ཚ་བ་སྐྱིད་སྡུག་གི་གལ་ཆེའི་གསལ་བསྒྲགས།

༄༅།།  རྒྱལ་ཞེན་ལྷག་བསམ་གྱིས་རབ་ཏུ་ཕྱུག་པའི་ཚ་བའི་ཁོངས་གཏོགས་སེར་སྐྱ་མི་མང་ཡོངས་ཀྱི་སྙན་ལམ་དུ་ཞུ་རྒྱུར།
མཁྱེན་གསལ་ལྟར་ཕྱི་ལོ་༢༠༠༡ ཟླ་༩ ཚེས་༢ ཉིན་མང་གཙོ་དུས་དྲན་དང་སྟབས་བསྟུན་ནས་བཞུགས་སྒར་རྡ་ས་རུ་ཡོད་པའི་ཚ་བའི་ཁོངས་གཏོགས་མཛོ་སྒང་ཁུལ་དང༌། དཔའ་ཤོད་ཁུལ། ཚ་བ་རོང་ཁུལ། རྫ་ཡུལ། སྤོམ་མདའ་སོགས་དོན་སྙིང་ཚ་བའི་ཁོངས་སུ་གཏོགས་པའི་སེར་སྐྱ་ཕོ་མོ་རྣམས་འཛོམས་ཐོག་སྤྲོ་སྐྱིད་ཀྱི་སྐུ་མགྲོན་གཙོ་བོ་སྐུ་སྒེར་དྲུང་ཆེ་རྣམ་སྤེལ་ཚང་བློ་བཟང་སྦྱིན་པ་མཆོག་དང༌།

དྭང་སློབ་མདའ་ཟུར་ལེགས་བཤད་ལགས་རྣམ་གཉིས་ཀྱིས་གཙོས་སྐུ་མགྲོན་ཁག་གདན་ཞུས་ཀྱིས་གསོལ་ཚིགས་འདེགས་འབུལ་དང༌། ཕན་ཚུན་བདེ་སྡུག་གི་གནས་སྟངས་བཀའ་མོལ་བྱུང་སྐབས་ཚ་བའི་ཁོངས་གཏོགས་རྣམས་ཀྱང་ལུང་ཚན་སྤྱི་མཚུངས་ལྟར་སྐྱིད་སྡུག་འཛུགས་རྒྱུར་ཚང་མ་འདོད་མོས་ཡོད་པ་ཇི་བཞིན་སྐྱིད་སྡུག་གསར་འཛུགས་དང་འབྲེལ་རྒྱུན་ལས་གསར་འདེམས་བྱས་ནས་ལོ་གཉིས་རེ་ནས་རྒྱུན་ལས་འཕོ་འགྱུར་བྱེད་བཞིན་ཡོད། ལོ་རེར་དྷ་སར་གནས་སྡོད་བྱེད་མཁན་དང་ཕྱོགས་ཁག་ནས་ཕེབས་པའི་ཚ་བ་ཁུལ་གྱི་མི་མང་རྣམས་སྤྲོ་སྐྱིད་རེ་གཏོང་བཞིན་ཡོད་པ་དང༌། ཐེངས་རེ་ལ་རང་ཁོངས་མི་གྲངས་ཉིས་བརྒྱ་ནས་སུམ་བརྒྱ་བར་འཛོམས་ཀྱི་ཡོད། དེ་བཞིན་སྐྱིད་སྡུག་བཙུགས་ནས་ད་བར་ཚ་བའི་ཁོངས་གཏོགས་ཀྱི་ནད་པ་དང༌། ཉམ་ཐག རྐྱེན་ངན་བྱུང་བ་མི་གྲངས་བརྒྱ་ལྷག་ལ་ལྟ་རྟོགས་དང་རོགས་རམ་གང་ཐུབ་བྱས་ཡོད་ལ་མ་འོངས་པར་མུ་འཐུད་གང་ཐུབ་བྱེད་འཆར་ཡོད།

སྐྱིད་སྡུག་འཛུགས་དགོས་པའི་དམིགས་ཡུལ།

དང་པོ། ང་ཚོ་ད་བར་ྋགོང་ས་མཆོག་གིས་དབུ་འཁྲིད་གནང་བའི་བོད་གཞུང་གི་བཀའ་དྲིན་གྱིས་འཚོ་བ་ཞིག་ཡིན་ཞིང༌། བོད་རང་བཙན་སྐབས་ཚ་བའི་ཁུལ་སེར་སྐྱ་མགོ་དཔོན་དང་མང་ཚོགས་ནས་བོད་གཞུང་གི་བཀའ་གསུང་ཅི་བསྒྲུབ་དང་སྲི་ཞུ་རྣམ་དག་ཞུས་ཡོད་པ་སྨོས་མེད་དང༌། ༡༩༥༨ ལོ་ལྷོ་ཁར་ཆུ་སྒང་གི་སྒྲིག་འཛུགས་གསར་དུ་བཙུགས་སྐབས་ཚ་བ་རོང་པ་གཙོ་འཛིན་ཚོང་དཔོན་དམ་པ་བློ་གྲོས་ལགས་དང༌། དམག་སྤྱི་ཨ་དཔག་སོགས་དང༌། བཙན་བྱོལ་སྤྱི་ཚོགས་ནང་དྷེ་ར་དྷུན་དམག་སྒར་ཨང་༢༢ པོ་ལི་ཊི་ཀལ་ལི་ཌར་གོ་གནས་བཞེས་མྱུང་བ་དང༌། བཙན་བྱོལ་བོད་གཞུང་གི་བདེ་སྲུང་དྲུང་ཆེ་ཟུར་པ་སྐུ་ངོ་ཚ་བ་མཛོ་སྒང་དབུ་དཀར་ཚང་བྱམས་པ་སྐལ་ལྡན་མཆོག་དང༌། སྐུ་སྒེར་དྲུང་ཆེ་ཟུར་པ་རྣམ་སྤེལ་ཚང་སྐུ་ངོ་བློ་བཟང་སྦྱིན་པ་མཆོག་སོགས་བཅས་འགན་ཁུར་མཉམ་རུབ་ཀྱིས་དྭང་ལེན་ཞུས་པ་བཅས་ཞི་དྲག་གང་གི་ཆ་ནས་ཞབས་འདེགས་དང་མཐུན་རྐྱེན་སོགས་མི་དམན་པ་ཞུས་ཡོད། དེང་སྐབས་སུའང་ྋགོང་ས་མཆོག་དང་བོད་གཞུང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་བོད་གཞུང་གི་མཛད་བྱུས་ལམ་སྟོན་འོག་ཤར་བསྐྱོད་ཀྱིས་དབུ་འོག་དཔུང་འདེགས་ཀྱིས་ཞབས་ཞུ་བསྒྲུབ་རྒྱུ་བཅས་ཡིན།
གཉིས་པ། སྤྲོ་སྐྱིད་དགའ་སྟོན་གྱི་འདུ་འཛོམས་གཅིག་པུ་ཙམ་མ་ཡིན་པར་སྐྱིད་སྡུག་གི་ཁོངས་སུ་གཏོགས་པའི་མི་སུ་ཞིག་ལ་ན་ཚ་དང༌། རྐྱེན་ཆག་རིགས་བྱུང་སྐབས་ལྟ་རྟོགས་རོགས་རམ་གྱིས་དཀའ་ངལ་སེལ་ཐབས་བྱ་རྒྱུ་དང༌། འཚོ་བ་ཁུངས་མ་འཁྱོལ་བའི་ཉམ་ཐག་རྣམས་ལ་འཚོ་རྟེན་ཐབས་ཤེས་གང་ཐུབ་བྱ་རྒྱུ། ཕན་ཚུན་སུའི་ངོས་ནས་ཀྱང་རོགས་ཕན་ཤེས་རྟོགས་ཐུབ་མིན་འདི་བཞིན་སྔར་སོང་ད་འགྲོའི་དབང་དུ་མ་ཡིན་པར་ཕན་ཚུན་རོགས་རམ་དང༌། གཅེས་སྐྱོང་གང་ཐུབ་ཡོང་ཐབས་གཙོ་བཟུང་ཐོག་བོད་མིའི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་རྣམས་མི་ཉམས་གོང་སྤེལ་དང༌། ཉམས་པ་སོར་ཆུད་ཡོང་བའི་ཐབས་ཤེས་བྱ་རྒྱུ།
གསུམ་པ། ཤེས་ལྡན་མི་སྣ་ནི་སྤྱི་ཚོགས་ཀྱི་སྣེ་ཁྲིད་བྱེད་མཁན་ཡིན་པའི་ཚ་བའི་ཁུལ་གྱི་ཤེས་འཇོན་དང་ལྷག་བསམ་ལྡན་པའི་མི་སྣ་རྣམས་ལ་རྒྱབ་སྐྱོར་དང་གསོ་སྐྱོང་གང་ཐུབ་བྱ་རྒྱུ།  
བཞི་པ། དེང་སྐབས་རྒྱ་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་རྣམས་ཉམས་དམས་སུ་བཏང་དང་གཏོང་བཞིན་ཡོད་སྟབས་ཚ་བ་སྟོད་སྨད་ཀྱི་གཞས་དང་ཞབས་བྲོའི་རིགས་རྒྱུན་འཛིན་གྱིས་འཁྲབ་སྟོན་བྱ་རྒྱུ་སོགས་དམིགས་ཡུལ་དུ་བཟུང་སྟེ་ཚ་བ་སྐྱིད་སྡུག་འདི་ཉིད་གསར་འཛུགས་བྱས་པ་ཡིན་ཀྱང༌། སྐྱིད་སྡུག་གསར་འཛུགས་བྱས་ནས་རྒྱུན་རིང་མ་སོང་བ་བཅས་ལ་བརྟེན་ཡོང་སྒོ་སོགས་གང་ཡང་མེད་སྟབས་ནང་ཁུལ་ཉམ་ཐག་དང་ནད་པ་སོགས་དཀའ་ངལ་ཅན་ལ་ཐུགས་ཕན་སོས་པའི་ལྟ་རྟོགས་བྱེད་ཐུབ་ཐབས་བྲལ་བ་དང༌། དེ་བཞིན་ཚོགས་སྐྱིད་གཞན་དང་སྤྱི་མཚུངས་ལྟར་འཁྲུངས་སྐར་དུས་ཆེན་སོགས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་མཛད་སྒོ་ཁག་གི་སྐབས་སུ་ཚ་བ་ཁུལ་གྱི་གཞས་སྣ་འཁྲབ་སྟོན་བྱེད་འདོད་ཤུགས་ཆེ་ཡོད་ནའང༌། འཁྲབ་ཆས་མེད་པས་འཁྲབ་ཐབས་བྲལ་བ་དང༌། འཁྲབ་ཆས་ཤིག་གསར་བཟོ་བྱེད་རྒྱུའི་འཆར་གཞི་ཡོད་ནའང་དཔལ་འབྱོར་གྱིས་དཀའ་ངལ་ཆེ་སྟབས་ཚ་བ་ཁུལ་སེར་སྐྱ་སུ་མཆིས་ནས་ཞེན་དང་ཤ་ཚའི་ཐོག་ནས་དཔལ་འབྱོར་གྱི་ཞལ་འདེབས་དང་རོགས་རམ་གང་ཐུབ་གནང་རོགས་ཞེས་འབོད་སྐུལ་དང༌། དེ་བཞིན་རྒྱུན་དུ་ང་ཚོར་བདེ་སྡུག་གནས་ཚུལ་དང་དྷ་སར་ཕེབས་སྐབས་གཤམ་གྱི་ཁ་བྱང་ཐོག་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ་རྒྱུ་བཅས་ཚ་བ་སྐྱིད་སྡུག་རྒྱུན་ལས་ཐུན་མོང་ནས།
ཟུར་མཆན། བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་འཛིན་སྐྱོང་འོག་དབུས་བོད་མིའི་ངལ་སེལ་ཚོགས་པའི་ལས་བྱེད་པའི་ཀུན་སྤྱོད་བླང་དོར་ནང་གསལ་ལྟར། གུས་རྣམ་རྒྱལ་ཚེ་རིང་ནས་དྷ་ས་བྱམས་པ་གླིང་རྒན་གསོ་ཁང་ནང་ལས་ཀ་བྱེད་ཀྱི་ཡོད་པར་བརྟེན། སྐྱིད་སྡུག་ནང་ལས་ཀ་བྱེད་ཐབས་མེད་སྟབས། གཉེར་པ་ནས་དགོངས་པ་ཞུ་དགོས་བྱུང་སོང། ཚ་བ་མི་མང་ཡོངས་ལ་དགོངས་སེལ་ཞུ་བ་དང་སྦྲགས་འོས་གྲངས་ལྟར། བསྟན་འཛིན་དབང་ཕྱུག་གཉེར་པར་བསྐོ་བཞག་བྱས་ཡོད་པས། དེ་ལུགས་དགོངས་འཇགས་ཡོང་བར་མཁྱེན།།

སྐབས་བཞི་པའི་གསར་འདེམས་བྱུང་བའི་རྒྱུན་ལས།

༡༽ རྒྱ་མཚོ།        ཚོགས་གཙོ།                        
༢༽ བློ་བཟང།        ཚོགས་གཞོན།       
༣༽ བསྟན་འཛིན་དབང་ཕྱུག    གཉེར་པ།           
༤༽ ཆོས་དབྱངས་སྒྲོལ་མ།    དངུལ་གཉེར།            
༥༽ སངས་རྒྱས།        རྩིས་པ།   
༦༽ ངག་དབང་ནོར་བུ།    དྲིལ་བསྒྲགས་པ།       
༧༽ བློ་མཚོ།        ཉམས་ཐག་ལྟ་སྐྱོང་བ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།