིས་སེལ་ཡོད་རེད་ལ་བང་རིམ་ཡང་མང་པོ་ཞིག་བཟོས་ཡོད་རེད། སྔོན་མ་ཡིན་ན་ཆ་རྐྱེན་ཚང་པ་དང་མ་ཚང་པ་གཉིས་ཟེར་བ་མང་པོ་ཞིག་འདུག ད་ལོ་ང་ཚོས་ཆ་རྐྱེན་ཚང་མཁན་ཡོངས་རྫོགས་གཏན་འཇགས་མིན་པ་ཡིན་ན། སམ་བྷོ་ཊའི་རྩ་ཕོག་དང་ཡུལ་ཐང་གུན་གསབ་གང་ཡོད་པ་དེ་ཕུལ་གྱི་ཡོད། ཆ་རྐྱེན་མ་ཚང་བ་ཡིན་ནའང་གསོལ་ཕོག་གང་ལ་གང་འཚམས་ཤིག་སྤར་ཡོད་པ་རེད། དེ་བཞིན་སམ་བྷོ་ཊའི་འཛིན་སྐྱོང་འོག་ཏུ་སོང་བ་ཡིན་ན་ཆ་རྐྱེན་ཚང་ཡོད་ན་གསོག་དངུལ་དང་རྒན་ཡོལ་བཅས་ཀྱི་ཐད། སམ་བྷོ་ཊ་ལྟར་ཐོབ་ཀྱི་རེད་བསམ་གྱི་ཡོད་”ཅེས་གསུངས་སོང།
ད་ལྟའི་ཆར་བོད་ནས་ཡར་ཕེབས་མཁན་ཉུང་ཉུང་ཆགས་ཡོད་པས། སློབ་གཉེར་བའི་གྲངས་དང་སློབ་གྲྭའི་གནས་བབས་ག་འདྲ་ཡིན་དྲིས་པར། ཁོང་གིས། “བོད་ནང་ཞི་བའི་གྱེན་ལངས་བྱས་ནས་བཟུང་སློབ་མ་ཕེབས་མཁན་ཉུང་ཉུང་ཞེ་དྲག་ཆགས་པ་རེད། ལོ་སྔོན་མའི་ཟླ་བ་༡༡ ནང་སློབ་གཉེར་བ་གྲངས་༡༢༢ ཙམ་གསར་དུ་འབྱོར་ཐུབ་ཡོད་པས། ད་ལྟའི་ཆར་སློབ་གཉེར་བ་གྲངས་༥༢༦ ཙམ་ཡོད་”ཅེས་གསུངས་སོང།
སློབ་གྲྭ་འདིར་སམ་བྷོ་ཊའི་ཁོངས་སུ་བསྒྱུར་ལ་ཉེ་བ་ཡིན་པས། བསྒྱུར་བའི་རྗེས་སུ་སློབ་སྦྱོང་ཐད་ད་ལྟ་ལས་གཞན་འགྱུར་བ་འགྲོ་ཡི་རེད་དགོངས་ཀྱི་ཡོད་དམ་དྲིས་པར། ཁོང་གིས། “སམ་བྷོ་ཊའི་འོག་ཏུ་སོང་བ་ཡིན་ན་མ་འོངས་པར་འཛིན་གྲྭ་༡༠ པ་དང་༡༢ རྒྱ་གར་རྒྱལ་ཡོངས་སུ་ཡིག་འབྲེལ་གྱི་ལམ་ནས་ཡིག་ཚད་གཏོང་རྒྱུའི་འཆར་གཞི་ཞིག་བཟོས་བཞག་ཡོད། དེར་སོང་བ་ཡིན་ན་སློབ་གཉེར་བ་རང་ཉིད་ཀྱིས་མུ་མཐུད་ནས་མཐོ་སློབ་ཀྱི་སློབ་སྦྱོང་ལ་འགྲོ་ཆོག་གི་རེད། ད་ལྟའི་གནས་སྟངས་ལ་ནོར་གླིང་དང་སཱ་ར་མཐོ་སློབ་ནང་ཡིག་ཚད་འཕྲོད་ན་གནས་ཚུལ་ལོག་ཁ་རེད་མ་གཏོགས། རྒྱ་གར་གྱི་མཐོ་སློབ་སོགས་ལ་འགྲོ་རྒྱུ་དེ་འདྲ་ཡོད་མ་རེད། ང་ཚོས་བང་རིམ་དེ་འདྲ་མང་པོ་ཞིག་བསྒྲིགས་ཡོད་རེད་དེ། མ་འོངས་པར་དོན་དག་ག་ཚོད་བསྒྲུབ་ཐུབ་ཀྱི་ཡོད་མེད་ད་ལྟའི་སྐབས་ཞུ་ཁག་པོ་འདུག་”ཅེས་གསུངས་བྱུང།