ས་ཡོམ་གྱི་གོད་ཆག་མ་ཕོག་སྔོན་ནས་དོགས་གཟོན་བྱ་གལ་ཆེ།

བཀྲ་ལྷ་ཉི་མ་རྡོ་རྗེ།   དྷ་ས།
ཉེ་བའི་ལོ་ཟླའི་ནང་འཛམ་གླིང་སྤྱི་ཡོངས་ལ་རང་བྱུང་གནོད་འཚེའི་ས་ཡོམ་གྱི་གོད་ཆག་ཇེ་མང་དུ་འཕྲད་མུས་ཡིན་པ་དང། དེའི་དབང་གིས་མི་མང་ས་ཡ་མང་པོ་མི་ཤི་ཁྱིམ་སྟོང་གི་གནས་སུ་གྱར་བ་དང། ཨ་སྒོར་དུང་ཕྱུར་མང་པོའི་དཔལ་འབྱོར་གྱི་གྱོང་གུན་ཕོག་ཡོད། དེ་ལས་ཀྱང་ཚབས་ཆེ་བ་ཞིག་ནི་སྐྱེ་བོ་འབུམ་ཕྲག་མང་པོ་དུས་མིན་གྱི་འཆི་བ་དང་འཕྲད་ནས་ཕྲུ་གུ་མང་པོ་དྭ་ཕྲུག་ཏུ་ལུས་པ་དང། ཡང་ཕྲུ་གུ་གཅིག་ལས་མེད་པའི་ཕ་མ་རྣམས་ཕྲུ་གུ་གྲོངས་ནས་བཟོད་ཐབས་བྲལ་བའི་སྡུག་བསྔལ་འཕྲད་བཞིན་ཡོད།

ཟླ་ཤས་སྔོན་ཧའེ་ཏའི་ནང་ས་ཡོམ་གྱི་གོད་ཆག་ཚབས་ཆེན་བྱུང་བ་དང་དེ་རྗེས་ཆའི་ལི་དང། དེ་རྗེས་ཀྲར་ཀི་ནང་བསྟུད་མར་གོད་ཆག་ཚབས་ཆེན་བྱུང་ཡོད། ད་ཆ་ས་ཡོམ་གྱི་གོད་ཆག་དེས་ང་ཚོའི་སྤྱི་ཚོགས་ལ་གནོད་པ་ཚབས་ཆེན་བཟོ་བཞིན་ཡོད།

ཟླ་འདིའི་ཚེས་༡༤ སྔ་དྲོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ས་ཁུལ་དུ་ས་ཡོམ་རིམ་པ་༦།༩ ཅན་ཞིག་བརྒྱབ་ཡོད་པ་དང་ས་འགུལ་ལྟེ་གནས་ནི་སྐྱེ་རྒུ་མདོར་འཁེལ་ཡོད་སྟབས་ཁང་པ་བརྒྱ་ཆ་དགུ་བཅུ་ཙམ་རྩ་གཏོར་དུ་བཏང་ཡོད་པ་རེད། ས་འགུལ་ཨ་མ་འཚམས་ཆད་རྗེས་ཡང་ཤུགས་ཚད་གང་འཚམ་ལྡན་པའི་འགུལ་ལྷག་ཐེངས་གསུམ་བརྒྱབ་ཡོད་པ་རེད། ས་ཡོམ་དེའི་རྐྱེན་གྱིས་བོད་རིགས་སྤུན་ཟླ་༢༡༨༣ ལ་སྲོག་སྐྱོན་དང། ༡༢༡༣༥ ལ་རྨས་སྐྱོན། དེའི་ནང་ནས་༡༤༣༤ ལ་རྨས་སྐྱོན་ཚབས་ཆེན་བཟོས། ༤༡༧ གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། ཡིན་ཡང་མི་ཤི་རྨས་ཀྱི་གྲངས་ཚད་དེ་ནི་རྒྱ་ནག་གཞུང་ནས་བཏོན་པ་ཞིག་ཡིན་པ་དང་གོད་ཆག་གྱི་གྲངས་འབོར་ནི་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། བཙན་བྱོལ་ནང་གནས་པའི་བོད་མི་འགས་གནོད་འཚེ་ཕོག་ཡུལ་གྱི་ཡུལ་མི་རྣམས་དང་འབྲེལ་བ་བྱས་ནས་ཤེས་གསལ་ལྟར་ན་དངོས་ཡོད་ཀྱི་གྲངས་འབོར་ནི་རྒྱ་གཞུང་གིས་བསྟན་པ་ལས་ཧ་ཅང་གི་མང་བ་ཡོད་པའི་འགྲེལ་བརྗོད་བྱས་ཡོད།  དེ་ལྟར་ས་ཡོམ་རིམ་པ་༦།༩ ཅན་དེས་བོད་མིའི་ཚེ་སྲོག་དང་རྒྱུ་དངོས་གཉིས་གར་གཏོར་སྐྱོན་ཤུགས་ཆེན་བཟོས་པར་རྒྱུ་མཚན་མང་དག་ཅིག་ཡོད་རུང་། གཙོ་ཆེ་བ་ནི་བོད་མིའི་དཔལ་འབྱོར་གྱི་འཁོས་བབ་སྐྱོ་བའི་དབང་གིས་ཁང་པ་ཚང་མ་འདམ་བག་དང་སོག་མ་སོགས་ཀྱི་བཟོས་པ་ལས་ས་ཡོམ་འགོག་བྱེད་ཀྱི་ནུས་པ་ལྡན་པའི་ཁང་པ་བཟོ་བསྐྲུན་མ་ཐུབ་པ་རེད། དེས་གནད་དོན་གལ་ཆེན་ཞིག་གསལ་བཤད་བྱེད་ཐུབ་ཀྱི་ཡོད་པ་ནི་རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་རྒྱ་ནག་གཞུང་གིས་བོད་ལ་དཔལ་འབྱོར་གྱི་གཞི་རྩའི་དགོས་མཁོ་ཡང་དག་བསྐྲུན་ནས་བོད་མི་རྣམས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་ནས་དཔལ་འབྱོར་ཚད་མཐོན་པོར་སླེབས་ཡོད་ཅེས་པ་ནི་མི་བདེན་རྫུན་བསྒྲིགས་ཀྱི་དྲིལ་བསྒྲགས་ཡིན་པ་ཐེར་འདོོན་བྱས་ཡོད།  ཡང་ཞི་མིས་རང་གི་ཆབ་ཆེན་ས་སྦས་བཏང་བ་བཞིན་རྒྱ་གཞུང་གིས་དངོས་ཡོད་གནས་ཚུལ་རྣམས་སྦས་ཆེད་ས་ཡོམ་གྱི་རིམ་པ་ཡར་སྤར་ནས་ས་ཡོམ་རིམ་པ་༧།༡ བརྒྱབ་འདུག་ཅེས་འཁྱོག་བཤད་བྱེད་ཀྱི་ཡོད། དེ་ལྟར་བྱེད་དགོས་དོན་ནི་རྒྱལ་སྤྱིའི་ས་འགུལ་ལྟ་ཞིབ་ཚོགས་པས་བརྗོད་དོན་ལ་ཁང་པའི་སྤུས་ཚད་ཧ་ཅང་སྐྱོ་པོ་ཡིན་ན་མ་གཏོགས་རྒྱུན་ལྡན་གྱི་ཁང་པ་རྣམས་ས་ཡོམ་རིམ་པ་བདུན་ལས་བརྒལ་བ་མ་བརྒྱབ་ཚེ་འཐོར་ཞིག་ཏུ་འགྲོ་ཡི་མེད་ཅེས་བརྗོད་ཡོད།

ཡང་རྒྱུ་མཚན་གཞན་ཞིག་ནི་རྒྱ་ནག་གཞུང་ནས་བོད་མི་རྣམས་ལ་ས་ཡོམ་གྱི་སྐོར་སྔོན་ཚུད་ནས་གོ་རྟོགས་སྤེལ་རྒྱུའི་ལས་དོན་སྤེལ་མེད་པ་དང་བོད་མི་རང་ངོས་ནས་དེའི་ཐད་དོ་སྣང་མེད་པ་བཅས་ཡིན། གང་ལྟར་ཡང་། ས་ཡོམ་གྱི་བཟོས་པའི་གོད་ཆག་གི་གྲངས་འབོར་ཚད་ལྡན་ཞིག་སུ་གཅིག་གིས་བརྗོད་དཀའ་བ་ཡིན། གང་ཡིན་ཟེར་ན་གནོད་འཚེ་གཙོ་བོ་ཕོག་ཡུལ་གྱི་གྲོང་ཚོ་དེ་ད་ཆ་ཐལ་རྡུལ་དུ་གྱུར་ཡོད་པ་དང་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་མུས་ཡིན་པས་སོ།
ཡིན་ན་ཡང་། གནད་དོན་གཅིག་ཧ་ཅང་གྱི་ཁ་གསལ་ཆགས་ཡོད། ས་ཡོམ་གྱིས་ང་ཚོར་ག་དུས་ཡོང་མིན་གྱི་གསལ་བསྒྲགས་རྩ་བ་ནས་བྱེད་ཀྱི་མེད་པ་དང་། དེས་ང་ཚོ་ཚང་མ་ཧ་ལས་ཧོན་ཐོར་དགོས་པ་བཟོ་ཡི་ཡོད། གལ་ཏེ་སྔོན་ཚུད་ནས་གྲ་སྒྲིག་མེད་ཚེ་གོད་ཆག་ཚད་ལས་འདས་པ་བཟོ་ཡི་ཡོད།  ད་ཆ་མི་འདོད་པའི་རྐྱེན་ངན་འདི་ང་ཚོའི་མགོ་ཐོག་ཏུ་ལྷུང་ཟིན་པ་དང་ཤ་རུས་གཅིག་པའི་བྱེས་འབྱོར་བོད་རིགས་སྤུན་ཟླ་རྣམས་ཀྱིས་གང་ཡང་བྱ་ཐབས་མེད་པ་རེད།  དེ་ཡང་༸གོང་ས་མཆོག་གིས་གནོད་འཚེ་ཕོག་ཡུལ་གྱི་བོད་མི་རྣམས་ལ་ཐུགས་གསོའི་གསུང་འཕྲིན་དུ་ད་ཆ་ང་ཚོས་འདས་གྲོངས་སུ་གྱུར་བའི་བོད་མི་རྣམས་ལ་བསྔོ་བ་སྨོན་ལམ་རྒྱག་རྒྱུ་དང་འགྲོ་བ་གཞན་རྣམས་འདི་ལྟ་བུའི་སྡུག་བསྔལ་མི་འབྱུང་བར་ཤོག་ཅེས་སྨོན་ལམ་རྒྱག་རྒྱུ་ལས་གཞན་བྱ་ཐབས་གང་ཡང་ལྷག་མེད་ཅེས་གསུངས།

དེ་ལྟར་ང་ཚོ་བྱེས་འབྱོར་བོད་མི་རྣམས་ཀྱི་ཤ་རུས་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་ལ་གོད་ཆག་བྱུང་སྐབས་གདུང་སེམས་མཉམ་བསྐྱེད་ཡོད་རུང། འཇིགས་སུ་རུང་བའི་དྲི་བ་ཆེན་པོ་གཅིག་ང་ཚོའི་བཙན་བྱོལ་དུ་གནས་པའི་བོད་མི་ཚོའི་མགོ་ཐོག་ཏུ་ལྡིང་བཞིན་ཡོད་པ་ནི། གལ་ཏེ་སྐྱེ་རྒུ་མདོར་བརྒྱབ་པའི་ས་ཡོམ་དེ་ལྟ་བུ་ཞིག་དྷ་ས་གཙོས་པའི་བཙན་བྱོལ་བོད་མི་གནས་ཡུལ་ས་གནས་གཞན་ལ་བརྒྱབ་ཚེ་ང་ཚོའི་གནས་སྟངས་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་ནམ།   སྐྱེ་རྒུ་མདོ་ཆགས་ཡུལ་ནི་རི་བོ་གསུམ་གྱི་ཉེ་འདབ་སུ་སྤང་གཤོང་ཞིག་ནང་ཆགས་ཡོད་རུང་ས་ཡོམ་རིམ་པ་༦།༩ ཅན་ཞིག་གིས་ཁང་པ་ཕལ་མོ་ཆེ་གཏོར་བཅོམ་བཏང་ཡོད།  འོ་ན་དྷ་རམ་ས་ལ་རྒྱ་གར་ས་ཡོམ་ས་ཁྲའི་ནང་གང་ལ་གནས་ཡོད་པ་ཁྱེད་ཀྱིས་མཁྱེན་གྱི་ཡོད་དམ།  བློ་ཕམ་དགོས་པ་ཞིག་ལ་བཙན་བྱོལ་བོད་གཞུང་གྱི་བསྟི་གནས་དྷ་ས་ནི་ས་ཡོམ་གྱི་ཉེན་ཁ་ཆེ་ཤོས་ཀྱི་ནང་ཚུད་ཡོད་པ་དང། བོད་མིའི་མི་འབོར་བརྒྱ་ཆ་༦༠ ཙམ་ས་ཡོམ་གྱི་ཉེན་ཁ་ཆེ་བའི་ནང་གནས་ཡོད།  དེར་མ་ཟད་དྷ་ས་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རི་སྟེང་དུ་གནས་ཡོད་པ་དང། ཁང་པ་ཕལ་ཆེ་བ་ནི་རི་ལྡེབས་ལ་ཆགས་ཡོད། ཁང་པ་ཁག་གཅིག་ནི་ཧ་ཅང་གཡང་གཟར་དུ་གནས་སྟབས་སྙིང་གི་ན་ཚ་ཡོད་པའི་མི་ཞིག་གིས་རང་གི་ཁང་པའི་བར་འཁྱམ་ནས་མར་བལྟས་ན་ཡང་མགོ་ཡུ་འཁོར་ནས་འགྱེལ་འགྲོ་བའི་ཉེན་ཁ་ཡོད། དེ་ལས་ཀྱང་ཐབས་སྡུག་པ་ཞིག་ལ་ཁུལ་འདིར་གནས་པའི་ཁང་པ་མང་ཆེ་བ་ནི་ས་བབ་ལ་དཔག་པའི་ས་ཡོམ་གྱི་ཉེན་ཁར་འགན་ལེན་སྤུ་ཙམ་མེད་པར་བརྒྱབ་པ་ཤ་སྟག་ཞིག་ཡིན། གལ་ཏེ་སྐྱེ་རྒུ་མདོར་བརྒྱབ་པའི་ས་ཡོམ་དེ་ལྟ་བུ་ཞིག་གནས་འདིར་བརྒྱབ་ན་རི་ཟུར་ལ་འཐམ་འཁྱུད་དུ་གནས་པའི་ཁང་པ་དེ་དག་ནི་རྦབ་རྡོ་ཐུར་དུ་རྒྱུག་པ་བཞིན་འབབ་རིལ་ཤོར་རྒྱུ་ཡིན་པ་ཐེ་ཚོམ་མེད།  དེས་བོད་མིའི་ཚེ་སྲོག་དང་རྒྱུ་དངོས་གཉིས་གར་ཉེན་ཁ་ཆེན་པོ་ཞིག་བཟོ་རྒྱུ་ངེས་གཏན་རེད།  དེ་ལྟར་ང་ཚོར་ས་ཡོམ་གྱི་ཉེན་ཁ་དེ་ཙམ་ཡོད་པ་ཤེས་རྗེས་ང་ཚོའི་ཀླད་པའི་ནང་རང་བཞིན་གྱི་འཆར་ཡོང་བའི་དྲི་བ་འགའ་ཞིག་ནི།  ང་ཚོར་གྲ་སྒྲིག་ཡོད་དམ།  ང་ཚོའི་མི་མང་རྣམས་ལ་ཧ་ཅང་དགོས་མཁོ་ཆེ་བའི་ས་ཡོམ་ཉེན་སྲུང་གྱི་ཤེས་བྱ་དེ་དག་ལྡན་ཡོད་དམ། ཁོང་ཚོས་ས་ཡོམ་མ་བྱུང་སྔོན་གང་བྱེད་དགོས་པ་དང་ས་ཡོམ་འབྱུང་བཞིན་པའི་སྐབས་རང་གི་སྲོག་སྐྱོབ་ཀྱི་ཐབས་ལམ་དང་ས་ཡོམ་མཚམས་ཆད་རྗེས་གང་བྱེད་དགོས་པ་སོགས་ཤེས་ཀྱི་ཡོད་དམ། གལ་ཏེ་ང་ཚོའི་གཞུང་མང་གཉིས་ཀར་ས་ཡོམ་གྱི་ཉེན་ཁ་དེ་ཙམ་ཡོད་ན་དེའི་ཐད་བོད་གཞུང་གི་མཛད་གཙོས་མཚོན་པས་ང་རང་ཚོའི་ངོས་ནས་ཐུགས་འགན་ཇི་ཙམ་བཞེས་ཀྱི་ཡོད་དམ། ད་བར་དུ་མི་མང་ལ་ས་ཡོམ་གྱི་གོ་རྟོགས་སྤེལ་རྒྱུའི་སླད་ལས་འགུལ་གང་ཞིག་སྤེལ་ཡོད་དམ།

ཚང་མས་མཁྱེན་གསལ་ལྟར། དེང་གི་ཆར་ང་ཚོས་ཚན་རིག་གིི་དཔྱད་ཆས་འདྲ་མིན་ལ་བརྟེན་ནས་གནམ་གཤིས་ཀྱི་སྔོན་བརྡ་གང་འཚམ་གཏོང་ཐུབ་ཀྱི་ཡོད་རུང། ད་བར་མི་སུ་འདྲ་ཞིག་དང་ཚན་རིག་གི་དཔྱད་ཆས་ཇི་ཙམ་ཡག་པོ་ཡོད་རུང་ས་ཡོམ་གང་དུ་ཡོང་མིན་དང་དུས་ཚོད་ནམ་ཡིན། ཤུགས་ཚད་ཇི་ཙམ་ཡོང་མིན་སོགས་ཀྱི་སྔོན་བརྡ་རྩ་བ་ནས་གཏོང་ཐུབ་ཀྱི་མེད། དེར་མ་ཟད་ས་ཡོམ་ལ་སོགས་པའི་རང་བྱུང་གནོད་འཚེ་རྣམས་རྩ་འགོག་བྱེད་པའི་ནུས་པ་ང་ཚོ་འགྲོ་བ་མིའི་རིགས་ལ་མེད།  དེ་ལྟར་ནའང། ཡིད་ཐང་ཆད་དགོས་དོན་མེད། ང་ཚོས་ས་ཡོམ་གྱི་སྔོན་བརྡ་གཏོང་མི་ཐུབ་མ་ཟད་ས་ཡོམ་འགོག་མི་ཐུབ་ན་ཡང། གོད་ཆག་ཆུང་དུ་གཏོང་རྒྱུའི་ནུས་པ་ང་ཚོར་ཡོད། དེའི་ཐད་ང་ཚོས་ས་ཡོམ་གྱི་རང་བཞིན་དང་ནུས་པ་གང་ཡོད་པ་དང་ང་ཚོས་དེ་ལ་ཁ་གཏད་གཅོག་ཆེད་གང་བྱེད་ཐུབ་མིན་ཐད་སློབ་སྦྱོང་བྱེད་དགོས།
ཉི་ཧོང་སོགས་རྒྱལ་ཁབ་ཁག་ནང་ས་ཡོམ་རྒྱུན་དུ་རྒྱག་གི་ཡོད་རུང་ཁོང་ཚོར་གོད་ཆག་དེ་ཙམ་འབྱུང་གི་མེད་པ་ནི་ཁོང་ཚོས་སྔོན་ཚུད་ནས་གྲ་སྒྲིག་ཡག་པོ་བྱེད་ཀྱི་ཡོད་པས་ཡིན། ༧གོང་མཆོག་གིས་དུས་རྒྱུན་དུ་”རེ་བ་བཟང་ས་ནས་རྒྱོབ། གྲ་སྒྲིག་སྡུག་ས་ནས་གྱིས་”ཞེས་གསུང་གི་ཡོད་རུང། བོད་མི་ཚོས་རྒྱུན་དུ་རེ་བ་བཟང་ས་ཁོ་ནར་བརྒྱབ་པ་མ་གཏོགས་གྲ་སྒྲིག་སྡུག་ས་ནས་བྱེད་ཀྱི་མེད། དེས་ན་བོད་མི་ཚོས་ཁོང་གི་གསུང་ཕྱེད་ཀ་མ་གཏོགས་ཆ་ཚང་བ་ཞིག་ཤེས་ཀྱི་མེད་པའི་ཚོར་སྣང་ཞིག་སླེབས་བྱུང་།
མི་མང་ལ་ས་ཡོམ་གྱི་གོ་རྟོགས་སྤེལ་རྒྱུའི་ཐད་བོད་ཀྱི་དཔེ་མཛོད་ཁང་དང་ཨ་རིར་རྟེན་གཞི་བྱས་པའི་(Geo Hazards International) གཉིས་མཉམ་རུབ་ཐོག་བོད་མིའི་སྤྱི་ཚོགས་ཁྲོད་དུ་ས་ཡོམ་གྱི་གོ་རྟོགས་སྤེལ་རྒྱུའི་ལས་རིམ་ཆེ་ཕྲ་ཆུང་གསུམ་གང་མང་ཞིག་ཕྱི་ལོ་༢༠༠༧ ནས་སྤེལ་མུས་ཡིན། ད་བར་ང་ཚོའི་ལས་རིམ་ནང་བོད་མིའི་སློབ་གྲྭ་ཁག་ཅིག་དང། ཚོགས་པ་ཁག་ཅིག་ནང་ཛ་དྲག་ཉེན་སྐྱོབ་ཚུགས་ཆུང་འཛུགས་རྒྱུ། ལོ་རེའི་ཟླ་བ་བཞི་པའི་ནང་བོད་མིའི་སློབ་གྲྭ་ཕལ་ཆེ་བ་དུས་ཚོད་གཅིག་ཐོག་ས་ཡོམ་གྱི་ཉེན་གཡོལ་སྦྱོང་བརྡར་གོ་སྒྲིག་ཞུ་རྒྱུ། ཁང་པར་ས་ཡོམ་གྱི་ཉེན་ཁའི་རྟོགས་ཞིབ་བྱེད་རྒྱུ་དང་ཁང་པ་རྙིང་པ་རྣམས་བསྐྱར་གསོ་བྱེད་རྒྱུར་གལ་ཆེའི་སློབ་སྟོན་མཁོ་སྤྲོད་བྱེད་རྒྱུ་སོགས་རང་ནུས་གང་ལྕོགས་ཀྱི་ལག་བསྟར་བྱེད་བཞིན་ཡོད། ཡིན་ན་ཡང་བོད་མི་བྱིངས་རྣམས་ཀྱིས་རང་ངོས་ནས་དོ་འཁུར་བཞེས་ནས་ས་ཡོམ་སྐོར་སློབ་སྦྱོང་གནང་རྒྱུ་དང་རང་གི་ཉེ་འཁོར་ལ་གནས་པའི་བོད་མི་རྣམས་ལ་གང་ཐུབ་ཅི་ཐུབ་ཀྱི་ཤེས་ཡོན་སྤྲོད་གལ་ཆེ་བ་ཡིན།

དེ་ལྟར་ང་ཚོས་བོད་བྱིངས་རྣམས་ལ་འབོད་བསྐུལ་ཞུ་རྒྱུར།    ང་ཚོས་ལྷ་ཆོས་སྐྱོང་སྲུང་རྣམས་དང་མཆོད་རྟེན་སོགས་ལ་སྐྱབས་བཅོལ་བ་དང་ཆབས་ཅིག ང་ཚོ་མིས་བྱེད་ཐུབ་པ་ནི་རང་ཉིད་གནས་ས་དེར་ས་ཡོམ་གྱི་ཉེན་ཁ་ཇི་ཙམ་ཡོད་པ་མཁྱེན་པའི་ཐོགས་ནས་དེ་ལ་དཔག་པའི་ཁ་ཡོད་ལག་ཡོད་ཀྱི་གྲ་སྒྲིག་དང་ཡིད་གཟབ་འཕར་མ་གནང་དགོས་གལ་ཆེན་པོ་ཡིན་པ་ཐུགས་སྣང་དགོས་པའི་རེ་བསྐུལ་དུ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།