མཁའ་དབྱིངས་འགྲུལ་བཞུད་ཀྱི་ལམ་བུ།
ཚེ་རིང་བཀྲ་ཤིས།
མན་ཇུ་ཊི་ལ་ནས་ལམ་ལ་ཆས། གླ་འཁོར་ལ་ཕར་རྐྱང་པར་ཧིན་སྒོར་བཞི་བརྒྱ་དང་། ཕན་ཚུན་གཉིས་ལ་ལྔ་བརྒྱ། གནམ་ཐང་ནས་སྒུག་གླ་དྲུག་ཅུ་བཅས་ནི་མན་ཇུ་ཊི་ལའི་བོད་སྒར་བསམ་ཡས་གླིང་གི་འགྲིམ་འགྲུལ་ལས་ཁང་ཡོངས་ལ་གཅིག་མཚུངས་རེད།
ཞོགས་པ་ཆུ་ཚོད་བཞི་པ་ཡིན་པས་ལམ་བར་དུ་འཁོར་རིགས་ཀྱི་འཚངས་ཁ་མེད་པར་སྟབས་བདེ་བ་འདུག དེ་ལྟར་ཆུ་ཚོད་གཅིག་མ་ཟིན་ཙམ་གྱིས་རྡི་ལིའི་གནམ་ཐང་དུ་འབྱོར། ནམ་ད་དུང་གསལ་མེད།
སྤུན་མཆེད་བསོད་ནམས་བཀྲ་ཤིས་ལ་སུད་སུའི་ཆ་ཚང་བའི་ཡུལ་སྐོར་བའི་ཕྱི་སྐྱོད་ལག་འཁྱེར་ཡོད་ལ། གནམ་ཐང་གི་འགྲོ་སྟངས་ལ་བྱང་གོམས་དང་དབྱིན་སྐད་ཀྱི་གནས་སྟངས་གང་ལེགས་ཡོད་པས་ང་ཆེད་དུ་བསྐྱལ་ནས་ཡོང་ཡོད་ན་ཡང་ནང་དུ་མི་གཏོང་བར་འདུག
གཞན་གནམ་ཐང་རང་གི་ལས་དོན་པའི་ཁྲོད་དུ་ངོ་ཤེས་ཡོད་མཁན་གྱི་ཕ་ཡུལ་གཅིག་པ་ཞིག་གི་ཁ་པར་ཨང་གྲངས་ཀྱང་མཉམ་དུ་ཁུར་ཡོད། གནམ་ཐང་སྒོ་འགྲམ་ནས་སྤུན་མཆེད་ཁོང་གི་ལག་འཕྲིན་གྱི་ཨང་གྲངས་ཤོག་ཐོག་ཏུ་བཤུ་སྐབས་ངའི་ལག་པ་ཅུང་ཟད་འདར་བཞིན་འདུག
ལར་སྙིང་གི་འཕར་སྟངས་ལ་མངོན་གསལ་དོད་པོའི་འགྱུར་བ་ཕྱིན་མེད་ན་ཡང་། ལག་འཁྱེར་ལ་དཀའ་ངལ་འཕྲད་མི་ཡོང་ངམ་སྙམ་པའི་སེམས་ཁུར་དེས་ངའི་སེམས་ནང་དུ་དེ་རིང་རྒྱུན་ལྡན་མིན་པའི་གོ་བབ་བཟུང་ཡོད་པ་གཞི་ནས་ཚོར།
སྐྱེལ་མཁན་གྱིས་ཕྱི་ལོགས་ནས་ང་བདེ་འཇགས་ངང་མ་ཐོན་གྱི་བར་སྒུག་རྒྱུ་བྱས། རང་ཉིད་གཅིག་པུར་ཅ་ལག་འདྲུད་སྟེགས་ཀྱི་ལག་སྐྱོར་ལ་འཇུས་ནས་ག་ལེར་ཤེལ་སྒོ་རང་འགུལ་གྱིས་ཕྱེ་བའི་བར་ནས་ཡར་འཛུལ་བ་ཡིན།
སྐབས་འདིར་དུས་རྒྱུན་ཁ་འདོན་གང་ཡང་མི་བྱེད་པའི་ངས་གཞི་ནས་ཨྱོན་བསྟན་གཉིས་གླིང་པའི་གཏེར་བྱོན་གྱི་འཕགས་པ་ཕྱོགས་ཅུའི་མུན་པ་ཐམས་ཅད་རྣམ་པར་སེལ་བའི་མདོ་ཚིགས་བཅད་མ་དེ་བློ་ཐོག་ནས་ཚར་གཅིག་བཀླགས་པའི་སྒོ་ནས་ཕྱོགས་བཅུའི་སངས་རྒྱས་ཡིད་ལ་བྱས་ཤིང་། ཀུན་མཁྱེན་ཀློང་ཆེན་པའི་གསུང་གི་གནས་འགའ་ཞིག་ཀྱང་སེམས་ལ་དྲན་པ་ཙམ་བྱས། དེ་ལྟར་བྱས་ན་སེམས་པ་ལྷོད་ལ་འབབ་པའི་དགེ་མཚན་འདུག
སྐད་དང་འགྲོ་སྟངས་མི་ཤེས་ཁར་ལག་འཁྱེར་བལ་བོའི་མི་སེར་ལག་འཁྱེར་ཡིན་པ། དེའི་སྟེང་གི་མིང་རྟགས་བོད་ཡིག་ཏུ་འཁོད་པ་སོགས་ཀྱིས་རྙོག་དྲ་མང་པོ་བཤད།
མཐར་བལ་ཡུལ་གྱི་ལམ་འགྲོ་ཕོ་གཞོན་གཉིས་ལ་བལ་བོ་གཙང་མ་ཡིན་མིན་གྱི་དཔང་བོ་བྱེད་དུ་བཅུག་པར་གསང་བརྡ་གནད་ལ་ཁེལ་བ་གཏོང་ཐུབ་པ་བྱུང་བས་ཁོང་གཉིས་ནས་ཀྱང་ང་རང་བལ་བོའི་ཡུལ་མི་ཡིན་པའི་ཁུངས་སྐྱེལ་མཐའ་གཅིག་ཏུ་བྱས།
ངས་ཀྱང་སྐད་ཆ་གང་བཤད་ཀྱང་གདོང་བ་ཅུང་ཟད་ཀྱང་མི་སྨད་པར་ཕར་ཕྱོགས་ཀྱི་མིག་ནང་ལ་ཐད་ཀར་བལྟ་དགོས་པའི་གསང་གནད་དང་། སྡིག་ར་དང་ཞི་དྲག་གི་རྣམ་འགྱུར་གང་བསྟན་ལ་མ་ལྟོས་པར་’’ང་བལ་བོ་རང་གི་མི་ཡིན་,,ཞེས་པའི་སྐད་ཆ་གཅིག་ལ་འཇུ་དགོས་པའི་དྲན་བསྐུལ་སོགས་རྩད་ནས་བརྗེད་དུ་བཅུག་མེད།
ཁོང་ཚོའི་ངའི་རུམ་གྱི་ཁ་བྱང་ཁག་གི་གསེབ་ནས་བོད་པ་ཡིན་པའི་དཔང་རྟགས་འཚོལ་ཐབས་བྱས་པར་མ་ཟད། ངའི་གདོང་དང་གདོང་དཔར། འཛུབ་རིས་དང་འཛུབ་རྗེས་སོགས་ཆེ་ཤེར་སྤྱད་ནས་སྡུར་ཞིབ་བྱས། མདོར་ན་ཁོང་ཚོའི་ངོས་ནས་གང་དགོས་པ་དེ་བྱས་ཟིན། མཐར་མོས་ལ་མ་མོས་ཤིག་གི་ངང་ནས་ངའི་ལག་འཁྱེར་དེར་འགྲོ་ཆོག་པའི་ཐམ་ཀ་བརྒྱབ་བྱུང་།
ད་ནི་ཅ་དངོས་བརྟགས་ཞིབ་དང་ཕྱི་སྐྱོད་ལག་འཁྱེར་བརྟགས་ཞིབ་ཀྱི་ས་ཚིགས་སོགས་རེ་རེ་ནས་བརྒྱུད་ཟིན། ངས་གཞི་ནས་གནམ་ཐང་ངོས་གཉིས་ན་ངའི་ཆེད་དུ་སེམས་ཁུར་གནང་ནས་སྒུག་བཞིན་པའི་སྤུན་མཆེད་དང་གྲོགས་པོ་སོ་སོར་རང་ཉིད་ཉེན་ཁ་ལས་གྲོལ་ཟིན་པའི་བརྡ་ལན་དེ་སྤྱི་སྤྱོད་ཁ་པར་བརྒྱུད་བསྐྱལ། སྐབས་དེ་འདྲ་ཞིག་ལ་ཁ་པར་གྱི་རིན་གོང་ནི་འོས་འཚམས་ཡིན་པ་སྟེ། རྒྱ་གར་རྒྱལ་ནང་ལ་ཧིན་སྒོར་༢་དང་། སེང་ག་པུར་ལ་༢༥ཡས་མས་ཙམ་རེད།
རྗེས་ནས་ཤེས་པ་ལྟར་ནས་ང་བསྡོད་ཡུལ་གྱི་སྐབས་འདིའི་གནམ་གྲུ་དེ་བདེ་འཇགས་དང་ཆ་རྐྱེན་ལེགས་ཤོས་ཀྱི་སེང་ག་པུར་གྱི་འགྲུལ་སྐྱེལ་གྱི་གནམ་གྲུ་(SINGAPORE AIRLINES)ཡིན་ལ། དེ་ནི་རྡི་ལི་ནས་སེང་གི་པུར་ལ་འཕུར་སྐྱོད་བྱེད་མཁན་གྱི་གནམ་གྲུ་འདི་དང་དེ་མིན་རྒྱ་གར་འགྲུལ་སྐྱེལ། ཇཱེཊི་ཨེར་ལན་ཞེས་པ་གསུམ་གྱི་ནང་ནས་སྤུས་ཚད་དང་ཆ་རྐྱེན་ལེགས་ཤོས་ཡིན་པས། གནམ་གྲུ་འདིའི་འཛིན་བྱང་ཡོད་མཁན་ཞིག་ཡིན་ཚེ་དམིགས་བསལ་གྱི་ཞབས་ཞུའི་སྣེ་ཤན་པ་ཡང་ཡོད།
ཐོན་སྒོ་ཨང་ལྔ་བ་ཞིག་ནས་ཆེས་ཐ་མའི་གནམ་གྲུ་འཇོག་ཡུལ་དུ་ཕྱིན། དེར་སྦུག་ལམ་ཞིག་ཐད་ཁར་གནམ་གྲུའི་འཛུལ་སྒོ་ལ་གཏུགས་ནས་ཡོད་པ་ལས་སྐས་ཐེམ་སོགས་གང་ཡང་མེད། སྦུག་ལམ་གྱི་ངོས་དང་མཐིལ་དག་ཤིན་ཏུ་གཙང་ཤིང། མཁའ་སྐྱོད་ཞབས་ཞུ་ལྕམ་སྲིང་དག་ནི་ལོ་ན་བཞོན་ལ་གུས་ཞབས་དང་ཞེ་ས་ལ་ཤིན་ཏུ་བྱང་བའི་ཚད་ལྡན་གྱི་མཁའ་ཞབས་པ་སྟེ། སེང་ག་པུར་གྱི་མི་ཤ་སྟག་རེད།
མཁའ་ཞབས་ཕོ་གཞོན་ཞིག་གི་བྱང་ཆ་ལྡན་པའི་ངང་ནས་དལ་ཁོམ་སྤུ་ཙམ་མེད་པར་ལས་ཀ་ལས་ཞོར་དང་སྐད་ལན་སྤྲོད་ཞོར་བགད་རིལ་རིལ་གྱི་འཛུམ་མདངས་བར་མེད་དུ་སྟོན་ན་ཡང་། ཁོང་གི་སྐྲ་འདབས་ནས་འགྲམ་ཟུར་བརྒྱུད་ནར་གྱིས་འགྲིལ་བའི་རྔུལ་ནག་གི་ཐིགས་པ་དེས་ཁོང་གི་དཀའ་ཚེགས་ཆེ་བའི་ལས་ཀའི་ནང་ངོས་དེ་ལམ་ཙམ་ཤེས་སུ་འཇུག དེ་ནི་སྣང་མེད་དུ་གཏོང་ཐབས་མེད་པའི་དཀའ་ཚེགས་ཀྱི་རྔུལ་ཆུ་ཞིག་ཡིན་པ་སུས་ཀྱང་ལོས་ཚོར། མ་གཞི་སེང་ག་པུར་ནི་མགོ་ནག་རྒྱལ་ཁབ་ཅིག་གི་ནང་ནས་ལས་ཀའི་བྲེལ་བ་ཚ་ཤོས་ཤིག་རེད།
ངས་དེ་རིང་སྔ་དྲོའི་ཉིན་ཐོ་མུ་མཐུད་དུ་འབྲི་གིན་ཡོད། ང་ཆེས་ཐ་མའི་སྦུག་ལམ་གྱི་མདོ་སྒོའི་ལག་འཁྱེར་དང་འཛིན་བྱང་བརྟགས་ཞིབ་ཀྱི་ས་ཚིགས་ལས་ཀྱང་བརྒལ་ཏེ་གནམ་གྲུར་བསྡད་ཟིན།
འགྲུལ་སྐྱེལ་གནམ་གྲུ་འདི་ཤིན་ཏུ་ཆེན་པོ་ཞིག་འདུག གཡས་གཡོན་དབུས་མ་བཅས་ལ་འདུག་སྟེགས་བསྟར་པ་གསུམ་གསུམ་དགུ་ཡོད་ལ། མགོ་མཇུག་གི་སྡོད་གནས་ཁག་བཅས་བརྩིས་ན་འགྲུལ་བ་བརྒྱ་ནས་ཉིས་བརྒྱའི་བར་ཤོང་ངམ་སྙམ།
ཞབས་ཞུ་བ་ཚོས་བྲེལ་བྲེལ་ཚུབ་ཚུབ་ཀྱིས་ཅ་ལག་དག་མགོ་ཀླད་ཀྱི་ཅ་ལག་འཇོག་སྒྲོམ་རེ་རེ་བཞིན་ལ་སྒྲིག་གིན་ཡོད།
བྱང་ཆ་ལྡན་པའི་མཁའ་ཞབས་མ་དང་། ཆེད་གཏོང་བརྙན་འཕྲིན་འཆར་ངོས་བཅས་ལས་ནང་ཁུལ་གྱི་བླང་བྱ་ཁག་སྒྲོགས་མགོ་ཚུགས།
འཛིན་བྱང་ཐོག་རྡི་ལི་ཆུ་ཚོད༡༡ /༣༠ལ་འཕུར་རྒྱུ་གསལ་ན་ཡང་། དོན་དངོས་ད་ལྟ་རྡི་ལིའི་ཆུ་ཚོད་༡༢/༡༧ ལ་སླེབས་ཟིན།
འདུག་སྟེགས་ཀྱི་ཡར་སྣེ་ན་མཁའ་ཞབས་པས་འཆར་ངོས་ཀྱི་ལད་ཟློས་ལྟ་བུས་གཟུགས་མཐོང་བརྙན་འཕྲུལ་དང་སྦྲགས། ལག་འཛིན་ཁ་པར་དང་རྩིས་འཕྲུལ་གྱི་སྒོ་བརྒྱག་རྒྱུ། གདན་ལས་མི་འཕར་བར་བརྟན་པོར་འདུག་ཐུབ་པའི་སྐེད་ཆབ་སྒྲོག་རྒྱུ། མཁའ་དབྱིངས་མཐོན་པོར་གསོས་རླུང་གིས་དཀའ་ངལ་འཕྲད་ཚེ་གསོས་རླུང་རྔུབ་ཆས་གྱོན་སྟངས་སོགས་རེ་རེ་ནས་གསལ་བཤད་བྱེད།
ཁོང་དག་གིས་བེད་སྤྱོད་བྱེད་བཞིན་པའི་སྐད་ཡིག་ནི་དབྱིན་ཇི་དང་ཧིན་དྷི། དེ་ནས་རྒྱ་སྐད་བཅས་ཏེ། འགྲུལ་བ་ཡང་མང་ཤོས་རྒྱ་གར་གྱི་མི་རེད།
ད་ལྟ་གནམ་གྲུ་སྦུག་ལམ་དང་ཁ་གྱེས་ཏེ་སྐྱོང་སྐུམ་ཁྱམས་ལམ་དུ་ཕྱིར་ནུར་བྱེད་ཀྱིན་འདུག ང་བསྡོད་གནས་37Aསྟེ། སྤྱིའི་སྐེད་ངོས་དང་སྒེ་ཁུང་གཉིས་ཀྱི་བར་མཚམས་ཡིན་ན་ཡང་གཤོག་པའི་ཐད་དུ་ཁེལ་བས་ཐག་ཉེ་དེ་ཙམ་མི་མཐོང། འོན་ཀྱང་། གཤོག་པ་རིམ་གྱི་ཕྲ་བར་གཞོལ་ས་དང་། གནམ་གྲུའི་ཕྲག་པ་དང་མཆན་འོག་གི་ཕྱོགས་དག་ནས་རྒྱང་རིང་གི་ལྟད་མོ་དང་ཁྱམས་ལམ་གྱི་མགུལ་སྐྱོད་གང་ལེགས་མཐོང་གི་འདུག
ཉེ་མ་རིང་གི་གནམ་ཐང་དུ་གློག་འོད་ཁྲ་འཚེར་འཚེར་བྱེད་པའི་གནམ་གྲུ་དག་ལས་ལ་ལ་ནི་གྲ་བསྒྲིགས་ལེགས་པར་ཟིན་ནས་འཕུར་མ་རེག་དང་། ལ་ལ་ནི་དལ་བུ་དལ་བུས་མར་ས་ལ་འབབ་བཞིན་པ། ལ་ལ་བབས་ཟིན་ཅིང་ཨོག་མ་ནས་ཅ་དངོས་ཕྱིར་བཏོན་བཞིན་པ་དང་། དེ་དང་ཉེ་བའི་མཐའ་དག་ན་འཁོར་ཆུང་སྣ་ཚོགས་ཀྱིས་མི་དང་ཅ་དངོས་བསུ་སྐྱེལ་བྱེད་བཞིན་པ་སོགས་མཐོང་གི་འདུག
ད་ནི་གྲོང་ཁྱེར་རྡི་ལི་གསར་པ་རིམ་བཞིན་ལྟོ་འོག་ཏུ་མནན་ནས་ཇེ་མཐོར་ས་ལས་འཕགས་བཞིན་པའི་ཚོར་སྣང་བྱུང་། འོ། རེད་མི་འདུག ད་དུང་རྒྱུག་ལམ་དུ་སྐྱོད་ཀྱིན་འདུག
རྡི་ལིའི་ཆུ་ཚོད་༡༢/༣༥ཟིན་སོང་། རྒྱང་རིང་གི་བཀོད་འདོམས་སྟེགས་བུ་དང་འཁོར་ལྷས་སོགས་ཀྱང་ཁད་ཀྱིས་ཆུང་དུ་འགྲོ་བཞིན་འདུག
སྐེ་སྲེངས་ཏེ་གནམ་གྲུའི་མཆན་འོག་གི་ཕྱོགས་སུ་ཕྱིར་བལྟ་དུས་རྗེས་འབྲེལ་དུ་གནམ་གྲུ་ཇིཊི་ཨིར་ལིནསི(JIT AIRLINES)ཞིག་འཕུར་མ་འགྲོས་ཀྱིས་ཡོང་གིན་འདུག ཡང་གནམ་གྲུ་འདི་བས་ཆུང་བ་ཞིག་ངའི་མིག་ཐད་ཀྱི་ང་ཚོའི་གནམ་གྲུའི་གཤོག་རྩེ་ནས་རྒྱབ་ལོགས་སུ་མདའ་འཕངས་པ་བཞིན་འཕུར་སོང་།
ཅུང་ཉེ་སའི་ཐད་ཅིག་ན་རང་འཁོར་རྒྱག་བཞིན་པའི་འཕྲིན་བསླང་དཀར་པོ་ཆེན་པོ་ཞིག་དང་། དེའི་ཐོག་ཏུ་ལྕགས་ལེབ་ཀྱི་བྱང་བུ་ཆེན་པོ་གཉིས་བསྒྲིགས་ནས་ཡོད་པའི་ཁང་པ་དམར་ཁྲ་དེ་ཕལ་ཆེར་གནམ་ཐང་འདིའི་གནམ་གཤིས་བརྟགས་དཔྱད་ས་ཚིགས་ཡིན་ངེས་རེད།
ལར་གནམ་ཐང་འདི་ནི་རྡི་ལི་གསར་པར་རྒྱལ་སྤྱིའི་གནམ་ཐང་དང་། ཨིན་དྷར་གན་དྷི་གནམ་ཐང་གཉིས་ཡོད་པའི་སྔ་མ་དེ་ཡིན་ལ། དེ་ནི་འཛམ་གླིང་རྒྱལ་སྤྱིའི་རྡི་ལིར་འགྲོ་འོང་གི་མཁའ་སྐྱོད་ས་ཚིགས་དངོས་གཞི་ཡིན། ཕྱི་མ་ནི་རྒྱ་གར་ནང་ལོགས་ཀྱི་ས་ཚིགས་ཁག་ཏུ་འཕུར་སྐྱོད་བྱེད་ཡུལ་རེད།
མིག་སྔུན་གྱི་ཧ་ཅིང་མི་རིང་བའི་ཕྱོགས་ཀྱི་འཁོར་སླས་ན་གནམ་གྲུ་མང་པོ་ཞིག་གོ་རིམ་ངེས་མེད་དུ་བཞག་ཡོད་པ་ནི་ངང་སྐྱ་ཁྱུ་གཅིག་འདམ་ར་ཞིག་ཏུ་བག་ཡངས་ཀྱིས་རྒྱུ་བ་དང་ཤིན་ཏུ་འདྲ་བོ་འདུག
ང་ཚོའི་གནམ་གྲུ་ད་དུང་གནམ་ལ་འཕགས་མི་འདུག ཡིན་ན་ཡང་དུང་སྒྲ་ཟབ་ལ་རིང་བ་ཞིག་སྒྲོགས་ཀྱིན་ཅུང་མགྱོགས་སུ་བཏང་ནས་འགྲོ་གིན་འདུག
རྒྱུག་ལམ་འདི་ཅུང་གཞི་རྒྱ་ཆེ་བ་ཡོད་ཚོད་རེད། ད་ཐེངས་ཀྱི་དུང་སྒྲ་དེ་ནི་རྒྱུག་ལམ་ཀྱི་དཀྱོགས་མཚམས་སུ་སླེབས་པའི་ཉེན་བརྡ་ཙམ་ཡིན་པ་འདྲ།
ད་གཞི་ནས་ཁོག་སྟོད་གནམ་ལ་གཏོད་ཀྱིན་འདུག དྷི་ལི་ཆུ་ཚོད་༡༢/༥༤ཟིན། ཐོག་མར་གནམ་ལ་འཕགས་སྐབས་སྒུལ་སྐྱོད་ཅུང་ཤུགས་ཆེན་པོ་རེད། ཐོལ་གྱིས་ཡར་སྐར་ཆ་འགའ་ལ་བཀྱགས་རྗེས་ཅུང་མཐོ་གནོན་ལྟ་བུའི་ཚོར་བ་བྱུང་། དེ་ནས་ཕལ་ཆེར་རྒྱུན་ལྡན་རེད།
ད་ཏག་ཏག་སྨུག་སྤྲིན་ལང་ལོང་དུ་འཁྲིགས་པའི་འོག་གི་གྲོང་ཁྱེར་རྡི་ལི་གསར་པ་དེ་གསལ་ལ་མི་གསལ་བ་ཞིག་ཏུ་གྱུར། ལར་དེང་སང་ཡུལ་གྲུ་འདི་དག་གི་ཕྱོགས་སུ་སྨུག་སྤྲིན་ཤིན་ཏུ་འཐུག་པའི་དུས་ཚིགས་ཡིན་པ་ལྟར་དེ་རིང་ཡང་སྨུག་པ་འཁྲིགས་ཚད་མཐོ་བས་འོག་གཞི་དེ་བས་མི་གསལ།
གནམ་གྲུ་གསེག་འཕུར་བྱེད་སྟངས་རེས་ས་མཐིལ་ཅུང་གསལ་བར་མཐོང་བ་དག་ནི། གཞུང་ལམ་གྱི་ཐིག་རིས་སྐྱ་ཤད་དེ་བ་དང་། ཁང་ཁྱིམ་དག་གི་ཐོག་ཁེབ་སྐྱ་ཅག་གེ་བ་ཙམ་ཡམ་མེར་མཐོང་སྟེ། དེ་ནི་ཆུ་ལོག་གིས་བསྣུབས་པའི་གྲོང་ཤུལ་ཞིག་ལྟར་འདུག
སྒེར་སོ་སོའི་འདུག་སྟེགས་སུ་སྙེས་འབོལ་དང་། བལ་ཕྱར་སྲབ་མོ། རྣ་ཉན་ཡོ་ཆས། མདུན་གྱི་འདུག་སྟེགས་ཀྱི་རྒྱབ་ངོས་ལ་བསྒར་བའི་ལྟེབ་ཆག་ཅན་གྱི་ཅོག་ཁྲི་དང་། དེབ་དང་ཚགས་པར་བླུགས་སའི་ཁུག་མ། དེའི་ཐོག་ཏུ་ཞིང་དུ་ཁྲུ་བྱེད་དང་ཆུར་སོར་ལྔ་ཡས་མས་ཅན་གྱི་གཟུགས་མཐོང་བརྙན་འཕྲིན་གྱི་འཆར་ངོས་སོགས་ཡོད་ཅིང་། རྒྱང་འཛིན་ཡོ་ཆས་དང་རྣ་ཉན་ཡོ་ཆས་ཀྱི་བསྒར་ཁུང་ཡང་འདུག་སྟེགས་སོ་སོར་རང་འགྲིགས་སུ་བསྒར་ཡོད་པས་སོ་སོའི་རྒྱ་དབྱིན་སོགས་ཀྱི་སྐད་ཀྱི་གླུ་བཞས་སྙན་འཕྲིན་སོགས་འདེམས་ཆོག
དེ་བཞིན་གནམ་གྲུ་གང་ནས་འཕུར་བ་དང་། གང་དང་གང་དུ་འཕུར་བཞིན་པ། གང་དུ་འབབ་སའི་ཡུལ་སོགས་ས་ལྒང་གི་ཕྱི་དབྱིབས་ཀྱི་རྣམ་པ་དང་ས་ཁྲའི་ལམ་ནས་ཡང་དང་ཡང་དུ་ཞིབ་བརྗོད་བྱེད་པ་མིག་དང་རྣ་བའི་ལམ་དུ་འབྲལ་མེད་དུ་ཡོད། འོན་ཀྱང་དབྱིན་སྐད་ལས་རྒྱ་སྐད་མི་འདུག
མདོ་དོན་ད་ནི་ང་ཚོའི་གནམ་གྲུ་ཤར་ལྷོ་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་ཕྱོགས་སུ་ཁ་གཏད་ནས་འཕུར་བཞིན་མེད་དམ་སྙམ།
ད་ལྟ་གནམ་གྲུ་དངོས་སུ་གནམ་ལ་བསྐྱོད་ནས་སྐར་མ་ཉི་ཤུ་རྩ་གཅིག་ཡིན། ཤར་ལྷོའི་ཕྱོགས་ཀྱི་བདེ་ཐང་ཆེན་པོའི་ནམ་མཁར་འཕུར་བཞིན་པས་ཡིན་ནམ། མཐོ་དྲགས་པས་ཡིན་མི་ཤེས། རི་ཚོགས་ཀྱི་མཚན་མ་ནི་འཐེབ་མགོ་ཙམ་ཡང་མཐོང་དུ་མི་འདུག
འོན་ཀྱང་། སྤྲིན་གྱི་ཚོགས་སམ་སྨུག་པའི་རླབས་ཕྲེང་སྟུག་པོ་བརྟོལ་ཅིང་ཀུན་ཏུ་བསྐྱུར་ཏེ། སྔོ་ལ་ཐང་བའི་མཁའ་དཀྱིལ་ན་ཕྱི་རྒྱ་རླབས་ཀྱིས་གཅོད་པའི་ངང་ཚུལ་གྱིས་སྐྱོད་ཀྱིན་ཡོད་པས་གནམ་སྔོན་ནི་གཡུ་ཡི་ཞུན་མ་བཅུད་དུ་སྐྱིལ་བ་དང་གཉིས་སུ་མེད་པར་གུར་ཐབས་སུ་མཆིས་མོད། ཁོ་ར་ཁོར་ཡུག་གི་མཐའ་ནི་སྔར་བཞིན་མཛེས་ཉམས་ཅི་ཡང་མེད་པའི་སྨུག་སྤྲིན་ལེབ་མོ་ཡུག་གཅིག་གིས་ཁྱབ་སྟེ་འདུག
མཆར་ངོས་ཀྱི་གནས་ཚུལ་ལྟར་ན། ད་ལྟ་རྡི་ལིdelhiནས་སང་ཀོནshangon བརྒྱུད། ཁན་པོརkanpurཞེས་པ་ཡང་ཁད་ཀྱིས་བསྐྱུར་ཏེ། ཧོག་པུརHogpurཞེས་པའི་ས་གནས་ལ་ཟུར་གཅིག་ཁེལ་བའི་ཐོག པོ་མནpomanདང་ཀ་ཏ་མན་ཏུkatamanduསྟེ་བལ་ཡུལ་གྱི་ཡུམ་བུའི་གྲོང་ཁྱེར་གྱི་ཐོག་ལ་ཁེལ་བ་ཙམ་དུ་འཕུར་བཞིན་Bag of Bengl བྷང་གྷ་ལ་མཚོ་ཁུག་ལ་ཁ་གཏད་ནས་འགྲོ་ཞིང་ཡོད།
དེ་ནས་བྷང་གྷལ་མཚོ་ཁུག་གི་ནམ་མཁར་སླེབས་དུས་འཆར་ངོས་ལྟར་ན་སེང་ག་པུར་གྱི་ཆུ་ཚོད་༤/༥༥རེད།
སླར་ཡང་མུ་མཐུད་སྐྱོད་ན་ཕན་ནཱང་དང་རང་གུན་yangonསོགས་གཡོན་དུ་བཞག་སྟེ། མཚོ་ངོགས་སུ་ནར་གྱིས་བསྐྱངས་པའི་གླིང་ཕྲན་སིང་ག་པུར་གྱི་མཁའ་ལམ་ལ་སླེབས་རྒྱུ་རེད། རྡི་ལི་ནས་སྤྱིའི་ལམ་ཐག་ཆུ་ཚོད་དྲུག་ཙམ་ཡིན།
ངས་གནམ་ཐོག་ནས་ཟ་མ་ཟོས་རྗེས་སེམས་པ་ལྷོད་ལ་ཕབ་ནས་གཉིད་སྐྱིད་པོ་ཞིག་ཁུག་པ་ཡིན། མ་གཞི་ང་མདང་ནུབ་ཆུ་ཚོད་བཅུ་གཉིས་ལ་གཞི་ནས་ཉལ་ཞིང་། ད་ནངས་ཆུ་ཚོད་གསུམ་ཕྱེད་ཐོག་ལངས་པ་དང་། གནམ་ཐང་ནས་ཀྱང་ཟ་མ་ཆེར་མ་ཟོས་པར་མ་ཟད་དཀའ་ལས་ཁག་ཅིང་སྒུག་ཡུན་རིང་བ་དེས་ཟ་མ་ཡིད་ཚིམས་པ་ཞིག་ཟོས་ནས་གཉིད་དུ་ཡུར་རྒྱུ་དེས་ལུས་ཤུགས་ཀྱི་ནུས་ཁུངས་སྐྱར་གསོ་བྱེད་ཀྱི་ཡོད་པ་ཤེས། ངས་དེ་ལྟར་བྱས་པ་ཡིན།
ང་ཚུར་སད་དུས་འཆར་ངོས་ཀྱི་ལམ་ཁྲར་ལྟས་པས་སེངྒེའི་གྲོང་དུ་གྲགས་པའི་རྒྱལ་ཁབ་ཀྱི་མཁའ་དབྱིངས་སུ་སླེབས་ཚར་བ་རྟོགས་ཤིང་ཡོངས་སུ་མཚན་མོ་ཆགས་ཟིན།
སྒེ་ཁུང་ནས་མར་ལྟ་སྐབས་གཤམ་འོག་གི་མཚོ་གྲུ་དག་གི་ཁ་ཁྱེར་དུ་གློག་སྒྲོན་ཁྲ་ལ་འཚེར་བ་མཐོང་ཞིང་། དེ་ནི་རྒྱ་སྤྱིའི་ཚོང་འགྲུལ་གྲུ་ཁ་ཆེ་ཤོས་ཡིན་པའི་སེང་ག་པུར་གྱི་གྲུ་རྫིང་ཁག་གི་འགྲོ་འོང་ཡིན་པ་རེད།
སླར་ཡང་བལྟས་ན་ལམ་སྒྲོན་གྱི་ཕྲེང་བ་བསྟར་ལ་བསྒྲིགས་པ་དང་། རླངས་འཁོར་གྱི་གློག་ཞུ་སྲིན་བུའི་འཕོང་མེ་ལྟ་བུ་ཉུག་ཉུག་བྱེད་པ་སོགས་གྲོང་ཁྱེེར་དང་གྲུ་ཁའི་རྣམ་པ་རགས་ཙམ་མཐོང་བ་ནི་མཚན་མོའི་ནམ་མཁའ་ནས་ས་ལ་ལྟས་པའི་མཐོང་ཚུལ་རེད།
དུས་མཚུངས་གཟུགས་མཐོང་བརྙན་འཕྲིན་དུ་སེང་ག་པུར་གྱི་དཔལ་ཡོན་དང་། སྐད་གྲགས་ཅན་གྱི་ཡུལ་སྐོར་གནས་ཡུལ་བཅས་ཀྱི་ངོ་སྤྲོད་རྒྱ་སྐད་ཐོག་བསྟན་པར་བལྟས་རྗེས། གནམ་གྲུ་ལས་འབབ་རྒྱུའི་གྲ་བསྒྲིགས་ཀྱི་རིམ་པ་ཁག་འཆར་ངོས་དང་མཁའ་ཞབས་ཀྱི་ངག་བཀོད་ལྟར་ཚར་བར་བྱས། དེ་ནས་ས་ལ་བབས།
གནམ་ཐང་གི་རྒྱལ་སྤྱིའི་གནམ་གྲུ་འཕུར་འབབ་དང་བརྗེ་ལེན་གྱི་ས་ཚིགས་ནས་སེང་ག་པུར་གྱི་དངོས་གཞིའི་འཛུལ་སྒོ་བདམས་ནས་མདུན་དུ་སྐྱོད།
གཡས་གཡོན་དྲང་ཐད་བཅས་སུ་བསྐྱོད་པའི་མདེལ་རྟགས་དང་མཛུལ་སྒོ་ཞེས་པའི་རྒྱ་ཡིག་གི་གསལ་བཤད་དང་། ད་དུང་ལས་ལ་བརྩོན་པའི་ཞབས་ཞུའི་སྟེགས་བུ་ཁག་གི་གུས་ཞབས་ལྡན་པའི་ལམ་སྟོན་བཞིན་ཞིབ་གཤེར་ས་ཚིགས་སུ་འབྱོར་ཞིང་། སྔར་ནས་གྲོགས་པོའི་བཀང་ཟིན་པའི་འགེངས་ཤོག་གི་རེའུ་མིག་བཞིན་གྱི་དགོས་ངེས་ཀྱི་འགེངས་ཤོག་བགང་རྒྱུ་སོགས་ཀྱི་འགྲོ་སྟངས་བརྒྱུད་རྗེས་ཀ་ཀོར་མེད་པར་ཕྱི་ལ་ཐོན་ཅིང་། ཅ་ལག་བླུག་སྣོད་ཀྱི་ལག་ཁུག་དང་ལག་འཁྱེར་རྩིས་འཕྲུལ་སོགས་ལག་སྐྱོར་འཁོར་སྟེགས་སུ་བཞག་ནས་ག་ལེར་ཤེལ་ཆོད་ཀྱི་ཕྱི་ལོགས་ན་ཕྱག་གིས་གཡོབ་གཡོབ་བྱེད་ཀྱིན་བསྒུགས་ནས་བཞུགས་པའི་གྲོགས་པོ་ཆོའུ་ཅ་རོང་སོགས་ཀྱི་ཕྱོགས་སུ་གོམ་ཁ་བསྒྱུར།
ཤེལ་སྒོ་རང་འགུལ་གྱིས་ཕྱེས་ཤིང་། ཁོང་ཚོས་ངའི་གདོང་བསུས་ཏེ་མཛའ་བརྩེའི་རྣམ་པ་མཚོན་པའི་ཕྱག་གཏོང་གནང་། བརྩེ་བ་ནི་བཅོས་མིན་དུ་ཚོར། འདི་ནི་སེང་ག་པུར་གནམ་ཐང་གི་བར་ཁྱམས་ཆེན་པོའི་མུ་རན་གྱི་ཕྱོགས་གཅིག་རེད།
ལམ་ཁ་ནས་མཚན་མོའི་གནམ་ཐང་ཉེ་ལོགས་ཀྱི་ལྗོན་ཤིང་གི་ཕྲེང་ཚོགས་བསྟར་ལ་ཆགས་པ་བརྒྱུད་ཅིང་། ཤར་ཕྱོགས་ཀྱི་མཚོ་འགྲམ་དུ་བསྐྱོད་ཙམ་བྱས། དེར་རྡོའི་འདུག་སྟེགས་དང་ཤ་སྲེག་བཟོ་སའི་རྡོའི་ཐབ་ཀ་སོགས་འདུག་ལ། མཚན་མོའི་མི་ཚོགས་ཤིན་ཏུ་ཉུང་བའི་དབེན་འཇགས་ཀྱི་གྲུ་ཁའི་བྱེ་ཐང་དེར་ཡུད་ཙམ་བསྡད། ད་དུང་རང་ཉིད་མི་ཚེའི་ནང་ཐོག་དང་པོར་མཐའ་ཡས་རྒྱ་མཚོའི་ཁ་ལ་དངོས་སུ་སླེབས་པ་ཡིན་པའི་ཚོར་སྣང་བཞིན་བ་ཚྭ་ཅན་གྱི་རྒྱ་མཚོ་ལག་གཡས་ཀྱི་ཁྱོར་བ་གང་བཅུས་ཏེ། དལ་བུས་སླར་ཡང་མཚོ་ནང་དུ་ཕོས། རྒྱ་མཚོའི་རླབས་ཀྱི་བརྐྱངས་དཀུམ་གྱི་མཛེས་སྣང་དང་ཆར་ཆིིལ་གྱི་རླབས་སྒྲ་ལ་ཡང་ཉན་ཙམ་བྱས།
ཤར་ཕྱོགས་ནས་མཚམས་མི་ཆད་པའི་གནམ་གྲུ་དག་གཅིག་སྣེ་གཅིག་མཐུད་ཀྱིས་གྲལ་བསྟར་འགྲིག་པོས་གནམ་ཐང་གི་ཕྱོགས་སུ་འཕུར་ནས་འོང་གིན་འདུག
དེ་བས་ཀྱང་ཡིད་སྨོན་ཆོག་པ་གཞན་ཞིག་ནི། ས་གཞི་འདིའི་མཐའ་ཡས་པའི་ནམ་མཁའ་དེ་སྤྱིར་བཏང་གི་བཟོ་ལས་ཀྱི་གྲོང་ཁྱེར་ཞིག་ལ་མེད་པའི་དྭངས་གཙང་ཡིན་ཞིང་། འོད་ཆེམས་ཆེམས་ཀྱི་སྐར་ཆེན་མགའ་དང་། བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་གྱི་ཟླ་བ་ཡང་མཁའ་དཀྱིལ་ན་གསལ་བར་མཐོང་། ཁོང་དག་གིས། འདི་ནི་འབག་གཙོག་མེད་ཅིང་སྔོ་ལྗང་ཅན་གྱི་གྲོང་ཁྱེར་ཏེ། འདི་ལ་‘‘མེ་ཏོག་ར་བའི་གྲོང་ཁྱེར་’’ཞེས་པའི་མཚན་སྙན་ཡང་ཡོད་ཅེས་རང་གི་མེས་པོའི་རྒྱལ་ཁབ་ཀྱི་དཔལ་ཡོན་ལ་ཡིད་ཚིམས་པའི་རྣམ་འགྱུར་བཅས་དེ་ལྟར་ངོ་སྤྲོད་གནང་བྱུང་།
ད་དུང་ཤེས་གསལ་ལྟར་ན། རྒྱལ་ཁབ་འདིར་འཛམ་གླིང་གི་ཧིན་དྷུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོ་གཉིས་བརྒྱུད་ནས་འགྲོ་འོང་བྱེད་པའི་གྲུ་རྫིང་ཁག་གིས་ངེས་པར་དུ་བརྒྱུད་དགོས་པའི་ཚོང་འབྲེལ་གྲུ་ཁ་ཆེ་ཤོས་ཡིན་པའི་ཆ་ནས་‘‘ཡ་གླིང་ཤར་རྒྱུད་ཀྱི་ཁྲོམ་ལམ་གཞི་མདོ་’’ཞེས་གྲགས་ཤིང་། ཧིན་དྷུ་ཉི་ཞ་ཡའི་སྲིད་འཛིན་ཧྭ་བཱས་བཱས་ཀྱིས་སེང་ག་པུར་ལ་ཁ་བརྡུང་གཏོང་སྐབས་ཤིག་ལ། ‘’སེང་ག་པུར་ནི་‘‘ཤར་ལྷོ་ཨེ་ཤ་ཡའི་དམར་ཐིག་ཆུང་ཆུང་’’ཞིག་སྟེ། ཧ་ལས་དགོས་པ་ཞིག་གང་ཡང་མ་རེད་,,ཅེས་པའི་སྐད་ཆར། སེང་ག་པུར་གྱིས’’སུར་པན་ཅི་ཙམ་ཆུང་བ་དེ་ཙམ་ཚ་,,ཞེས་པའི་ཁ་དཔེ་ལྟར། ཆུང་ཡང་རང་ག་བ་ཞིག་མིན་ཞེས་ལན་འདེབས་བྱས་པ་ནས་མིང་འདིའང་ཁོང་དག་གི་རྒྱལ་ཁབ་ཀྱི་སྙན་མིང་གཞན་ཞིག་ཏུ་གྱུར་པ་རེད།
ད་དུང་སེང་ག་པུར་གྱི་རྒྱལ་དར་གྱི་རི་མོའི་མཚོན་དོན་ལ། སྐར་མ་ལྔའི་ཕྲེང་བ་ཟླུམ་པོ་ཚེས་པའི་ཟླ་བ་ཞིག་གི་ར་བར་དུ་བཅུག་ནས་ཡོད་པའི་ཚེས་ཟླས་རང་ཉིད་ཨེ་ཤ་ཡའི་རྒྱལ་ཁབ་ལོ་ན་གཞོན་ཤོས་ཡིན་པ་མཚོན་ཞིང་། སྐར་མ་ལྔས། དམངས་གཙོ། ཞི་བདེ། མདུན་སྐྱོད། གཞུང་དྲང་། འདྲ་མཉམ་སྟེ། སེང་ག་པུར་གྱི་ཕུགས་བསམ་ཆེན་པོ་ལྔ། ཟླ་སྐར་དམ་སྦྲེལ་གྱིས་དེ་དག་ཁ་འབྲལ་དུ་མི་རུང་བ་དང་། གཞི་ཕྱེད་དཀར་པོས་དྭངས་གཙང་དང་མཛེས་སྡུག དམར་པོས་འདྲ་མཉམ་དང་མཐུན་འབྲེལ་མཚོན་གྱི་ཡོད་ཟེར།
ལར་སེང་ག་པུར་འདི། དུས་རབས་ཉི་ཤུ་པའི་མགོར་དབྱིན་ཇིའི་ཧིན་དྷུ་ཤར་མའི་ཚོང་དོན་མཐུན་གཉེར་ཁང་(ཀུང་ཟི)གིས་ཤུགས་རྐྱེན་སླེབས་པ་ནས། བར་སྐབས་སྤྱི་ལོ་༡༩༤༡ནས་ལོ་གསུམ་རིང་མཇར་པན་གྱིས་བཙན་བཟུང་ལོ་གསུམ་བྱས། དེ་རྗེས་དབྱིན་ཇིས་མུ་མཐུད་དབང་བསྒྱུར་བྱེད་བཞིན་པའི་ཐ་མ་སྟེ་༡༩༦༥ལོའི་ཟླ་༨་ཚེས་༩ཉིན་རང་བཙན་རྒྱལ་ཁབ་ཏུ་གྱུར་ཅིང་། ད་ལོ་རྒྱལ་ཁབ་འདི་འཁྲུངས་ནས་ལོ་ཧྲིལ་བོ་བཞི་བཅུ་ཞེ་ལྔའི་འཁྲུངས་སྐར་ཚེས་རྒྱུ་རེད།
རྒྱལ་ཁབ་གྱི་སྤྱིའི་ཤར་ནུབ་ལ་སྤྱི་ལེ་བཞི་བཅུ་དང་། ལྷོ་བྱང་ལ་སྤྱི་ལེ་ཉི་ཤུ། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་བདུན་བརྒྱ་བཅས་ཡིན་པ་དེས། བོད་ས་ཡོངས་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ཉིས་བརྒྱ་བརྒྱད་ཅུ་ཡོད་པའི་དབང་དུ་བཏང་ན་ཆ་སྟོང་ཕྲག་བཞི་ལ་བགོས་པའི་ཆ་གཅིག་ཙམ་རེད།
གནས་འདིའི་གནམ་གཤིས་གནས་སྟངས་ལ་གནམ་གཤིས་རིག་པའི་གཞུང་ལུགས་སུ། ‘‘རྒྱ་མཚོའི་རང་བཞིན་ལྡན་པའི་གནམ་གཤིས་’’ཞེས་གསལ་ཞིང་། ལོ་ཧྲིལ་བོའི་དྲོད་ཚད་ཆ་སྙོམས་༢༤ནས་༢༧གྱི་བར་དུ་ཡོད།
སའི་ཆགས་སྟངས། མཐའ་བཞི་མཚོའི་འཁོར་བའི་གླིང་ཕྲན་ཡིན་ཞིང་། མ་ལེ་ཤི་ཡའི་ཕྱེད་གླིང་གི་ལྷོ་རྒྱུད་གྱི་མཐའ་རུ་གནས། ལྷོ་ཕྱོགས་ཧིན་དྷུ་ཉི་ཞ་ཡའི་མཚོ་ངོགས་དང་འབྲེལ་ཞིང་། ནུབ་ཕྱོགས་ཧིན་དྷུ་རྒྱ་མཚོར་ཐུག་པ་དང་། ཤར་ཕྱོགས་ཞི་བདེ་རྒྱ་མཚོའི་(ཀྲུང་ལྷོའི་རྒྱ་མཚོ)ཀྲུང་ནན་ཧྭེར་ཁ་བསྟན། འདི་ནས་མཁའ་ལམ་མ་བརྩིས་པའི་མ་ལེ་ཤི་ཡར་བགྲོད་པའི་རྒྱ་མཚོའི་ཟམ་ལམ་གཉིས་ཁག་གཉིས་ཡོད་པ་དང། ལྷོ་ཕྱོགས་མཚོ་འགྲམ་གྱི་གྲུ་ཁ་ཆེན་པོ་དག་ནས་ཕར་བལྟས་ན་མ་ཧིན་དྷུ་ཉི་ཞ་ཡའི་ས་ཆ་དང་རི་རྒྱུད་ནར་མོ་དག་དངོས་སུ་མཐོང་ཐུབ།
རྒྱལ་ཁབ་འདིའི་ཕྱིར་འཚོང་ཐོན་སྐྱེད་གཙོ་ཤོས་གློག་རྡུལ་ཉེན་ཆས་ཡིན་པ་དང་། ཟ་འབྲུ་དང་ཚོད་མ། ཐ་ན་གཏུང་ཆུའི་ཡང་བརྒྱ་ཆ་བདུན་ཅུ་མ་ལེ་ཤི་ཡ་སོགས་ནས་ནང་འདྲེན་བྱ་དགོས། འོན་ཀྱང་། གཙོག་ཆུ་གཙང་བསྒྱུར་གྱི་ལས་གྲྭ་ཆེན་པོ་གསར་སྐྱེས་ཀྱི་ཆུ(ཞིན་ཧྲིན་ཧྲུས)ཞེས་པ་ཞིག་འཛུགས་བསྐྲུན་གྱིས་སྒོ་འབྱེད་བྱས་ཡོད་ཅིང་། ཉིས་སྟོང་བཅུ་དྲུག་ནས་ཆུ་ནང་འདྲེན་གྱི་ལས་ཀ་ཡོངས་སུ་མཚམས་འཇོག་གི་རེ་བ་བྱེད་ཀྱི་ཡོད་སྐད།
ལས་གྲྭ་འདིས་གསང་སྤྱོད་ཀྱི་ཆུ་ཡང་གཏེར་ཆུ་བཞིན་དག་གཙང་བཟོ་བ་དང་། རྒྱ་མཚོའི་བ་ཚྭའང་ཕྱིར་འདོན་བྱ་ཐུབ་ཀྱི་ཡོད་པས། ནུབ་ཕྱོགས་ཀྱི་ཚན་རིག་པས་བསྔགས་བརྗོད་ཐོབ་པར་མ་ཟད་ཞིག་འཇུག་དང་སློབ་སྦྱོང་ཡང་བྱ་བཞིན་ཡོད་ཟེར།
མཚོ་ངོས་ཀྱི་ཆེས་མཐོའི་མཐོ་ཚད་མི་ཊར་ ༡༦༣ ཡིན་ལ། དྲོད་ཚད་མཐོ་ཞིང་ཆར་བ་འབབ་ཚད་མང་བ། དྲོ་གྲང་གི་འགྱུར་ལྡོག་ཆེར་མེད་པ་བཅས་ཀྱི་རང་བཞིན་དང་ལྡན།
རྒྱལ་ཁབ་འདིར་མི་འབོར་ཁྲི་ལྔ་བརྒྱ་ཡས་མས་ཡོད་པའི་ཁྲི་བཞི་སྤྱི་དམངས་དང་གཏན་སྡོད་ཡུལ་མི། ཁྲི་བརྒྱ་ཞིག་གཏན་སྡོད་མ་ཡིན་པའི་རིགས་བཅས་རེད། སྤྱིའི་རྒྱ་ཆའི་དབང་དུ་བྱས་ན། རྒྱ་རིགས་ཀྱིས་བརྒྱ་ཆ་༧༦། མ་ལེ་རིགས་ཀྱིས་༡༤། ཧིན་དྷུ་རིགས་ཀྱིས་༨། དེ་ལས་གཞན་པས་༢བཅས་ཀྱི་གནས་བབ་བཟུང་ཡོད།
དེ་ལྟར་མི་རིགས་ཚན་པ་བཞི་དང་། ནང་ཆོས། གནམ་བདག ཁ་ཆེ་སོགས་ཁྲིམས་ཀྱིས་ངོས་འཛིན་ཡོད་པའི་ཆོས་ལུགས་ཆེན་པོ་བཅུར་གྲགས་པ་ཡོད། ཆོས་ལུགས་འདི་བཅུའི་སྐུ་ཚབ་གཞུང་འབྲེལ་དུས་སྟོན་གྱི་མཛད་སྒོ་ཆེན་པོ་ཁག་ལ་མཉམ་ཞུགས་ཀྱིས་རང་རང་གི་ལུགས་སྲོལ་ལྟར་གྱི་རྒྱལ་ཁམས་བདེ་བའི་སྨོན་ལམ་འདེབས་ཀྱི་ཡོད།
ད་ལྟའི་སྲིད་འཛིན་ནི་མི་རིགས་རྒྱ་གར་ཡིན་པའི་སྐུ་ཞབས་ལི་ཏན་ཞུ་བ་ཡིན་འདུག་ཅིང་། ཁོང་སྲིད་འཛིན་ཨང་ལྔ་བ་དེ་རེད། སྔོན་གྱི་སྲིད་འཛིན་རྣམས་ཀྱང་མི་རིགས་སྣ་ཚོགས་ཀྱི་ཁོངས་ནས་ཐོན་པ་རེད་འདུག འདི་དག་ནི་སེང་ག་པུར་གྱི་གནས་ཚུལ་ཤིན་ཏུ་རགས་པ་ཙམ་ཡིན།
ང་ཚོས་སླར་ཡང་རླངས་འཁོར་གྱི་ཁ་ལོ་ཕྱོགས་གཞན་དུ་བསྒྱུར་ཅིང་གྲོགས་པོའི་ཕྱག་ལས་གནང་ཡུལ་ཨོ་ཏ་ལི་ཡ་སློབ་གྲྭའི་མདུན་ནས་རྒྱང་ལྟ་ཡུད་ཙམ་བྱས། སློབ་གྲྭ་དེ་ནི་སེང་ག་པུར་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་ཡོད་དུས་ཀྱི་སློབ་གྲྭ་ཞིག་ཡིན་སྐད་ཅིང་། མིང་ཡང་དབྱིན་ཅིའི་རྒྱལ་མོ་ཞིག་གི་མིང་ལས་དྲངས་ཏེ་བཏགས་པ་རེད་ཅེས་གསུང་།
དེ་ནས་ང་ཚོ་སྡོད་ཡུལ་དུ་ཤར་སྐྱོད་བྱས་ཤིང་། ཉིན་འདི་དེ་ལྟར་མཇུག་རྫོགས།
ཟབ་ཆོས་འཆད་སའི་སློབ་མ་མ་རྙེེད་ཅིང་། །
ཨ་མཆོད་བྱ་སའི་ཡོན་བདག་མ་རག་པར། །
རྒྱང་རིང་མཚོ་མཐའ་ཉུལ་བའི་རྒྱལ་ཁམས་པས། །
མཐུན་པའི་གྲོགས་ལ་ཕུལ་བ་འདི་ཙམ་ཉིད། །
༢༠༡༠/༡/༢༨་ཉིན་གྱི་ཉིན་ཐོ་གཞིར་བཟུང་གིས ༢༠༡༠/༢/༢ཉིན་གཏན་ལ་ཕབ།