བོད་འབྱོར་འཕྲིན།
(གནས་ཚུལ་འདི་བོད་ནས་འབྱོར་བ་དང། ཡུལ་ཤུལ་གྱི་ས་ཡོམ་བྱུང་ཡུལ་གྱི་གྲོང་གསེབ་ཁག་ཏུ་རྒྱ་ནག་གཞུང་གིས་རོགས་སྐྱོར་མ་སླེབས་པའི་སྐོར་འཁོད་འདུག )
༢༠༡༠ ལོའི་ཟླ་བ་ ༤ ཚེས་ ༡༤ ཉིན་ཞོགས་པ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ཆོས་ཚན་གང་ནས་ཀྱང་ཟློག་ཏུ་མེད་པ་ས་ཡོམ་ཤུགས་ཆེ་བྱུང་རྐྱེན་མི་ནོར་འཁོར་ཡུག་དང་བཅས་པར་ཤི་གསོན་གྱི་རྒྱུན་མ་ཆད་པ་མྱ་ངན་གྱི་མུན་པ་འཐིབས་པའི་སྐབས་གོང་ས་ཆེན་པོའི་སེམས་གསོ་དང་
རང་རིགས་བླ་སྤྲུལ་སེར་སྐྱ་ཚང་མའི་ཐུགས་སྨོན་དང་མྱ་ངན་གདུང་སེམས་མཉམ་སྐྱེད་བྱས་པ་ལྷག་བསམ་ཟོལ་མེད་ཡིན་པ་བཀྲིན་ཆེ་ཞུ།
ཉིན་དེར་དཔལ་ལྡན་རྭ་ཉག་དགོན་གྱི་དགེ་འདུན་པ་ ༡༧ ༠ཙམ་གྱིས་ས་གཡོ་ཤུགས་ཆེར་རྒྱུག་ས་རོང་པོ་དང་དཀར་མདའ་སོགས་ལ་ཁག་བགོས་ཀྱི་ཉིན་མཚན་དབྱེར་མེད་ཀྱིས་ནང་མི་གྲངས་ ༢༠༠ ཙམ་སྲོག་སྐྱོབ་ཐུབ་པ་དང་རྨས་མ་བརྒྱ་ཕྲག་ཁ་ཤས་ལ་རོགས་སྐྱོར་དབོར་འདྲེན་དང་སྐུ་ཕུང་ ༩༦ ཙམ་ཞིག་མཁན་པོ་རྣམ་གཉིས་དབུ་བཞུགས་ཀྱི་སླ་ཆོས་སུ་མ་གནངས་བར་ཆོས་ཕྱོགས་ཀྱི་བྱེད་སྒོ་ཆ་ཚང་སྒྲུབ་ནས་འབྲི་ཆུ་ནང་དུར་གཏང་བྱས་བཞག། གནས་ཚུལ་དེ་འདྲ་གསན་མ་ཐག་འཛམ་གླིང་ཡུལ་གྲུ་ཀུན་ལ་གནས་པའི་རང་རིགས་བླ་སྤྲུལ་སེར་སྐྱ་ཀུན་གྱི་ལམ་སྟོན་ཆེན་པོ་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཁམས་མགྱོགས་ཡིད་བཞིན་ནོར་བུ་ཁོང་ཐེ་ཝན་ནས་ཕྲལ་མར་དམིགས་གསལ་སྨན་པ་ཁག་གཅིག་ཁྲིད་ནས་ཡུལ་ཤུལ་དུ་ཕེབས་པ་རེད།
དེ་ནས་ཁོང་གི་བསྔོ་སྨོན་དང་སེམས་གསོ་འཚམས་འདྲི་བཀའ་སློབ་བཅས་གནང་ཞོར་ཉམས་ཐག་མི་ཚང་རེར་རྒྱ་གོར་ ༣༠༠ དང་གུར་ ༡༠༠ གྲོ་འབྲས་རྒྱ་མ་ ༡༢༠༠༠ ཙམ་པ་རྒྱ་མ་ ༡༥༠༠༠ མར་རྒྱ་མ་ ༡༠༠༠ ཐུད་པ་དོ་བོ་ ༡༠༠༠ ཉལ་ཆས་ ༣༠༠༠ གྱོན་ཆས་གྲངས་ ༢༥༠༠ བཅས་བསྡོམས་རྒྱ་གོར་ཁྲི་ ༢༡༥ཙམ་གྱི་རོགས་སྐྱོར་གནང་འདུག་སླར་ཡང་སྨོན་ལམ་ཚོགས་ཆུང་གཙུགས་ནས་ཉིན་ལྟར་བསྔོ་སྨོན་ཚོགས་བཞིན་པ་རེད། ༢༠༠༦ ལོ་ཁོང་གི་དབུ་ཁྲིད་འོག་རོང་པོ་འཇོ་སྣ་རང་བྱུང་སྲུང་སྐྱོབ་ས་ཁུལ་ལ་ས་ཆ་ཨེ་ཀ་ ༡༠༠༠ ཙམ་གྱི་ཐོག་བགྲང་བྱ་བརྒྱད་བརྒྱ་ལྔ་བཅུ་ང་གཉིས་ཕྱིན་པའི་རྭ་ཉག་དགོན་རྒྱལ་ཡོངས་གཙུགས་ལག་སློབ་གཉེར་ཁང་གསར་གཞེངས་གནང་བར་ལོ་ལྔ་ཚན་གསུམ་གྱི་འཆར་གཞི་ནང་ད་བར་གཙུགས་ལག་ཁང་གཞི་བརྒྱ་ཆེ་བའི་ཐོག་རྩེགས་བདུན་དང་སློབ་གྲ་དཔེ་མཛོད་ལས་ཤག་སོགས་ལ་ཨ་གོར་ས་ཡ་བཅུ་ལྷག་གཏང་ནས་མ་འོངས་པ་གྲུབ་འཐའ་རིས་མེད་ཀྱི་སློབ་གཉེར་བ་༥༠༠༠ནས་ཆིག་ཁྲི་བར་འཚོ་གནས་ཐོབ་པའི་ཆོས་ཀྱི་གྲོང་ཁྱེར་རམ་བོད་ཀྱི་རིག་གནས་གྲོང་ཁྱེར་ཞིག་སྐྲུན་རྒྱུ་ལྷག་བསམ་དང་བློ་སྟོབས་གདེང་ཚད་བཅས་ཡོད་ཀྱང་ད་ཆ་ས་ཡོམ་ཤུགས་ཆེ་ཤོས་རྒྱུག་སར་འཁེལ་སྟབས་ཕན་མེད་གྱུར་པ་མ་འོངས་པའི་བོད་མི་རིགས་ཀྱི་རིག་གནས་བླ་སྲོག་ལ་གྱོང་གུད་ཚབས་ཆེན་ཐེབས་པ་རྒྱལ་ཕྱི་ནང་ཀུན་ནས་བློ་ཕམ་བྱེད་བཞིན་པ་རེད། དེ་འདྲ་གནས་སྟངས་ཛ་དྲག་གིས་སྐབས་ཏང་སྲིད་དམག་གསུམ་གྱི་དབུ་ཁྲིད་རྣམ་གཉིས་ཆེད་ཕེབས་ཐོག་ཁྱེད་ཚོའི་སྡུག་བསྔལ་ནི་ང་ཚོའི་སྡུག་བསྔལ་ཅེས་བསྒྲགས་ཐོག་གནམ་ས་གཉིས་ནས་ནད་པ་དབོར་འདྲེན་དང་བཟའ་བཅའ་སྐྱེལ་འདྲེན་སོགས་ཕན་ཐོག་ཆེན་པོ་བྱུང་་ཡོད་པ་གསར་ལམ་ཁག་ནས་གསལ་བ་བཞིན། འོན་ཀྱང་སྐྱེ་མདོ་ནས་གང་ལེན་ ༤༠ བརྒལ་བའི་ཞིང་འབྲོག་ས་ཁུལ་རྣམས་ལ་ད་དུང་ཡང་བལྟ་རྟོགས་རོགས་སྐྱོར་བྱེད་མ་ཐུབ་པ་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་པ་རེད། ཁུག་སྐྱོག་ལ་ཚགས་པར་དང་མིང་གྲགས་ཀྱི་རེ་བར་རྒྱག་ས་མེད་ཙང་མགོན་མེད་སྐྱབས་མེད་དུ་ལྷག་པ་རེད། སྲིད་བློན་ཝན་ཇ་པོ་མཆོག་རོང་པོར་འཚམ་འདྲི་ཕེབས་སྐབས་ཡུལ་ཤུལ་ཁུལ་ནས་གྱོང་གུད་ཚབས་ཆེ་ཕོག་གྲལ་རྭ་ཉག་དགོན་གཙུགས་ལག་སློབ་གཉེར་ཁང་ལམ་བར་དུ་འཁེལ་ཡོད་སྟབས་འཚམས་གཟིགས་མ་བྱུང་བ་འདི་སྡེ་དགོན་གཉིས་ནས་བློ་ཕམ་ཚད་མེད་བྱེད་བཞིན་པ་རེད། ས་གནས་ལས་བྱེད་པའི་འགན་འཁུར་ངོ་སྤྲོད་མ་ཐུབ་པར་ངོས་འཛིན་བྱེད་བཞིན་འདུག། སླད་ཕྱིན་ཡུལ་ཤུལ་འཛུགས་སྐྲུན་སྐབས་ས་ཁུག་ལུང་ཁུག་ལ་གནས་པའི་དགོན་པ་དང་ཞིང་འབྲོག་ཚང་མར་དངོས་ཐོག་བདེན་འཚོལ་དང་རྒྱལ་གཅེས་ཆོས་གཅེས་དམངས་གཅེས་ཀྱི་སྲིད་ཇུས་ལག་བསྟར་གནང་རྒྱུ་རེ་བ་བྱེད་བཞིན་ཡོད།
ངོམ་འཚར་ཟླ་བ་ནས་ཕུལ།