བཀའ་བློན་ཁྲི་པ་བུད་མེད་ཤེས་ཡོན་ཅན་ཞིག་བྱུང་ན་ཡག་པོ་འདུག

tenzin wangmoཟླ་འདིའི་ཚེས་༩ ཉིན་སྦེལ་ཀོབ་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་རྣམས་སྦེལ་ཀོབ་༸རྒྱལ་བའི་ཕོ་བྲང་མདུན་དུ་འདུ་འཛོམས་ཀྱིས་ཆོས་སྐྱོང་སྲུང་མར་འཕྲིན་བཅོལ་དང། བསྟན་འཛིན་གྱི་སྐྱེས་བུ་རྣམ་པ་སྐུ་ཚེ་བརྟན་པའི་ཞབས་བརྟན་སྨོན་ལམ་བཏོན་ནས་འཛམ་གླིང་ཨ་མའི་ཉིན་མོ་སྲུང་བརྩི་དང། ཉིན་རྒྱབ་ཕོ་བྲང་གི་ཁོར་ཡུག་གཙང་སྦྲ་བྱས་ཡོད་པ་རེད། ས་གནས་བུད་མེད་ཚོགས་གཙོ་བསྟན་འཛིན་དབང་མོ་ལགས་སུ་ས་གནས་བུད་མེད་ཀྱི་གནས་སྟངས་སྐོར་བཅར་འདྲི་བྱས་པ་ཡིན།

དྲི་བ། སྦེལ་ཀོབ་ས་གནས་བུད་མེད་ལྷན་ཚོགས་ཀྱི་གནས་སྟངས་དང་ལས་དོན་བྱེད་ཕྱོགས་ངོ་སྤྲོད་གནང་རོགས།
ལན། ང་ཚོ་སྦེལ་ཀོབ་ས་གནས་བུད་མེད་ལྷན་ཚོགས་ནི་ཕྱི་ལོ་༡༩༨༥ ལོར་དབུ་བརྙེས་པ་དང། ད་ལྟ་སྐབས་དགུ་པའི་རྒྱུན་ལས་རེེད། རྒྱུན་ལས་བུད་མེད་བདུན་དང་ཚོགས་མི་༦༥༠ ཙམ་ཡོད། འདས་པའི་ལོ་ངོ་༢༠ ལྷག་གི་རིང་ལ་རྒྱུན་ལས་རིམ་པས་སྐུ་ངལ་ཁྱད་དུ་བསད་ནས་ཕྱག་ལས་གནང་བའི་གྲུབ་འབྲས་དེས་ད་ལྟའི་གནས་སྟངས་དེ་ཡག་པོ་ཆགས་ཡོད། ད་ལྟ་བར་དུ་ས་གནས་བུད་མེད་ལྷན་ཚོགས་དེ་ཡག་པོ་ཆགས་པ་དེ་རྒྱུན་ལས་ཁ་ཤས་ཀྱི་གྲུབ་འབྲས་ཤིག་རེད་ཟེར་གྱི་མེད། གཙོ་བོ་རྒྱུན་ལས་དང་རུ་དཔོན་རིམ་པ། དེ་བཞིན་ཚོགས་མི་བཅས་ཚང་མའི་ངོས་ནས་ལྷག་བསམ་དང་སེམས་ཤུགས་ཀྱི་ཕྱག་ལས་ལ་བརྟེན་ནས་ཚོགས་པ་ཡར་རྒྱས་ཀྱི་རྣམ་པར་ཕྱིན་པ་རེད་ཅེས་ཞུ་ཡི་ཡོད། ང་ཚོའི་ལས་འགུལ་ལ་ཆ་བཞག་ན། དང་པོ་ཆབ་སྲིད་ཀྱི་ཐོག་ལ་༧སྐྱབས་མགོན་རིན་པོ་ཆེའི་བཀའ་གཞིར་བཟུང་གིས་བོད་བདེན་པའི་མཐའ་མ་གསལ་གྱི་བར་དུ་འབོད་སྒྲ་བསྒྲགས་ནས་ལས་འགུལ་ཁག་མང་པོ་ཞིག་གྲོང་ཁྱེར་དང་རྒྱལ་སའི་ནང་སྤེལ་དང་སྤེལ་མུས་ཡིན། དཔེར་ན་མཉམ་སྦྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཁུངས་སོ་སོ་ལ་བོད་དོན་ཐོག་རྒྱབ་སྐྱོར་ཡོང་ཆེད་ཞུ་སྙན་ཡི་གེ་འབུལ་གྱི་ཡོད་ལ། དྲིལ་བསྒྲགས་ཡིག་ཆ་མང་པོ་ཡིག་རིགས་འདྲ་མིན་ཐོག་ཁྱབ་བསྒྲགས་བྱེད་ཀྱི་ཡོད། དེ་བཞིན་ཆོས་ཕྱོགས་ནས་བཤད་ན་ཡང་། ༸གོང་ས་མཆོག་དབུར་བཞུགས་པའི་རིས་མེད་ཀྱི་སྐྱེས་ཆེན་དམ་པ་ཚོའི་སྐུ་ཚེ་བརྟན་པ་དང། ཐུགས་ཀྱི་བཞེད་དགོངས་འགྲུབ་པ། ང་རང་ཚོའི་སྙིང་ལ་གནས་པའི་བོད་དོན་བདེན་མཐའ་གསལ་བ། འཛམ་གླིང་ནང་ནད་མུག་འཁྲུག་རྩོད་མེད་པའི་ཞི་བདེ་ལྷིང་འཇགས་ཡོང་བར་དམིགས་ནས། སྒྲོལ་མ་འབུམ་ཐེར་གསོག་རྒྱུའི་མཚོན་པའི་ལས་འགུལ་རིགས་མང་པོ་ཞིག་སྤེལ་གྱི་ཡོད། ཁོར་ཡུག་གི་ཐོག་ལ་ཆ་བཞག་ན་ཡང། ལོ་རེ་བཞིན་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཉིན་མོ་དང་སྟབས་བསྟུན་ནས་སྤྱི་པའི་ས་ཆ་དེ་ཚོར་ཤིང་སྣ་འདེབས་འཛུགས་བྱེད་རྒྱུ་དང། ༧རྒྱལ་བའི་ཕོ་བྲང་གིས་གཙོས་པའི་ས་ཆ་ཚང་མར་གཙང་མ་བཟོ་རྒྱུར་ས་གནས་བུད་མེད་ཀྱི་ཚོགས་མི་ཚང་མ་མཉམ་ཞུགས་བྱེད་ཀྱི་ཡོད། ད་དུང་སྤྱི་ཚོགས་ཞབས་ཞུའི་ཐད་ལ་ཡང་། ༡༩༩༡ ལོ་ནས་རྒྱུན་ལས་སྔོན་མ་ཚོས་འགོ་ཁྲིད་པའི་འོག་ནས་ཚེམ་བཟོ་ཁང་ཞིག་བཙུགས་ཡོད་པ་རེད། ཚེམ་བཟོ་ཁང་དེའི་ནང་ནས་ད་ལྟ་བར་དུ་སློབ་སྦྱོང་ཐོན་ཚར་བ་གྲངས་༨༩ བྱུང་ཡོད་པ་ཚང་མ་སོ་སོའི་རྐང་པའི་སྒང་ལ་ལངས་ནས་འཚོ་བའི་རྟེན་གཞིར་གནས་ཡོད་པ་དང།  ད་ལྟ་བུད་མེད་བདུན་གྱིས་ཚེམ་བཟོ་སྦྱང་བཞིན་པ་དང་། མ་འོངས་པར་ཡང་མུ་མཐུད་ནས་ལས་འགུལ་དེ་བཞིན་འགྲོ་རྒྱུ་ཡིན། སྔོན་མ་ཡིན་ན་ཚེམ་ཁང་དེ་གཞན་གྱི་རོགས་སྐྱོར་གྱི་ཐོག་ནས་འགྲོ་བཞིན་པ་ཡིན་ཡང་༢༠༠༡ ལོ་ནས་བཟུང་བུད་མེད་རང་གི་རྐང་པའི་སྒང་ལངས་ནས་སོ་སོའི་སྤྱི་ཚོགས་ནང་ཞབས་ཞུ་ཞུས་ནས། ཨ་མ་ལས་མེད་དང་བར་འཁྱམས་པ། སློབ་གྲྭ་ཁུངས་མ་འཁྱོལ་བའི་རིགས་སོགས་ཕོ་མོ་དབྱེར་མེད་སུ་ཞིག་གིས་སྦྱང་འདོད་ཡོད་ནའང་ང་ཚོའི་ཚེམ་བཟོ་ཁང་གིས་གོ་སྐབས་སྤྲོད་ཀྱི་ཡོད། ད་ལྟའི་སྐབས་ལ་ང་ཚོར་དཀའ་ངལ་ཆེ་ཤོས་གཅིག་ཡོད་པ་དེ་གང་རེད་ཟེར་ན། ཚོགས་མི་ཚང་མ་ལོ་ན་སོན་ནས་རྒས་ཁོག་ཆགས་ཡོད་པ་དང། ཚོགས་མི་གསར་ཞུགས་བྱེད་མཁན་གཞོན་སྐྱེས་མེད་པའི་དཀའ་ངལ། དེའི་ཐོག་ལ་བོད་གཞུང་གི་ལས་བྱེད་ཀྱི་བླང་དོར་སྒྲིག་གཞི་གཞིར་བཟུང་གིས་ལས་བྱེད་ཚང་མ་ས་གནས་བུད་མེད་ཀྱི་རྒྱུན་ལས་སུ་འཛུལ་ཞུགས་མི་ཆོག་པའི་བཀའ་རྒྱ་ཕབ་ནས་ཤེས་འཇོན་ཡོད་པ་ཚོ་བུད་མེད་རྒྱུན་ལས་ནང་མཉམ་ཞུགས་མ་ཐུབ་པའི་དཀའ་ངལ་ཆེན་པོ་ཡོང་གི་འདུག ད་ལྟའི་སྐབས་དགུ་པའི་ཚོགས་གཙོ་ལ་ཆ་བཞག་ན་ཡང་གནད་དོན་དེའི་སྒང་ནས་ས་གནས་བུད་མེད་ཀྱི་ཚོགས་གཙོར་ལངས་མ་ཐུབ་པའི་དཀའ་ངལ་བྱུང་སོང། སྦེལ་ཀོབ་འདི་ས་གནས་གཞན་དང་མི་འདྲ་བར་རྒྱ་ཁྱོན་ཆེན་པོ་དང་མི་འབོར་མང་པོ། ལས་འགུལ་ཡང་སྣ་མང་སྤེལ་དགོས་པ་དང། ཕྱི་ལོག་གི་མི་མཐོ་དམན་ཚང་མར་འབྲེལ་བ་གནང་དགོས་དུས་སློབ་སྦྱོང་གིས་འདང་མིན་གྱི་དཀའ་ངལ་ཤུགས་ཆེན་པོ་འདུག ད་ལྟའི་ཚོགས་མི་ཕལ་ཆེ་བར་སློབ་སྦྱོང་མེད་པ་དང་། མང་ཆེ་བ་ནང་གི་ཨ་མ་ཁོ་ན་ཡིན་པས་ཕྱོགས་གང་ཐད་ནས་དཀའ་ངལ་འཕྲད་ཀྱི་འདུག དེ་འདྲའི་དུས་ཚོད་དཀའ་ཁག་ཅན་ཞིག་གི་སྐབས་ལ་བོད་གཞུང་གིས་དེའི་ཐོག་ལ་ཐུགས་བསམ་བཞེས་ནས་བུད་མེད་ཀྱི་ཚོགས་མི་ཡིན་པའི་གཞུང་གི་ལས་བྱེད་ཚོ་བུད་མེད་ཀྱི་རྒྱུན་ལས་ནང་ལས་ཀ་བྱེད་ཆོག་པའི་བཀའ་ཁྲོལ་ཞིག་གནང་བ་ཡིན་ན། ས་གནས་ལ་གང་ཅིའི་ཐོག་ནས་ཕན་ཐོགས་ཡོང་གི་འདུག

དྲི་བ། བོད་གཞུང་གིས་བོད་ཀྱི་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་ལས་འགུལ་སྤེལ་བ་དེའི་ཕན་ཐོགས་ཀྱི་འདུག་གམ།
ལན། རང་གཞུང་བཀའ་ཤག་གིས་སྣེ་ཁྲིད་པའི་འོག་ནས་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་ཟབ་སྦྱོང་དེ་འདྲ་ས་གནས་འདིར་སྤེལ་ཡོད་པ་དྲན་གྱི་མི་འདུག ཡིན་ན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གཅིག་གཉིས་ཤིག་གིས་ཉེ་བའི་ལོ་ཤས་ནང་བུད་མེད་ཀྱི་ནུས་ཤུགས་གོང་མཐོར་གཏོང་བ་དང། ཕོ་མོ་འདྲ་མཉམ་གྱི་ཐོག་ལ་ཟབ་སྦྱོང་གནང་བ་དེས་ཕན་ཐོགས་བྱུང་སོང་བསམ་གྱི་ཡོད། གང་ཡིན་ཟེར་ན། ང་ཚོའི་བུད་མེད་ཚོགས་མི་ཚང་མ་ནང་གི་ཨ་མ་ཤ་སྟག་ཡིན་པས་མི་མང་པོའི་མདུན་ལ་ལངས་ནས་སྐད་ཆ་བཤད་རྒྱུའི་མཚོན་པའི་ལས་ཀ་མང་པོ་བྱེད་མ་ཐུབ་པའི་དཀའ་ངལ་ཡོད་རེད། ཡིན་ཡང་། སྐབས་དགུ་པའི་རྒྱུན་ལས་འདེམས་བསྐོ་བྱེད་པའི་སྐབས་ལ་ང་མིན་ཁོ་མིན་ཟེར་བ་དེ་འདྲ་མེད་པའི་ཐོག་ནས་ཡར་ལངས་ལས་ཀ་བྱེད་པ་དེ་འདྲ་བྱུང་བ་དེ་ཟབ་སྦྱོང་གི་ཕན་ཐོགས་རེད་དྲན་གྱི་ཡོད།

དྲི་བ། ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་བསྡུའི་སྐོར་ལ་དགོངས་ཚུལ་གང་ཡོད།
ལན། མ་འོངས་པའི་བཀའ་བློན་ཁྲི་པ་དེ་༧གོང་ས་མཆོག་གིི་བཀའ་དགོངས་གཞིར་བཟུང་བུད་མེད་གཞོན་སྐྱེས་ཤེས་ཡོན་ཅན་ཞིག་བྱུང་ན་ཡག་པོ་འདུག་བསམ་གྱི་ཡོད། དཔེ་ཆུང་ས་ཞིག་བཤད་པ་ཡིན་ན། བུད་མེད་དེ་ནང་གི་ཨ་མ་ཞིག་ཡིན་པ་ཡིན་ན། རང་གི་ནང་དེ་སྲ་བརྟན་དང་ཚགས་ཚུད་པོ། ཡག་པོ་ཆགས་མ་ཆགས་དེ་ཨ་མ་ལ་ཤུགས་ཆེན་པོ་རག་ལས་ཡོད་པ་རེད་ལ། ཨ་མས་འགན་ཁུར་བ་ཡིན་ན་སྲ་ཐག་ཐག་ཡོང་གི་ཡོད་རེད། དེ་འདྲར་བལྟས་ནས་བཤད་སྐབས། མ་འོངས་པའི་བཀའ་ཁྲི་དེ་བུད་མེད་ཅིག་སླེབས་པ་ཡིན་ནའང། སོ་སོ་རང་གི་འགན་དབང་དེ་མ་ནོར་བའི་ཐོག་ནས་རང་དོན་བློས་གཏོང་གིས་སྤྱི་པའི་ལས་དོན་ཐོག་ནུས་ཤུགས་སྤུངས་ནས་དྲང་པོ་བྱེད་དགོས་པ་གལ་ཆེན་པོ་རེད། དེ་འདྲ་བྱས་པའི་ཐོག་ནས་བུད་མེད་ཚོས་འཇོན་གྱི་རེད་ལ་ནུས་ཀྱི་རེད་བསམ་གྱི་ཡོད།
བོད་ཀྱི་བུད་མེད་ཚང་མར་ད་ལྟའི་གཉན་འཕྲང་གི་དུས་ཚོད་འདིར་སོ་སོའི་ནང་གི་འཚོ་བའི་གནས་སྟངས་ཁོ་ན་ཙམ་ལ་མགོ་མ་འཁོར་བར་༧སྐྱབས་མགོན་རིན་པོ་ཆེ་ལ་ཕྱར་གྲུ་མཉམ་འདེགས་ཀྱིས། བོད་ཀྱི་བུད་མེད་ཡོད་དོ་ཅོག་གིས་འགན་ཁུར་བའི་ཐོག་ནས། སོ་སོའི་ས་གནས་བུད་མེད་ལྷན་ཚོགས་ཀྱི་སྒྲིག་ཁུངས་སུ་འཛུལ་ཞུགས་གནང་སྟེ་བོད་དོན་ལས་ཀ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་འདུག་ཅེས་གསུངས་བྱུང།
བསྟན་འཛིན་དབང་མོ་ལགས་ནི་ཕྱི་ལོ་༡༩༥༩ ལོར་བོད་གཙང་ཁུལ་དུ་སྐྱེས་ཤིང། ཉིན་བཅུ་ལས་མ་འགོར་བར་ཕ་མས་རུམ་དུ་བཅུག་ནས་སྐྱབས་བཅོལ་ལ་སླེབས། རྒྱ་གར་ལྷོ་ཕྱོགས་སྤེལ་ཀོབ་དབུས་ཉིན་སློབ་དུ་འཛིན་རིམ་བདུན་པ་མཐར་ཕྱིན་རྗེས། ༡༩༧༣ ལོ་ནས་དམག་མིར་ཞུགས་ནས་ལོ་ལྔའི་རིང་བསྡད་སྐབས་བཅུ་དཔོན་སོགས་ཀྱང་བྱས། ༡༩༨༥ ལོར་བུད་མེད་ཀྱི་ཚོགས་མིར་ཞུགས་ནས་རུ་དཔོན་བྱས། ༢༠༠༠ ལོ་ནས་༢༠༠༣ བར་ས་གནས་བུད་མེད་ཀྱི་དྲུང་ཆེ་དང་༢༠༠༦ ནས་༢༠༠༩ བར་ཚོགས་གཞོན་བྱས་པ་དང་ད་ལྟ་སྦེལ་ཀོབ་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བྱེད་མུས་རེད།།
མེ་སོར་གསར་འགོད་པས་བཅར་འདྲི་བྱས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།