བཀའ་ཁྲི་འཚོལ་དུས་བསམ་འཆར་འདོན་རྒྱུ་ཧ་ཅང་གལ་ཆེ།
བྲག་འགོ་དཀོན་མཆོག་དར་རྒྱས།
རྒྱ་ནག་དམར་གཞུང་གི་ནུས་པ་ཡོད་ཚད་བཏོན་ཏེ། མཐོ་སྒང་གི་མི་རིགས་ཤིག་ཕྱི་ལོ་༡༩༤༩ ཙམ་ནས་དམག་དཔུང་དང་བཙན་དབང་གིས་དབང་དུ་བསྡུས་ཤིང། དུས་རབས་ཉེར་གཅིག་གི་དུས་མཇུག་འདིར་ཚོང་དང་དཔལ་འབྱོར་ཁོ་ནའི་ཉོ་ཐབས་ཀྱི་སྟོབས་ཤུགས་གསར་པ་བཏོན་ཏེ་འབད་འབུང་བྱས་དང་བྱེད་བཞིན་པ་མ་ཟད། ཟུར་དུ་བསྒྲུབ་བྱ་གཙོ་བོ་དེ། དེང་གི་འཛམ་གླིང་ཁྱོན་ཀུན་ལ་བོད་ནི་རྒྱ་ནག་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཡིན་ལུགས་ཀྱི་དྲིལ་བསྒྲགས་རྫུན་མ་ཤུགས་ཆེན་གཏོང་བཞིན་པའི་དུས་འདིར།
ང་ཚོ་ནི་མེས་རྒྱལ་བདག་དབང་བྲལ་ཞིང་། རང་དབང་དང་བྲལ་ཏེ་ཁ་འཐོར་དུ་སོང་བའི་མི་རིགས་ཤིག་ཡིན་པ་དང། དེ་དང་ཆབས་ཅིག་ཏུ་གཞིས་བྱེས་གཉིས་སུ་ཁ་འཐོར་དུ་ཕྱིན་སོང་བ་ཡིན་ལ། རང་རེ་རྣམས་ཀྱིས་བསམ་གཞིག་ཇི་ལྟར་བྱས་ཀྱང་། འབྱུང་འགྱུར་རང་མི་རིགས་ལ་དགོས་གལ་ཆེ་ཤོས་ནི་ཆིག་སྒྲིལ་ཡོང་ཐབས་དང་མཐུན་ལམ་གྱི་ནུས་པ་འདོན་མཁན་གྱི་ཆེད་དུ། བོད་རྒྱལ་གཅེས་ཀྱི་དཔའ་རྒོད་ཅིག་སྟེ། བོད་གཞིས་བྱེས་གཉིས་ཀའི་བློ་གཏད་འོས་པ་དང་ཆེས་རྩེ་ཕུད་ཀྱི་བཀའ་བློན་ཁྲི་པ་བཟང་པོ་ཞིག་ཅི་ནུས་ཀྱང་ཕྱི་ལོ་༢༠༡༡ ལོར་འདེམས་བསྐོ་དགོས་ངེས་རེད་བསམ་ཞིང། དེ་ལ་རེ་བ་འདོན་བཞིན་གཤམ་དུ་བསམ་འཆར་ཁག་ཅིག་ནུས་པ་མེད་ཀྱང་སྐད་ཆ་ལྡབ་ལྡིབ་ཅིག་ལ་དྲངས་ནས་གྲོས་འདེབས་ཀྱི་ཚུལ་དུ་ཕུལ་ཡོད།
གཅིག ང་ཚོའི་བཀའ་བློན་ཁྲི་པ་ནི། ཆོལ་ཁ་ཡིན་ནའང་འདྲ། ཆོས་བརྒྱུད་དང་ལུང་ཚན་རང་ལུགས་པ་རྣམས་ཀྱིས་ཀྱང་མ་འོངས་བའི་བཀའ་ཁྲིའི་ཕྱོགས་ལ་སྒེར་དོན་དུ་མ་བློས་གཏོང་གིས་བོད་འབངས་སྤྱི་ལ་ཁེ་ཕན་ཡོད་མིན་ཐད་ཀུན་སློང་ཡང་དག་འཛིན་རྒྱུ་དང། ཤེས་འཇོན་མཉམ་མྱོང་ཅན་གཞིར་བཟུང་གིས་བཀའ་ཁྲི་འདི་མེད་ཐབས་མེད་པར་དམིགས་དགོས། ད་སྐབས་རང་རེའི་སྤྱི་ཚོགས་ནང་༧གོང་ས་མཆོག་གིས་སྐུ་དྲིན་འོག་ཆོས་བརྒྱུད་དང་ཆོལ་ཁའི་བར་ཁྱད་ལ་གུ་ཡངས་ཀྱི་རྣམ་པ་ཅུང་ཟད་རེ་ཡོད་པ་འདྲ་ཡང། ད་དུང་མང་ཚོགས་བར་ལ་ཀླད་རྒྱ་ཆུང་ཆུང་འགས། སྒེར་དོན་ལ་རྔམ་ནས་བོད་ཀྱི་བདེ་སྡུག་བློ་ལ་མི་ཤོང་མཁན་གྲངས་ཀ་མང་ཞིང་དེ་དག་གིས་འཚང་ཁ་རྒྱག་ངེས་པ་དང། དེ་ལས་ཀྱང་ཕྱི་མཛེས་ནང་གནག་དང། སྒེར་གཅོད་རང་ལུགས་པའི་གཏམ་བཤད་སྙན་མོའི་ཁ་བདེ་ལྕེ་རྣོ་ཡི་གཡོ་སྦྱོར་ནི། རང་སྡེ་གཏོར་བའི་མཐུ་ལ་མི་འགྲོ་བའི་ཁ་ཚོན་སུས་ཀྱང་གཅོད་མི་ནུས། ང་ཚོའི་བོད་ཀྱི་རྩོད་གཞི་འདི་དངོས་ཡོད་ཅིག་ཡིན་ན་ཉི་མ་རེ་རེ་དང་ལོ་ཟླ་འདི་དག་ཆུད་ཟོས་སུ་མི་གཏོང་བར་དྲང་པོ་དང་བདེན་པ། དཀྱེལ་ཡངས་སོགས་མི་རིགས་སྤྱི་ལ་བཅངས་པའི་སེམས་ཤུགས་འདི་སྨིན་ཐབས་ལ་ཚང་མས་འབད་པ་ལྷུར་ལེན་དགོས་ངེས་རེད།
གཉིས་པ། བོད་ལ་མཚོན་ན། འཛམ་གླིང་ཡང་ཐོག་འདིར་གོད་ཆག་སྣ་ཚོགས་ཁྲོད་ནས་འཚོ་བའི་མི་རིགས་ཤིག་ཡིན་པ་ད་ལྟའི་བར་རྩམ་གཟན་པ་ཚང་མས་མཁྱེན་གསལ་ལྟར། འདས་པའི་ཆ་ལ་ཕྱིར་མིག་རེ་བལྟས་ཚེ། སྐབས་འགར་ང་ཚོའི་ལོ་རྒྱུས་ནང་ཕྱོགས་རིས་དང་འཐེན་ཁྱེར། ནང་ཁུལ་ལ་ཕྲག་དོག་དང་སྡང་ཞེན་ཆེ་བ། གཞན་མི་ལ་ཡ་མཚན་དང་རང་སྡེ་ལ་སྣང་ཆུང་འཛིན་པ་སོགས་ལ་བརྟེན་ནས། ད་ཐེངས་ཀྱི་གངས་ཅན་པ་ལ་གྱོང་གུད་ཁ་གསབ་མི་ཐུབ་པ་སྣ་ཚོགས་ཕོག་ཡོད་ཅིང། དེ་དག་རྗེས་རབས་པ་རྣམས་ཀྱིས་ཁུར་དགོས་བྱུང་བ་རེད་ལ། དངོས་གནས་བསམ་ཤེས་ན་དེའི་ང་ཚོ་ལ་ཉམས་མྱོང་སྤུས་དག་ཅིག་སྤྲད་ཡོད། ཁྱད་པར་དུ་སྤྱིའི་མིང་ཁུར་ནས་སྒེར་དོན་གཙོ་བསྒྲུབ་རྒྱུར་འབད་པ་བྱེད་མཁན་ནི་དེ་བས་ཀྱང་སྨྱོ་འབོག་ཚ་ཤོས་དང་སྤྱོད་པ་འཆོར་བ། སྤྱི་ཚོགས་གཏོར་བཤིག་མཁན་གྱི་གཏེ་བོ་ལྟ་བུའང་ཆགས་ཀྱི་ཡོད་པ་ཤེས་དགོས།
གསུམ་པ། བར་སྐབས་ཤིག་ནས་བཙན་བྱོལ་ཁྲོད་དུ་མི་མང་བདག་གཉེར་བྱེད་ཕྱོགས་ཐད་ཧ་ཅང་གིས་འཐུས་ཤོར་དང་སྒྱིད་ལུག་ངང་འདས་བཞིན་པ་ཞིག་སྟེ། གཞོན་སྐྱེས་མང་པོའི་སེམས་སུ་བོད་དོན་ཟེར་བ་ནི་སྣང་མེད་རླུང་ལ་བསྐུར་ནས། འཕྲལ་ཕུགས་ཀྱི་འཚོ་བ་ཁོ་ན་དོན་གཉེར་བྱེད་མཁན་ཇེ་མང་དུ་སོང་ཞིང། ཡོད་ཚད་ལྷོད་ཤིག་ཤིག་དང་འཇམ་ཐིང་ཐིང་ལྟ་བུར་གྱུར་ཡོད། ད་ལྟའི་བཙན་བྱོལ་ཁྲོད་བོད་མི་རྣམས་ཀྱི་སེམས་སུ་བོད་ཟེར་ནས་ཁ་དབྱངས་སྙན་མོ་རེ་ཐོས་ཀྱི་ཡོད་པ་འདི་ནི་ཕྱི་ལོ་༢༠༠༨ ལོའི་བོད་ནང་གི་ཞི་རྒོལ་ཆེན་མོ་ལས་བྱུང་བ་ཡིན་པའང་རང་བཞིན་གྱིས་ཚོར་ཡོང་གི་འདུག་ལ། ག་དུས་ཡིན་ཡང་༧གོང་ས་མཆོག་དང་བོད་ནང་གི་གཞིས་ལུས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དེ་མེད་ན། བཙན་བྱོལ་གཞུང་འཛིན་པ་དང་ཆབ་སྲིད་ཡུལ་གྱར་བ་རྣམས་གཉིད་ཁུག་སྡོད་རྒྱུ་ཡིན་ནམ། ང་ཚོའི་བོད་དོན་གཏི་མུག་ཁྲོད་ཡལ་བར་མི་དོར་བར། མ་འོངས་པའི་བཀའ་བློན་ཁྲི་པ་ནི་ཕྱོགས་ཚང་མར་འཐུས་ཤོར་མི་གཏོང་མཁན་ཞིག་འདེམས་དགོས་པས་ད་ལྟ་ནས་བློ་རྒྱ་ཇུས་འགོད་ཡོད་དགུ་བཏོན་ཏེ་ཀླད་པ་དཀྲུགས་ཤོག།
བཞི་པ། ཡང་གཞོན་སྐྱེས་ཁག་ཅིག་གིས་འབྱུང་འགྱུར་ནི་ང་ཚོའི་མདུན་ལམ་རེད། དེའི་ཕྱིར་བཀའ་ཁྲི་ཡང་ང་ཚོ་དང་འོས་ཤིང་འཚམ་པ་རེ་གདམ་རྒྱུ་ཡིན་སྐོར་བཤད་ནས། གནའ་དེང་གི་བར་ཁྱད་རྦད་དེ་འགལ་འདུ་ཆེན་པོ་ཡོད་ལུགས་དང། གཞོན་སྐྱེས་རྣམས་ཀྱིས་ཚ་ཚ་འུར་འུར་ཐོག་རང་གཞུང་ལ་འགྱུར་བ་གཏོང་དགོས་དགོངས་པ་སོགས་ནི། ངེས་པར་དུ་འབྱུང་འགྱུར་བོད་སྤྱི་ལ་ཕན་ཐོགས་ཡོད་པ་དང། ཤེས་ཚད་དང་ཉམས་མྱོང་གིས་ཁྱབ་ཚད་བརྟན་པོ་ཞིག་མེད་ན་བཅོས་ཐབས་དཀའ་ཞིང། དེ་དག་ཐད་ལའང་མི་རབས་གསར་པ་རྣམས་ཀྱིས་གཟབ་གཟབ་དགོས། ལྷག་པར་དུ་ལྐོག་ཟ་རུལ་སུངས་ཀྱི་དོན་རྐྱེན་གྱིས་ནང་བསམ་བློ་མ་སྨིན་པས་སྒེར་དོན་སྒྲུབ་ཅིང། རང་ཚུགས་འཕེར་བའི་ཤེས་འཇོན་མེད་པར་གཡམ་རྒྱུགས་བྱེད་སྲིད། བློ་སྟོབས་ཞན་པ་དང་ཁ་རུ་ཁ་ཐུག་ལ་ཁ་གཡར་ནས་མང་ཚོགས་ཀྱི་རྙོག་གྲ་ཕྲན་བུ་ཙམ་ལའང་བཟོད་སྒོམ་མེད་པའི་རིགས་བྱུང་ན་བོད་མིའི་བཀའ་ཁྲི་ཕར་ཞོག་ཁྱིམ་འཛིན་པ་ཞིག་ཀྱང་དཀའ། ང་ཚོའི་བཀའ་ཁྲི་ནི་དེང་རབས་འདིར་རང་ཚུགས་འཕེལ་བ། གནའ་དེང་གི་ལོ་རྒྱུས་བར་ལ་རྒྱུས་མངའ་ཡོད་པ། བོད་ཕྱི་ནང་གཉིས་ཀའི་བློ་གཏད་འོས་ས། བོད་སྤྱི་དོན་ལ་བསམ་བློ་བརྟན་པོའི་རྒྱུ་མཚན་དང་བཅས་པའི་སྒོ་ནས། རང་བཙན་དང། དབུ་མའི་ལམ། རང་སྲིད་རང་སྐྱོང་སོགས་གང་རུང་གི་སྣེ་ཁྲིད་པ་ཞིག་ཡོད་ན་བོད་མི་རྒན་གཞོན་དང་ཆོལ་ཁ་ཆོས་བརྒྱུད་ཀྱི་ཁྱད་པར་གཏན་ནས་མེད།
ལྔ་པ། བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ་ཟེར་ཡང། ཐོག་མར་བགྲོ་གླེང་དང་དཔྱད་ཞིབ་སྣ་ཚོགས་ནང་ཞུགས་ནས། དཔེར་ན་བཀའ་ཁྲི་ནི་ཆབ་སྲིད་ལ་ཧ་ཅང་གི་དོ་སྣང་ཡོད་པ་ཞིག་དགོས་སམ། ཆོལ་གསུམ་དང་ཆོས་ལུགས་ཀྱི་མཐུན་ལམ་གཙོ་བོ་འཛིན་མཁན་ཞིག་དགོས། ཨོ་བྷ་མ་ནང་བཞིན་གཞོན་སྐྱེས་ཤེས་ཡོན་ཅན་ཞིག་དང་ཡོད་ཚད་ལ་གུ་ཡངས་བྱས་ནས་མདུན་སྐྱོད་དགོས་སམ། ཡང་ན་བཀའ་ཁྲི་ནི་མཁས་དབང་དགེ་འདུན་ཆོས་འཕེལ་དང། བོད་མི་གསར་རྗེ་བ་འབའ་པ་ཕུན་དབང་ནང་བཞིན་རང་རྒྱལ་གྱི་ཁེ་དབང་རྩོད་ཕྱོགས་ཐད་ལ་རང་གི་ཡོད་ཚད་བློས་གཏོང་ཕོད་པ་ཞིག་དགོས། བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་ནས་མཐའ་མཇུག་དངོས་སུ་བཀའ་བློན་ཁྲི་པ་འདེམས་འགོ་ཚུགས་སྐབས་བློ་ཐག་ཆོད་པོའི་སྒོ་ནས་བཀའ་ཁྲི་གཅིག་འོས་འཕེན་ཆོག་ཆོག་ཅིས་ཀྱང་གནང་བར་ཞུ་བཞིན་ཡོད།།