ཡུལ་ཤུལ་གསར་སྐྲུན་གྱི་རེ་དོགས་འགའ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༧༨
ཉེ་བའི་ཆར་སྐྱེ་རྒུ་མདོ་གཙོ་བོར་གྱུར་པའི་ཉེ་འཁོར་གྱི་རྫོང་ཁག་ཅིག་ལ་ས་ཡོམ་གྱིས་གནོད་སྐྱོན་ཚབས་ཆེ་ཐེབས་པ་དང། དེ་ལ་བརྟེན་ནས་རྒྱ་ནག་དབུས་གཞུང་དང་གཞུང་སྒེར་སྒྲིག་འཛུགས་ཁག བོད་ནང་གི་དགོན་སྡེ་ཁག་དང་བླ་སྤྲུལ་རྣམ་པ། དེ་བཞིན་གྲོང་པ་དང་ཡུལ་སྡེ། ཚོང་པ་ཁག་གིས་ཞལ་འདེབས་རྒྱ་ཆེ་འབུལ་བཞིན་པར་བརྟེན། གསོན་པོ་རྣམས་དང་མ་འོངས་པའི་ཆེད་སྐྱེ་རྒུ་མདོ་གསར་པ་ཞིག་འཛུགས་སྐྲུན་བྱེད་དགོས་པས།

ད་ལྟའི་དུས་འདིར་གནད་དོན་ཁ་ཤས་ཀྱི་ཐོག་ལ་རེ་བ་ཆེ་ས་ནས་རྒྱག་ཐུབ་དགོས་པ་དང། གནད་དོན་ཁ་ཤས་ལ་དོགས་པ་སྔོན་ཚུད་ནས་བྱེད་དགོས་པ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། དཔེར་ན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་སྐྱེ་རྒུ་གྲོང་རྡལ་དེ་ཉིད་གསར་སྐྲུན་བྱེད་རྒྱུ་གཏན་འཁེལ་ཡིན་པ་དང། བསྐྱར་སྐྲུན་བྱེད་ཡུལ་ཡང་ས་གནས་དེ་རང་ལས་གཞན་དུ་སྤོར་མི་རུང་བ་འདི་ནི་ལོ་རྒྱུས་ཀྱི་དགོས་མཁོ་ལ་བརྟེན་ནས་གལ་ཆེར་གྱུར་ཡོད། བསྐྱར་སྐྲུན་བྱེད་པའི་སྐབས་ས་འོག་གི་ཆུ་འགྲོ་དང། གློག་དང་ཁ་པར་གྱི་སྐུད་ལམ། ལམ་ཆེན་དང་བཞི་མདོ་སོགས་ཀྱི་ཐིག་རིས་མ་འཆོལ་བར་ཚད་ལྡན་ཞིག་དགོས་པ་དང། དེང་དུས་ཀྱི་དགོས་མཁོ་དང་བསྟུན་དགོས་ཀྱང་བོད་པའི་སྲོལ་རྒྱུན་གནའ་ཉམས་བཟང་པོ་མངོན་ཐུབ་པ་ཞིག་དགོས་པ་སོགས་ཕུགས་རྒྱང་རིང་པོར་བསམ་བློ་བཏང་ནས་འཛུགས་སྐྲུན་བྱེད་དགོས་པ་མ་ཟད། དེ་ལྟར་ཡོང་བའི་ཐོག་ལ་ཕྱོགས་ཡོངས་ནས་རེ་བ་ཆེན་པོ་རྒྱག་དགོས་ལ། གྲ་སྒྲིག་ཀྱང་དེ་ལྟར་བྱེད་དགོས། ད་དུང་འཛུགས་སྐྲུན་གསར་པ་བྱེད་པའི་སྐབས་སྐྱེ་རྒུ་མདོའི་གྲོང་རྡལ་དེ་བཞིན་ཚད་ལྡན་གྱི་གྲོང་ཁྱེར་གསར་པ་ཞིག་ཏུ་བསྒྱུར་རྒྱུར། ད་ལྟའི་ཆག་སྒོ་དེ་གོ་སྐབས་གལ་ཆེན་ཞིག་ཡིན་པར་བསམ་བློ་གཏོང་དགོས་པ་ལས། ཆག་སྒོ་ལས་གཡོལ་ཐུབ་ཙམ་དང་གནས་སྐབས་ཀྱི་བསམ་བློ་ཙམ་ལ་བརྟེན་ནས་འཛུགས་སྐྲུན་བྱེད་མི་རུང་བ་དང།  དེ་བཞིན་དགོན་སྡེ་ཁག་དང་གྲོང་ཚོ་ཆུང་ཁག་གིས་ཀྱང་བསམ་བློ་དེ་ལྟར་བཏང་ནས་འཛུགས་སྐྲུན་གསར་པ་བྱེད་དགོས་པ་ཧ་ཅང་གལ་ཆེ་སྙམ།

ད་ལྟའི་དུས་ཚོད་འདི་དང་སྟབས་བསྟུན་རྒྱ་ནག་གཞུང་གིས་ཡུལ་ཤུལ་གནོད་ཐེབས་མི་མང་གི་བུ་ཕྲུག་མང་པོ་ཞིག་ཟི་ལིང་སོགས་སུ་སློབ་འཇུག་བྱེད་བཞིན་པ་དང། དེ་བཞིན་རྒྱ་ནག་གི་གྲོང་ཁྱེར་གཞན་ཁག་ཏུའང་གོ་སྐབས་འདི་དང་བསྟུན་ནས་སློབ་འཇུག་བྱ་རྒྱུའི་གོ་སྐབས་སྤྲོད་ངེས་པ་རེད། གནད་དོན་འདི་དག་གི་ཐོག་ལ་ཕུགས་རྒྱང་རིང་པོའི་ཐོག་ནས་བསམ་བློ་བཏང་སྟེ་དབྱེ་ཞིབ་བྱེད་དགོས་པ་དང། རོགས་སྐྱོར་དང་བཀའ་དྲིན་ཁོ་ན་རུ་ངོས་འཛིན་མི་བྱེད་པར་དོགས་པ་བྱེད་དགོས་པའི་གནད་དོན་ཡོད་མེད་ལ་བསམ་བློ་གཏོང་དགོས། གལ་སྲིད་ཕ་མ་མེད་པའི་དྭ་ཕྲུག་སོགས་གནོན་ཐེབས་མི་མང་གི་བུ་ཕྲུག་གང་མང་ཞིག་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་བཀྲམ་ནས་སློབ་གསོའི་གོ་སྐབས་སྤྲད་པ་དེ་ལ་ཕུགས་རྒྱང་རིང་པོའི་ཐོག་ནས་དོགས་པ་སྐྱེ་དགོས་པའི་གནད་དོན་མང་པོ་ཡོད། མ་འོངས་པར་ཡུལ་ཤུལ་གནོད་ཐེབས་མི་མང་གི་བུ་ཕྲུག་རྣམས་བོད་མི་རིགས་ཀྱི་སྐད་ཡིག་གོམས་གཤིས་གཏན་ནས་མེད་པ་ཞིག་ཏུ་འགྱུར་ངེས་པ་དང། རོགས་སྐྱོར་འདི་རིགས་ཀྱིས་མ་འོངས་པར་སྐྱེ་རྒུ་མདོའི་བོད་རིགས་མི་མང་ལ་ཕན་ལས་གནོད་དུ་འགྱུར་རྒྱུ་ཡིན་པ་བཤད་མ་དགོས་པ་རེད། དེར་བརྟེན་དྭ་ཕྲུག་དང་བདག་སྐྱོང་ཚད་ལྡན་བྱེད་མི་ཐུབ་པའི་ཡུལ་ཤུལ་ཁུལ་གྱི་བུ་ཕྲུག་རྣམས་ཀྱི་མ་འོངས་པའི་ཆེད་ས་གནས་དེ་རང་དུ་སློབ་གྲྭ་ཚད་ལྡན་དང། མཐུན་རྐྱེན་ཚད་ལྡན། དགེ་རྒན་ཚད་ལྡན་སོགས་གང་མགྱོགས་འཛུགས་སྐྲུན་བྱེད་དགོས་པ་ནི་ཁ་ཚ་དགོས་གཏུག་དང། འཕྲལ་ཕུགས་གཉིས་ལ་ཕན་པའི་བྱ་བ་ཞིག་ཡིན་པ་ཟུར་བལྟས་ལེབ་མཐོང་ལྟ་བུ་རེད། དེ་བཞིན་ད་ལྟའི་ཆར་བོད་མི་སྟོང་ཕྲག་མང་པོ་ཚེ་ལས་འདས་པ་དང། ཁྱིམ་ཚང་གང་མང་རྩ་སྟོངས་སུ་གྱུར་པའི་གནས་ཚུལ་ཡང་བྱུང་ཡོད། འདི་དག་ལ་དབང་བའི་ཁང་ཁྱིམ་བཤིགས་ཟིན་ཀྱང། མ་འོངས་པར་ས་ཆ་རྣམས་ཡུལ་དེའི་བོད་རིགས་མི་མང་ལ་བདག་ཐུབ་པ་ཞིག་ཡོང་མིན་ཡང་དོགས་གནས་སུ་གྱུར་ཡོད། རྒྱ་ནག་གཞུང་ལ་མཚོན་ན་གོ་སྐབས་འཚོལ་མཁས་པས་ད་ལྟའི་དུས་འདིར་རྒྱ་རིགས་ཕོན་ཆེ་ཞིག་ཡུལ་འདིར་རོགས་སྐྱོར་གྱི་མིང་ཐོག་ནས་གཏན་སྡོད་བྱེད་པར་གཏོང་སྲིད་པ་དང། ཚོང་དང་ཡོང་འབབ་མང་ཤོས་ཀྱི་ས་གནས་ཁག་ཀྱང་བོད་རིགས་ལ་དབང་བ་ཞིག་ཡོང་ཐུབ་མིན་དོགས་གནས་སུ་གྱུར་ཡོད་པ་རེད། དོགས་པ་བྱེད་དགོས་པའི་གནད་དོན་མང་པོ་ཞིག་ཡོད་པ་ནི་བོད་རིགས་སྤྱི་དང་བྱེ་བྲག་ཡུལ་ཤུལ་ཁུལ་གྱི་མི་མང་གི་སེམས་ལ་ངེས་དགོས་པ་ཧ་ཅང་གལ་ཆེར་གྱུར་ཡོད། ད་ལྟའི་ཆར་རྒྱ་གཞུང་གིས་རོགས་རམ་ཚ་ཚ་འུར་འུར་གྱིས་བྱེད་བཞིན་པའི་རྣམ་འགྱུར་གང་སར་སྟོན་ཐབས་བྱེད་བཞིན་པར་བརྟེན། གནོད་ཐེབས་མི་མང་རེ་ཟུང་གི་སེམས་ནང་དུའང་རོགས་རམ་རླབས་ཆེན་བྱས་སོང་སྙམ་པའི་ཡིད་ཆེས་ཅུང་ཙམ་རེ་སླེབས་སྲིད་པ་དང། དེ་ལ་བརྟེན་ནས་དོགས་པ་བྱེད་དགོས་པའི་རིགས་ལའང་དེ་ཙམ་དོ་སྣང་སླེབས་མི་ཐུབ་པ་ནི་སྤྱི་ཡོངས་ཀྱི་འགྲོ་སྟངས་ཤིག་ཏུ་གྱུར་ཡོད་པས་དེའི་སྐོར་ལ་སྔོན་ཚུད་ནས་གཟབ་དགོས་པར་མཐོང།།

Leave a Reply

Your email address will not be published. Required fields are marked *