ཨ་རིར་སློབ་བསྐྱོད་དང་སྤྱི་སྐལ་སྒེར་སྤྱོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༧༦
བོད་རིགས་གང་མང་ཞིག་བཙན་བྱོལ་དུ་འབྱོར་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ན་གཞོན་རྣམས་ལ་རིམ་བཞིན་གནའ་དེང་ཤེས་ཡོན་གྱི་གོ་སྐབས་གནང་བ་སོགས་ཀྱིས་ཤེས་ལྡན་མི་སྣ་གང་མང་གསོ་སྐྱོང་གནང་ཐུབ་ཡོད་པ་དང།

ཕྱི་ལོ་༡༩༨༨ ལོ་ནས་བཟུང་ཨ་རིའི་སློབ་ཡོན་ལས་གཞིའི་ནང་ཚུད་ནས་སློབ་སྦྱོང་དུ་བསྐྱོད་མཁན་བོད་མི་༣༦༤ བྱུང་ཡོད་པ་དང། ད་ལྟའི་ཆར་སློབ་མཐར་ཕྱིན་ཏེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལས་ཀ་བྱེད་བཞིན་པ་༡༢༥ དེས་ཨ་རིར་སློབ་བསྐྱོད་པ་སྤྱིའི་བརྒྱ་ཆ་༣༤༌༧ ལས་ཟིན་མེད། ཨ་རིར་མཐོ་སློབ་ཏུ་གཏོང་ཐབས་བྱས་པ་དེའི་དམིགས་ཡུལ་གཙོ་བོ་གང་ཡིན་མིན་དེ་གཙོ་ཆེ་ཤོས་ཡིན་པ་དང། གལ་སྲིད་བོད་མི་རིགས་ལ་དེང་དུས་ཀྱི་ཤེས་ཡོན་ལྡན་པའི་མི་རབས་གསར་པ་ཞིག་གསོ་སྐྱོང་བྱ་རྒྱུ་ཙམ་དུ་མ་ཟད། བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པའི་ཆེད་དུ་དམིགས་ཡོད་ན་ཨ་རིར་མཐོ་སློབ་ཏུ་སློབ་བསྐྱོད་བྱ་རྒྱུའི་གོ་སྐབས་མུ་མཐུད་འཚོལ་དགོས་པའི་རྒྱུ་མཚན་དམིགས་བསལ་གང་ཡང་མེད། ད་ལྟའི་ཆར་རྒྱ་གར་དུ་ཚད་ལྡན་གྱི་མཐོ་སློབ་གང་མང་ཞིག་ཡོད་པ་དེ་དག་གི་ནང་དུ་མཐུན་རྐྱེན་ཚད་ལྡན་སྦྱར་ཐུབ་ནའང་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་མི་ཐུབ་པ་གང་ཡང་མེད། འོན་ཀྱང་ཨ་རིར་སློབ་སྦྱོང་དུ་གཏོང་རྒྱུའི་གོ་སྐབས་དེ་སློབ་བསྐྱོད་པ་དེ་དག་སྒེར་གྱི་འཚོ་ཐབས་ཙམ་ལ་དམིགས་པ་ཞིག་ཡིན་ན་མུ་མཐུད་གོ་སྐབས་དེ་འཚོལ་དགོས་པ་གལ་ཆེན་པོར་གྱུར་ཡོད། ཕྱི་ལོ་༢༠༠༩ ལོར་ཨ་རིར་མཐོ་རིམ་སློབ་བསྐྱོད་ཀྱི་ཡིག་རྒྱུགས་སྤྲོད་སྐབས་ས་མིག་གྲངས་༡༠ ཡོད་ཀྱང་ཡིག་རྒྱུགས་འཕྲོད་མཁན་༦ ལས་བྱུང་མེད། ས་མིག་དེ་དག་སྐོང་དགོས་མིན་གྱི་ཐོག་ལ་ལབ་གླེང་སྣ་ཚོགས་ཤིག་བྱུང་ཡོད། དེ་བཞིན་ཨ་རིའི་བྷི་རི་ཡ་མཐོ་སློབ་ཏུ་བཙན་བྱོལ་བོད་མིའི་ཆེད་གཞུང་འབྲེལ་གྱི་སློབ་ཡོན་ས་མིག་གཉིས་གནང་ཡོད་ཀྱང། རྗེས་སུ་ད་ལྟ་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཚེ་དབང་ཡེ་ཤེས་ལགས་དང། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཟུར་འབུམ་རམས་པ་བྷི་ཚེ་རིང་གཉིས་ཀྱི་སྲས་མོ་སྒེར་གྱི་འབྲེལ་བའི་ཐོག་ནས་བསྐྱོད་རྗེས་གླེང་རྙོག་སྣ་ཚོགས་ཤིག་བྱུང་ཡོད་པ་མ་ཟད། མཐའ་མ་བོད་གཞུང་གི་སྟངས་འཛིན་འོག་ནས་བསྐྱོད་རྒྱུའི་ས་མིག་གཉིས་དེ་ཡང་འགགས་པ་རེད།
ལོ་ཁ་ཤས་ཀྱི་སྔོན་ལ་བོད་གཞུང་གིས་བོད་གཞུང་གི་གསར་དེབ་ཁག་ཅིག་གི་ནང་དུ་ཨ་རིར་གཞུང་འབྲེལ་སློབ་བསྐྱོད་ཀྱི་གོ་སྐབས་ཐོབ་ནས་ཕྱིར་ལོག་མ་བྱས་པ་རྣམས་སྤྱི་སྐལ་སྒེར་སྤྱོད་བྱེད་མཁན་ཡིན་ཚུལ་འདྲ་པར་ལོ་རྒྱུས་བཅས་ཁྱབ་བསྒྲགས་གནང་ཡོད་ཀྱང། ཕྱོགས་གཞན་ཞིག་ནས་ཕྱིར་ལོག་མི་བྱེད་མཁན་དེ་དག་གི་བཟའ་ཟླ་དང་བུ་ཕྲུག་ནང་མི་ཟླ་སྒྲིལ་གྱི་ཐོག་ནས་ཨ་རིར་གཞིས་སྤོ་བྱེད་སྐབས་བོད་གཞུང་གིས་གནང་དགོས་པའི་མཐུན་རྐྱེན་ཡིག་ཆ་གང་དགོས་ཀ་ཀོར་གང་ཡང་མེད་པར་གནང་བའང་བྱུང་སོང། རྒྱུ་མཚན་དེ་དག་ལ་དབྱེ་ཞིབ་བྱེད་པའི་སྐབས་ཕྱིར་ལོག་མི་བྱེད་མཁན་གྱི་བོད་མི་དེ་དག་གི་ལོ་རྒྱུས་གསར་ཤོག་བརྒྱུད་ནས་ཕྱིར་བསྒྲགས་བྱས་པ་དེ་ལོ་རྒྱུས་ཀྱི་ཐོག་ཏུ་འཁོད་ཡོད་པས་བསམ་བློ་ཕུགས་ཐག་རིང་པོ་གཏོང་མཁན་ཞིག་ལ་མཚོན་ན་དཀའ་ངལ་ཆེན་པོ་ཞིག་ཏུ་གྱུར་ཡོད། གནས་སྐབས་ཀྱི་འཚོ་གོས་ཙམ་ལས་བསམ་བློ་མེད་མཁན་ཞིག་ཡིན་ན་གསལ་བསྒྲགས་བྱས་པ་དེས་ཕན་གནོད་གང་ཡང་མེད་པས། དེ་ལས་བོད་གཞུང་གི་ནང་མི་ཟླ་སྒྲིལ་སྐབས་ཞིབ་འཇུག་ཚད་ལྡན་གནང་ནས་དེའི་རིགས་ལ་མཐུན་རྐྱེན་སྦྱོར་སྤྲོད་གནང་མི་རུང་བ་ཧ་ཅང་གལ་ཆེན་པོར་གྱུར་ཡོད་སྙམ། མདོར་བསྡུས་ན་ཨ་རིར་མཐོ་རིམ་སློབ་སྦྱོང་དུ་བསྐྱོད་རྒྱུའི་གོ་སྐབས་འཚོལ་སྒྲུབ་གནང་བ་དེས་ད་བར་ཕན་ནུས་གང་ཡོད་ཞིབ་འཇུག་མཐར་ཕྱིན་པ་ཞིག་གནང་ནས་མུ་མཐུད་གཏོང་དགོས་དང་མི་དགོས་ཐག་གཅོད་བྱེད་དགོས་པའི་དུས་ལ་བབ་ཡོད་པ་ལས། ཤེས་ལྡན་མི་སྣར་འབོད་པ་དེ་དག་སྤྱི་སྐལ་སྒེར་སྤྱོད་བྱེད་མཁན་ཡིན་པའི་ཁྱབ་བསྒྲགས་གནང་བ་ཙམ་གྱིས་སྤྱི་སྒེར་གང་ལའང་ཕན་ཐོགས་གཏན་ནས་མེད་པས་འདིའི་ཐོག་བོད་གཞུང་བཀའ་ཤག་དང། ལྷག་དོན་ཤེས་རིག་ལས་ཁུངས་ནས་དགོངས་པ་ཆེར་བཞེས་གནང་དགོས་པ་ཧ་ཅང་གལ་ཆེ་བ་ལས། འཆར་ཅན་ཡིན་དབང་ལྟ་བུ་བྱས་པ་དེས་དོན་དམ་དཀའ་ངལ་མང་པོ་སྤྲོད་བཞིན་པར་མཐོང།།

Leave a Reply

Your email address will not be published. Required fields are marked *