ཚེ་གཅིག་གི་སྐྱབས་བཅོལ་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༢༧༩
ཕྱི་ལོ་༡༩༥༩ ལོར་བོད་མི་གང་མང་ཞིག་བཙན་བྱོལ་དུ་འབྱོར་ནས་ལོ་༥༡ འཁོར་བ་དང། ༧གོང་ས་མཆོག་དྷ་སར་ཞབས་སོར་འཁོད་ནས་ཀྱང་མི་ལོ་ཧྲིལ་པོ་༥༠ འཁོར་བའི་མཛད་སྒོ་གྲུབ་ཚར་ཙམ་རེད། བོད་མི་ཡོངས་ཀྱི་ངོས་ནས་རྒྱ་གར་དབུས་གཞུང་དང་མངའ་སྡེའི་གཞུང་སོ་སོར་ཐུགས་རྗེ་ཆེ་ཞུ་འོས་པ་ཞིག་དང། བོད་མི་རིགས་ཀྱི་སེམས་ནང་དུ་རྒྱ་གར་འཕགས་པའི་ཡུལ་ཞེས་འཇིག་རྟེན་གྱི་ལྷ་དང་ལྷ་ཡུལ་ཞིག་ཏུ་བརྩི་སྲོལ་ཡོད་པ་བཞིན།

དོན་དངོས་དཀའ་ངལ་འཕྲད་པའི་སྐབས་ཀྱང་རེ་བའི་གཏད་སོ་འཛམ་གླིང་གི་རྒྱལ་ཁབ་གང་དུའང་མ་ཕྱོགས་པར་རྒྱ་གར་ལ་ཁ་ཕྱོགས་ནས་ཡོང་བ་རེད། དེ་མཚུངས་རྒྱ་གར་གཞུང་གིས་ཀྱང་སློབ་གསོ་དང་འཛུགས་སྐྲུན་འཚོ་ཐབས་སོགས་ཕྱོགས་གང་ཐད་ནས་རོགས་རམ་གནང་ཡོད་པ་མ་ཟད། ད་ལྟའི་ཆར་ཡང་གནང་བཞིན་ཡོད་པ་བཅས་འཛམ་གླིང་གི་རྒྱལ་ཁབ་གཞན་དང་བསྡུར་ན་རྒྱ་གར་གྱི་རྒྱབ་སྐྱོར་ནི་ལྕགས་ཀྱི་རྩིག་པ་བཞིན་བརྟན་པོར་གནས་ཡོད། ཉེ་ཆར་ཧི་མ་ཅལ་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་ཧི་མ་ཅལ་མངའ་སྡེའི་བློན་ཆེན་དེའི་ངའི་བློན་ཆེན་ཡང་རེད། འོས་ཤོག་བླུག་ཆོག་མིན་ཙམ་ལས་གཞན་གཅིག་པ་རེད་ཅེས་གསུངས་པ་བཞིན། དོན་དངོས་ཐོག་ནས་ཀྱང་བཞུགས་སྒར་དྷ་རམ་ས་ལར་༡༩༦༠ ལོ་ཡས་མས་སྐྱེས་པ་ཞིག་ཡིན་ན། ད་ཆ་ལོ་༥༠ སླེབས་ཟིན་ཀྱང་སྐྱབས་བཅོལ་ལག་འཁྱེར་ལོ་རེ་བཞིན་དུས་འགྱངས་ཀྱིས་ཚེ་གཅིག་གི་སྐྱབས་བཅོལ་བ་བྱས་ནས་བསྡད་ཡོད། ལོ་ཤས་སྔོན་ནས་སྐྱབས་བཅོལ་ལག་དེབ་ཐོ་འགོད་བྱེད་རྒྱུ་ཅུང་ཁག་ཏུ་གྱུར་ཡོད་ཀྱང། དེ་དང་མཉམ་དུ་སླར་ཡང་ལོ་གཅིག་རྒྱ་གར་དུ་སྡོད་ཆོག་པའི་ཐོབ་ཐང་རག་སོང་བསམ་པའི་དྲན་སྐུལ་ཞིག་བྱས་པ་ལྟ་བུར་གྱུར་ཡོད།

ད་ཆ་རྒྱ་བོད་ཀྱི་གནས་སྟངས་ལ་འགྱུར་བ་འགྲོ་རྒྱུའི་རེ་བ་གང་ཡང་མཐོང་རྒྱུ་མེད་ལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བགྲེས་སོང་དག་ཀྱང་རིམ་གྱིས་ཉུང་དུ་འགྲོ་བཞིན་ཡོད། མི་རབས་གསར་པ་རྒྱ་གར་དུ་འཚར་ལོངས་བྱུང་བ་གང་མང་ཞིག་ལ་མཚོན་ན་མུ་མཐུད་སྐྱབས་བཅོལ་ལག་ཁྱེར་ཁོ་ནའི་ཐོག་ནས་རྒྱ་གར་དུ་འཚོ་བ་སྐྱེལ་དགོས་སམ། ཡང་ན་བཙན་བྱོལ་བོད་གཞུང་གི་དཔོན་རིགས་འཇོན་ཐང་ཅན་རྣམ་པ་དང། ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་རིགས་རྣམ་པ། རྒྱ་བལ་འབྲུག་གསུམ་ཁུལ་གྱི་ཚོང་པ་འབྱོར་ལྡན་ཅན་རྣམས་དང་གཅིག་མཚུངས་བཞིན་གནས་ཡུལ་སོ་སོའི་ཡུལ་མི་བཟོས་ནས་འཚོ་བ་སྐྱེལ་དགོས་མིན་ཐད་ལ་ད་ལྟ་ནས་བསམ་བློ་གཏོང་དགོས་པ་ཞིག་ཏུ་གྱུར་ཡོད། ཕྱོགས་གཅིག་ནས་བཙན་བྱོལ་བོད་མི་ཚོས་ཁ་ཞེ་གཉིས་མེད་ཀྱིས་རང་དབང་ལུང་པར་གནས་སྡོད་བྱེད་མཁན་ཞེས་བརྗོད་བཞིན་ཡོད་ཀྱང། རྒྱ་གར་དུ་སྐྱེས་ཤིང་རྒྱ་གར་དུ་འཚར་བ། རྒྱ་གར་དུ་འཚོ་བ་སྐྱེལ་བཞིན་པའི་བོད་རིགས་དཀྱུས་མ་ཞིག་དང། རྒྱ་གར་གྱི་ཡུལ་མི་གཉིས་བསྡུར་ན། ཐོབ་ཐང་ཆེ་ཆུང་ལ་ཁྱད་པར་ཆེན་པོ་ཡོད། མཐོ་སློབ་ཁག་ཅིག་ཏུ་བསྐྱོད་དགོས་པའམ། ཡང་ན་གཞུང་གི་ལས་ཀ་ཞིག་རག་དགོས་པའི་དབང་དུ་བཏང་ནའང་མི་སེར་ལག་ཁྱེར་མེད་པར་རག་མི་ཐུབ་པ་མང་པོ་ཡོད། དེ་ཙམ་དུ་མ་ཟད། ས་ཆ་དང་ཁང་པ་ཉོ་སྒྲུབ་བྱེད་པའི་མཐུན་རྐྱེན་ཡོད་ཀྱང་ལག་ཁྱེར་གྱི་ཐོག་ནས་ཉོ་མི་ཆོག་པ་དང། ཡུལ་མི་ཞིག་གི་མིང་ཐོག་ནས་ས་ཆ་དང་ཁང་པ་ཉོ་དགོས་ཐུག་ན། རྗེས་སུ་ཁྲིམས་ཐོག་ནས་མི་དེ་དོན་གྱི་བདག་པོ་ཡིན་པས། རིན་པ་སྤྲད་དང་མ་སྤྲད་ཀྱི་ཁྱད་པར་མེད་པས་དཀའ་ངལ་གྱི་འབྱུང་རྩ་ཆེན་པོ་ཞིག་ཏུ་གྱུར་ཡོད། བོད་པ་མང་པོ་ཞིག་གིས་འཕྲལ་སེལ་གྱི་དཀའ་ངལ་སེལ་ཐབས་ཙམ་གཙོ་བོར་བཟུང་ནས་མཐར་ཐུག་གི་དཀའ་ངལ་ལ་བསམ་བློ་གཏོང་མ་ཐུབ་པའི་གནས་སྟངས་མང་པོ་ཞིག་མཐོང་རྒྱུ་ཡོད་ཀྱང། ད་ལྟའི་གནས་སྟངས་ལ་བལྟས་ན་དེ་དག་དང་མི་འདྲ་བར་བོད་མི་རིགས་ཀྱི་ལ་རྒྱའི་ཐོག་ནས་ཡུལ་མིའི་ཐོབ་ཐང་མ་བླངས་པ་ཞིག་དང། རེ་ཟུང་གི་སེམས་ལ་བཙན་བྱོལ་བོད་གཞུང་དེ་གནས་དང་མི་གནས་ཀྱི་ཐོག་ལའང་བསམ་བློ་གཏོང་མཁན་ཡོད་པ་རེད། བོད་གཞུང་གི་ལས་ཁུངས་ཆེ་ཁག་རྣམས་༧གོང་ས་མཆོག་གི་མཚན་ཐོག་ཏུ་ཡོད་པ་དང། ཕྱིའི་རྣམ་འགྱུར་གྱི་ཐོག་ནས་རྒྱ་གར་གཞུང་གིས་བཙན་བྱོལ་གཞུང་ཞིག་ཡིན་པར་ངོས་ལེན་མེད། ད་ལྟ་སྤྱི་ཚོགས་ནང་གལ་ཆེ་བའི་ལས་ཁུངས་མང་པོ་ཞིག་ནི་དེབ་སྐྱེལ་བྱས་པའི་སྒྲིག་འཛུགས་ཀྱི་ངོ་བོར་ཡོད་པ་དང། གནད་དོན་གཙོ་བོ་རྒྱ་གར་གཞུང་གི་དགོངས་པ་བཞེས་ཕྱོགས་ཁོ་ན་ལ་རག་ལས་པ་ལས་བཙན་བྱོལ་བོད་གཞུང་གི་ངོ་བོ་ག་འདྲ་ཞིག་ཏུ་གནས་ཡོད་མེད་དང་འབྲེལ་བ་ཆེན་པོ་གང་ཡང་མེད་སྙམ། མདོར་ན་༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་དཀའ་ངལ་གང་ཡང་མེད་ཀྱང། རྒྱ་གར་གཞུང་ལ་སྐྱབས་བཅོལ་བའི་ཁྲིམས་དམིགས་བསལ་མེད་སྟབས་དེའི་རྗེས་སུ་ད་ལྟ་དང་མི་འདྲ་བའི་གནས་སྟངས་མང་པོ་ཞིག་ཡོང་སྲིད་པས་གྲ་སྒྲིག་བྱེད་དགོས་པ་གལ་ཆེན་པོར་གྱུར་ཡོད། ལ་རྒྱའི་ཐོག་ནས་བཤད་ན་བཙན་བྱོལ་བོད་གཞུང་གི་དཔོན་རིགས་འཇོན་ཐང་ཅན་ཚོས་ཡུལ་གྲུ་མང་པོའི་མི་སེར་བཟོས་ཟིན་པས། རྒྱ་གར་དུ་འཚོ་བ་སྐྱེལ་མཁན་བོད་མི་དཀྱུས་མ་ཚོས་མི་སེར་བཟོས་མ་བཟོས་ཙམ་གྱིས་ཁྱད་པར་ཆེན་པོ་དེ་ཙམ་ཡོད་དམ། ད་དུང་ལོ་ལྔ་བཅུའི་རྗེས་སུའང་ཐུགས་རྗེ་ཆེ་ཞུས་ནས་སྡོད་དགོས་སམ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།