ཐུགས་གསོའི་འཚམ་འཕྲིན།
༄༅། །དཀའ་སྡུག་འོག་ཏུ་གནས་པའི་ཤ་རུས་གཅིག་པའི་སྤུན་ཟླ་བོད་མདོ་ཁམས་སྐྱེ་རྒུ་མདོའི་གཞིས་བྱེས་སེར་སྐྱ་མི་མང་ཡོངས་ཀྱི་སྙན་ལམ་དུ།
ཆེད་ཞུ། ཕྱི་ལོ་༢༠༡༠ ཟླ་༤ ཚེས་༡༤ རེས་གཟའ་ལྷག་པ་ཉིན་བོད་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་བསམ་ཡུལ་ལས་འདས་པ་ཕོག་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བློ་ཕམ་ཚད་མེད་བྱུང་ཞིང།
སྐབས་དེར་རྐྱེན་འདས་སུ་གྱུར་པ་རྣམས་ཚེ་རབས་འཕྲེང་བར་བྱས་བསགས་སྡིག་ལྟུང་ཐམས་ཅད་བྱང་ཞིང་དག་ནས་དལ་རྟེན་རིམ་བརྒྱུད་འཕགས་མཆོག་ཕྱག་ན་པདྨོས་རྗེས་སུ་བཟུང་སྟེ་བླ་མེད་རྫོགས་བྱང་མྱུར་དུ་འཐོབ་པ་དང། རྨས་མ་རྣམས་མྱུར་དུ་རྨས་ལས་གྲོལ་ཏེ་སྐུ་གཟུགས་བདེ་ཐང་ཡོང་ཕྱིར་ཉིན་དེ་ནས་བཟུང་ད་བར་འདི་ག་རྒྱ་གར་ལྷོ་ཕྱོགས་མཁས་མང་བློ་གསལ་གླིང་གྲྭ་ཚང་ནས་སྨོན་ལམ་དང་མཆོག་གསུམ་ལ་གསོལ་འདེབས་ཞུ་མུས། ཕྱི་ཚེས་༢༠ ཉིན་བདུན་ཚིགས་དང་པོ་འཁེལ་བ་ལ་གྲྭ་ཚང་ནས་དམིགས་བསལ་གོ་སྒྲིག་འོག་དབུ་བཞུགས་༸སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་དང། མཁན་ལས་ཟུར་རྣམ་པ། ༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་པའི་རྒྱལ་སྲས་བླ་སྤྲུལ་ཁག བཀའ་རམས་དགེ་བའི་བཤེས་གཉེན་དང། དགེ་འདུན་འདུས་པ་རྒྱ་མཚོ་བཅས་ནས་སྨོན་ལམ་མཆོད་འབུལ་རྒྱས་པ་ཞིག་འཚོགས་ཏེ་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གདུང་ཤུགས་དྲག་པོའི་གསོལ་འདེབས་ཀྱང་ཞུས་ཡོད། དཀའ་སྡུག་བསམ་ཡུལ་ལས་འདས་པ་མྱོང་བཞིན་པའི་མི་མང་གིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཤ་རུས་གཅིག་པའི་སྤུན་ཟླ་སྟོང་ཕྲག་མང་པོ་དུས་གཅིག་ལ་སྲོག་སྐྱོན་ཤོར་བའི་གནས་དེར་གང་མྱུར་ཕེབས་རྒྱུ་སྐོམ་པ་ཆུ་འདོད་ཀྱི་རེ་བ་གང་མྱུར་འགྲུབ་པའི་ཡིད་སྨོན་ཤུགས་དྲག་ཞུ་རྒྱུ། རྗེས་བཞུགས་ཤ་ཁྲག་གཅིག་པའི་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་གྲྭ་ཚང་ནས་ཞལ་འདེབས་ཧིན་སྒོར་འབུམ་གསུམ་༣༠༠༠༠༠།༠༠ དང་དགེ་འདུན་དམངས་ནས་ཞལ་འདེབས་ཧིན་སྒོར་ཆིག་འབུམ་དྲུག་ཁྲི་དྲུག་སྟོང་གཅིག་བརྒྱ་ལྷ་བཅུ་ང་ལྔ་༡༦༦༡༥༥།༠༠ གོང་ཁག་གཉིས་བསྡོམས་སྒོར་བཞི་འབུམ་དྲུག་ཁྲི་དྲུག་སྟོང་གཅིག་བརྒྱ་ལྔ་བཅུ་ང་ལྔ་༤༦༦༡༥༥།༠༠ ཐམ་པ་ཕུལ་བ་འདིས་ཉམ་ཐག་མི་མང་ལ་ཐུགས་ཕན་ཕྲན་བུ་གསོ་བའི་རེ་བ་དང་བཅས།
རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་ནས་ཕྱི་ལོ་༢༠༡༠ ཟླ་༥ ཚེས་༡ ཉིན་ཕུལ།།