ལེགས་བྱང་མཐོ་རམས་པ་སློབ་བསྡུའི་གསལ་བསྒྲགས།

ནོར་གླིང་བོད་ཀྱི་རིག་གནས་ཆེས་མཐོ་སློབ་གྲྭ་སྐབས་ལྔ་པའི་ལེགས་བྱང་མཐོ་རམས་པ་སློབ་བསྡུའི་གསལ་བསྒྲགས།

རྒྱ་དམར་གྱིས་བོད་ས་བཙན་བཟུང་བྱས་པའི་ངན་བྱུས་དང་རིག་གསར་གྱི་ཡོ་ལངས་འོག་བོད་ཀྱི་ཐུན་མིན་རིག་གནས་ཀྱི་ཁ་ཕྱོགས་ཉམས་རྒུད་དུ་འགྲོ་བཞིན་པར་གདོང་ལེན་དང༌། དེ་ལྟའི་ཐུན་མིན་རིག་གནས་མྱུར་སྐྱོབ་རྒྱུན་འཛིན་བྱེད་པའི་མི་རབས་གསར་པ་དང༌། དེ་འབྲེལ་སྤྱི་ཚོགས་དང་རིག་གཞུང་གི་བདེ་རྩ་གཉེར་མཁན་རང་གཞུང་གི་སྲི་ཞུ་བ་དང༌།

རྩོམ་པ་པོ། ཉམས་ཞིབ་པ། ལོ་ཙཱ་བ། རིག་གཅིག་རྐང་འཛིན་བྱེད་པའི་ཆེད་ལས་མི་སྣ་བཅས་གསོ་སྐྱོང་བསྐྱེད་སྲིངས་སླད། ནོར་གླིང་བོད་ཀྱི་རིག་གནས་ཆེས་མཐོའི་སློབ་གྲྭ་འདི་ཉིད་ཕྱི་ལོ་༡༩༩༧ ལོར་གསར་འཛུགས་ཀྱིས་དམིགས་ཚད་བཟུང་བ་བཞིན་འདི་ནས་ཐོག་མའི་དམིགས་དོན་དང་མི་རིགས་ཀྱི་འོས་འགན་སྙིང་བཅང་གིས་ད་བར་སློབ་གཉེར་བ་ཐེངས་བཞི་ཙམ་བསྡུ་གཉེར་གྱིས་དེ་སྔོན་སློབ་དཔོན་རམས་འབྱམས་པ་གཉིས་དང་ལེགས་བྱང་མཐོ་རམས་པ་སྐབས་བཞི་ཐོན་གྲས་ནས་དགེ་རྒན་དང༌། གསར་འགོད་པ། རྩོམ་སྒྲིག་པ། ཉམས་ཞིབ་དང་ཡིག་སྒྱུར་སོགས་ཀྱི་ཚན་པར་ལས་འཁུར་ཞུ་ཐུབ་པ་བྱུང་ཡོད།

ད་ཆ་སྐབས་ལྔ་པའི་སློབ་གཉེར་བ་གསར་བསྡུའི་ཆེད་ཕོ་མོ་དབྱེར་མེད་ས་མིག་གྲངས་༢༠ ཡོད་པ་དང༌། མཐོ་སློབ་འདིའི་ལེགས་བྱང་མཐོ་རམས་པའི་དུས་ཡུན་ལོ་གསུམ་ཡིན་ཅིང༌། སློབ་འཁྲིད་ཐད་གཙོ་བོ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་ནང་ཆོས་ཐོག་དབྱིན་ཇི་དང་རྒྱ་ཡིག་ཀྱང་ཟུར་འཁྲིད་དང༌། འདི་གའི་སློབ་ཁོངས་སུ་ཚུད་རྗེས་སློབ་དུས་རིང་སློབ་ཡོན་དང༌། ཞལ་ལག ཉལ་ཁང་བཅས་འདི་ནས་རིན་མེད་ནར་གཏོང་ཐོག་ཟླ་རེར་ལག་དངུལ་སྒོར་༥༠༠། རེའི་མཐུན་རྐྱེན་སྤྲོད་རྒྱུ་ཡིན། མཐོ་སློབ་འདིར་འཛུལ་ཞུགས་ཀྱི་ཆ་རྐྱེན་དུ། ༡།རང་བཙན་ལག་དེབ་ཀྱི་ངོ་བཤུས་དང༌། ༢། གཟུགས་ཁམས་བདེ་ཐང་གི་སྨན་པའི་ངོ་སྦྱོར་སྟེང་འདྲ་པར་མཉམ་སྦྱར། ༣།ཤེས་ཚད་གཞི་རིམ་འཛིན་གྲྭ་བཅུ་གཉིས་ཀྱི་བོད་ཡིག་ཤེས་ཚད་དོ་མཉམ་ཡོད་པའི་ཐོག་དབྱིན་ཇིའི་ཡིག་ཚད་ཀྱང་གཏོང་རྒྱུ་ཡིན་ཞིང༌། དབྱིན་ཡིག་དང་རྒྱ་ཡིག་གི་ཤེས་ཚད་ཡག་པོ་ཡོད་གྲས་ལ་སློབ་འཇུག་གི་ཆ་རྐྱེན་དུ་བརྩི་རྒྱུ་ཡིན་ཡང༌། གཙོ་བོ་བོད་ཡིག་གི་ཡིག་ཚད་ལམ་ནས་འདེམས་གསེས་ཀྱིས་སློབ་འཇུག་བྱ་རྒྱུ་ཡིན་པས། དབྱིན་ཡིག་དང་རྒྱ་ཡིག་མ་ཤེས་ཀྱང་ཆ་རྐྱེན་མ་ཚང་བར་ངོས་འཛིན་བྱ་རྒྱུ་མིན། ༤། ཡིག་ཚད་གྲུབ་འབྲས་གཅིག་པ་ཡིན་ཚེ་འཚང་སྙན་སྔོན་དུ་འབུལ་མཁན་ལ་གོ་སྐབས་དང་པོ་སྤྲད་རྒྱུ་ལགས་ན། གལ་སྲིད་འདིར་འཛུལ་བློ་ཡོད་ཚེ་ཕྱི་ལོ་༢༠༡༠ ཟླ་༧ པའི་ཚེས༡ འགྱངས་མེད་འཚང་རྒྱུགས་ཀྱི་སྙན་ཞུ་དང་སློབ་དུས་མཐའ་འཁྱོངས་བྱ་རྒྱུའི་ཆོད་ཡིག དགོས་མཁོའི་ཆ་རྐྱེན་གྱི་ངོ་བཤུས་དང་ངོས་སྦྱོར། དེ་བཞིན་ཕྱེད་པར་གཉིས་རེ་བཅས་འདི་གའི་གཤམ་གསལ་ཁ་བྱང་ཐོག་དུས་ཐོག་ངེས་གཏོང་དགོས་ཤིང༌། འཚང་རྒྱུགས་ཀྱི་སྙན་ཞུ་དུས་འགྱངས་ཕྱིན་རིགས་ལ་འདི་ནས་ངོས་ལེན་བྱ་ཐབས་མེད་པ་དང༌། འཚང་རྒྱུགས་སྐབས་ཀྱི་འགྲོ་སོང་རྣམས་རང་ཁུངས་ནས་གཏོང་དགོས་པ་དང༌། ཡིག་རྒྱུགས་ཀྱི་དུས་ཚོད་ཕྱི་ལོ་༢༠༡༠ ཟླ་༧ ཚེས་༡༦ དང་༡༧ ཉིན་གཉིས་ལ་གཏོང་རྒྱུ་དང༌། ཕྱི་ལོ་༢༠༡༠ ཟླ་༨ ཚེས་༢ ཉིན་སློབ་དུས་དངོས་སུ་འགོ་འཛུགས་རྒྱུ་ཡིན།

གལ་སྲིད་སློབ་མཇུག་སྐྱོང་མི་ཐུབ་པའི་རིགས་དང་མུ་མཐུད་མཐའ་སྐྱོང་བྱ་བློ་མེད་རིགས་ཀྱིས་དང་ཐོག་ནས་གཞན་གྱི་ས་མིག་མ་བཀག་ན་ལེགས་པས། དེ་དག་གིས་ཐོག་མར་ནས་འབྲེལ་བ་མི་གནང་བ་ཞུ་རྒྱུ་དང༌། ཆོད་སེམས་བརྟན་པོས་འདི་གའི་སློབ་དུས་མཇུག་སྐྱོང་དང་འབྲེལ་རིག་གཞུང་གི་སྲི་ཞུ་སྒྲུབ་གཉེར་ཞུ་བློ་ཡོད་རིགས་ཀྱིས་གསལ་བརྡ་བཞིན་དུས་འགྱངས་མེད་པར་འཚང་སྙན་སོགས་ངེས་འབུལ་དགོས་པ་བཅས། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་མཐོ་སློབ་ཡིག་ཚང་ནས་ཕྱི་ལོ་༢༠༡༠ ཟླ་༤ ཚེས་༢༤ ལ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།