གསལ་བསྒྲགས།
༄༅། ། བོད་མི་མང་སྤྱི་འཐུས་སྐབས་ ༡༤ པའི་གྲོས་ཚོགས་ཚོགས་དུས་དགུ་པ་ཡིག་ཆ་ཨང་ ༩ པའི་གྲོས་ཆོད་དགོངས་དོན་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་༢༦ རེས་གཟའ་ཕུར་བུ་ནས་ཚེས་ ༣༡ རེས་གཟའ་མིག་དམར་བར་ཉིན་དྲུག་རིང་“བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ། ༢༠༡༠” རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་ཚོགས་རྒྱུ་ཐུགས་གཏན་ཁེལ་བར་གྲོས་ཆོད་དགོངས་དོན་བཞིན།
རྒྱུན་ལྡན་བོད་དོན་ཐོག་ཐུགས་སྣང་དང། འགན་འཁུར་ལས་འགུལ་གནང་མཁན། མཁས་དབང། ཆེད་ལས་པ། སྤྱི་ཚོགས་ཞབས་ཞུ་བ་བཅས་མཉམ་ཞུགས་གནང་འདོད་ཡོད་རིགས་ནས་དྭང་བླངས་ཕེབས་མཁན་གྲངས་རྒྱ་བལ་འབྲུག་གསུམ་ནས་ ༢༥ དེ་མིན་ ༢༥ ལས་མ་མང་བ་བཅས་ཚོགས་ཆེན་དུ་མཉམ་ཞུགས་ཆོག་པ་དང། ཚོགས་བཅར་རིང་སྦེལ་ཀོབ་ཏུ་བཞུགས་མཚེར་དང། འགྲིམས་འགྲུལ་ཟུར་ཕོགས་སོགས་ཀྱི་འགྲོ་སོང་དོ་བདག་སོ་སོས་རྒྱག་རང་འཁུར་ཞུ་དགོས། ཚོགས་ཆེན་གྱི་གྲོས་གཞི་གཏན་འབེབས་ཡོད་པ་ཁག་ནས་གང་དུ་མཉམ་ཞུགས་བྱ་འདོད་ཡོད་པ་བཅས་ཁ་གསལ་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་༡༥ འགྱངས་མེད་འདི་ལས་སུ་ཞུ་སྙན་འབྱོར་དགོས། དོ་བདག་སོ་སོའི་འབྲེལ་བ་བྱ་ཡུལ་ཞལ་བྱང་སོགས་གསལ་འཁོད་དགོས་པ་མ་ཟད། དུས་བཀག་རྗེས་འབྱོར་བ་རྣམས་རང་བཞིན་རྩིས་མེད་ཀྱིས་འབྱོར་ལན་གནང་རྒྱུ་མིན་པའི་གསལ་བསྒྲགས་སུ། །
ཚོགས་དྲུང་ལས་ཁུངས་ནས་ ༢༠༡༠ ཟླ་ ༤ ཚེས་༨ ལ།། །།