མི་མང་ལ་བཤུ་གཞོག་གི་ཆེད་རེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༨༡
ད་ལྟའི་ཆར་བོད་ནང་གི་ས་ཆ་མང་ཆེ་བར་ཞིང་འབྲོག་མི་མང་གི་འཚོ་གོས་ཡར་རྒྱས་དང་འབྲེལ་བའི་ཐོན་ཁུངས་གཙོ་ཆེ་ཤོས་དེ་དབྱར་རྩྭ་དགུན་འབུ་ཡིན་པ་དང། འདི་བརྐོ་བ་དང་བཙོང་བ་སོགས་ལ་རྒྱ་གཞུང་གིས་ཐབས་ལམ་འདྲ་མིན་བེད་སྤྱད་ནས་མི་མང་མགོ་སྐོར་གཏོང་ཐབས་དང་བཙན་དབང་གིས་བཤུ་གཞོག་འདྲ་མིན་གཏོང་བཞིན་ཡོད་པ་རེད།

ཉེ་བའི་ལོ་ཤས་གོང་བོད་ནང་གི་ཚོང་པ་གང་མང་ཞིག་གིས་དབྱར་རྩྭ་དགུན་འབུ་ལྷ་སར་ཡོད་པའི་རྒྱ་ནག་གཞུང་གི་འབྲེལ་ཡོད་ཁེ་ལས་ཤིག་ལ་བཙོང་བ་དང། རྗེས་སུ་རིན་མ་རག་པར་མ་ཟད་དོ་བདག་རྣམས་ཀྱིས་དབྱར་རྩྭ་དགུན་འབུའི་རིན་སྤྲོད་དགོས་པའི་འབོད་སྐུལ་གྱི་འདུ་འཛོམས་བྱས་པའང་ཁྲིམས་འགལ་དུ་བརྩིས་ནས་འཛིན་བཟུང་དོ་དམ་བྱས་ཡོད། མདོ་སྨད་ཀྱི་ས་ཆ་ཡོངས་རྫོགས་དང་ཁམས་ཀྱི་ས་ཆ་ཕལ་མོ་ཆེ་ཕུད་པའི་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུའི་ཁོངས་སུ་ལོ་སྔོན་མ་དབྱར་རྩྭ་དགུན་འབུ་ཁོ་ན་ལ་བརྟེན་ནས་བྱུང་བའི་ཡོང་འབབ་རྒྱ་གཞུང་གིས་སྤེལ་བའི་གནས་ཚུལ་ལྟར་ན། “དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱས་པའི་སྒོར་དུང་ཕྱུར་༢༠ ཙམ་ལ་སླེབས་”ཞེས་འཁོད་ཡོད། དེ་ད་ལྟའི་ཛ་ཐང་ལྟར་ཨ་སྒོར་ལ་བསྒྱུར་ན་དུང་ཕྱུར་༣ མ་ཟིན་ཙམ་ལ་སླེབས་ཡོད་པས། ཞིང་འབྲོག་མི་མང་གི་འཚོ་རྟེན་གལ་ཆེ་ཤོས་དེ་དབྱར་རྩ་དགུན་ལ་རག་ལས་ཡོད་པ་ཧ་ཅང་གསལ་པོར་གྱུར་ཡོད། དེར་བརྟེན་རྒྱ་གཞུང་གིས་ལོ་སྔོན་མའི་ཕྱི་ཟླ་༩ པའི་ནང། “དབྱར་རྩྭ་དགུན་འབུ་ཉོ་སྒྲུབ་བྱེད་མཁན་ཡིན་ཕྱིན་ཚང་མས་བཟོ་ཚོང་སྲིད་འཛིན་སྡེ་ཚན་གྱིས་དཔྱད་སྤྲོད་བྱས་པའི་དབྱར་རྩྭ་དགུན་འབུ་ཚོང་གཉེར་བྱེད་ཆོག་པའི་ལས་གཉེར་ལག་འཁྱེར་དང་།      གོ་ཆོད་ཐོབ་ཐང་ལག་འཁྱེར་ཁྱེར་ནས་རྫོང་རིམ་པའི་ཞིང་འབྲོག་སྲིད་འཛིན་དོ་དམ་སྡེ་ཚན་དུ་དབྱར་རྩྭ་དགུན་འབུ་ཉོ་སྒྲུབ་ཀྱི་ཆོག་འཐུས་ལག་ཁྱེར་གཉེར་བར་བསྐྱོད་དགོས།     དབྱར་རྩྭ་དགུན་འབུ་ཉོ་སྒྲུབ་ཀྱི་ཆོག་འཐུས་ལག་ཁྱེར་མ་ཐོབ་པར་དབྱར་རྩྭ་དགུན་འབུ་ཉོ་སྒྲུབ་བྱས་པར་ཞིང་འབྲོག་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་དབྱར་རྩྭ་དགུན་འབུ་ཁྲིམས་འགལ་ངང་ཐོབ་པའི་དངུལ་གཞུང་བཞེས་གཏོང་བའི་རྨང་གཞིའི་ཐོག་ཁྲིམས་འགལ་ངང་ཐོབ་པའི་དངུལ་གྱི་ལྡབ་༣ ཡན་ནས་ལྡབ་༡༠ མན་གྱི་དངུལ་ཆད་གཅོད་ཆོག”ཅེས་གཏན་འབེབས་བྱས་ཡོད་འདུག འདི་ལ་བརྟེན་ནས་ཤེས་རྟོགས་ཐུབ་པ་གཅིག་ནི་བོད་པ་ཞིག་ཡིན་ཕྱིན་ཆད་ནས་དབྱར་རྩྭ་དགུན་འབུ་ཉོ་ཆོག་པའི་ལག་འཁྱེར་དེ་རྒྱ་གཞུང་གི་སྟངས་འཛིན་འོག་ནས་རག་དཀའ་བ་དང། རྒྱ་རིགས་ཚོང་པ་རྣམས་ལ་མཚོན་ན་ཞིང་འབྲོག་སྲིད་འཛིན་དོ་དམ་སྡེ་ཚན་ནས་ལག་འཁྱེར་དེ་རག་ཆོག་ཆོག་ཡིན་པ་ནི་སྨྲོས་མི་དགོས་པ་རེད། གནད་དོན་འདི་ལ་བརྟེན་ནས་རྒྱ་རིགས་ཚོང་པ་དང་གཞུང་གི་གནད་ཡོད་མི་སྣ་རྣམས་ཁ་མཐུན་ནས་དབྱར་རྩྭ་དགུན་འབུའི་གོང་ཚད་དང་ཁྲོམ་རའི་གནས་སྟངས་གང་འདོད་ཀྱིས་ཁ་ལོ་སྒྱུར་ཐུབ་པ་དང། བོད་པ་རེ་ཟུང་གིས་ལག་འཁྱེར་དེ་རག་པའི་དབང་དུ་བཏང་ཡང་མང་ཉུང་གི་ཁྱད་པར་ལ་བརྟེན་ནས་གླགས་མི་འཁེལ་བ་ནི་ས་རིས་ཐང་གསལ་དུ་གྱུར་ཡོད།

རྒྱ་དམར་གཞུང་གིས་དཔོན་རིགས་རེ་ཟུང་གི་གང་འདོད་ལ་གཞི་འཛིན་པ་ལས་མི་མང་གི་བསམ་ཚུལ་དང་དངོས་ཡོད་གནས་ཚུལ་གཞི་ལ་བཞག་ནས་ཐག་གཅོད་བྱེད་རྒྱུའི་འགྲོ་ལུགས་ཤིག་མེད་པ་དང། དཔེར་ན་ལོ་སྟོང་ཕྲག་མང་པོར་འབྲོག་པའི་འཚོ་བར་གོམས་པ་རྣམས་ཀྱང་བཙན་ཤེད་ཀྱིས་གྲོང་དུ་སྤོར་བཅུག་པ་ལྟ་བུ་སོགས་བོད་རིགས་མི་མང་གི་ཉིན་རེའི་འཚོ་བའི་ནང་དུ་དམ་དྲག་དང་སྟངས་འཛིན་ཚབས་ཆེན་བྱེད་བཞིན་ཡོད་ཀྱང། གནད་དོན་འདི་ལྟ་བུ་ནི་མི་རིགས་དབྱེ་འབྱེད་དང་གཉའ་གནོན་བཤུ་གཞོག་ལ་གོམས་པའི་རྒྱ་ནག་གཞུང་ལ་ཞུ་གཏུག་བྱས་ནས་བདེན་པ་བརྡར་ས་མེད་པ་ནི་ཧ་ཅང་གསལ་པོ་རེད། ད་ལྟའི་ཆར་བོད་ས་ཡོངས་རྫོགས་རྒྱ་གཞུང་གིས་བདག་འཛིན་འོག་ཏུ་ཡོད་པ་དང། བོད་མི་རིགས་ཀྱང་རྒྱ་གཞུང་གི་བཙན་གནོན་འོག་ཏུ་གནས་དགོས་བྱུང་ཡོད། འདི་ལྟར་མུ་མཐུད་ནས་འགྲོ་དགོས་ན་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་དུ་རྒྱ་གཞུང་གི་མནར་གཅོད་དང་བཤུ་གཞོག་ཁོ་ནའི་འོག་ནས་ཐར་དཀའ་བ་ལྟ་བུར་གྱུར་ཡོད་པ་དང། བོད་རྒྱ་མི་རིགས་གཉིས་ཁྱིམ་ཚང་གཅིག་གི་ནང་དུ་གནས་ན་གཡོག་པོ་དང་བདག་པོའི་ཚུལ་དུ་གནས་རྒྱུ་ལས། འདྲ་མཉམ་དང་གཅིག་མཚུངས་ཀྱི་ཐོག་ནས་གནས་ཐབས་མེད་པ་ཕྱོགས་གང་ནས་བལྟས་ནས་ཀྱང་གསལ་པོ་རེད། བཙན་བྱོལ་ནང་དུ་རྒྱ་ནག་གཞུང་ལ་དག་སྣང་སྦྱང་མཁན་གྱི་དཔོན་རིགས་རེ་ཟུང་ཞིག་ཡོད་པ་དག་ལ་མཚོན་ན་གསང་བ་སྔགས་ཀྱི་ཉམས་ལེན་གྱི་ཐོག་ནས་འགྲིག་ཡོད་སྲིད་ཀྱང། དངོས་ཡོད་སྤྱི་ཚོགས་ཀྱི་གནས་སྟངས་དང་བསྟུན་ནས་བཤད་ན་གོ་སྐབས་ཅུང་ཙམ་ལས་མེད་ཀྱང་རེ་བ་བརྒྱབ་ནས་བོད་ལ་རང་དབང་གཙང་མ་ཞིག་ཡོང་འཐབ་ལ་འབད་ན་ནམ་ཞིག་འབྲས་བུ་འཐོབ་མི་སྲིད་པ་མིན་པས། རྒྱ་གཞུང་གི་དཔོན་རིགས་རྣམས་ལ་བྱང་ཆུབ་ཀྱི་སེམས་སྐྱེ་རྒྱུར་རེ་སྒུག་བྱས་ནས་མགོ་སྒུར་ཕྱག་འཚལ་བྱེད་པའི་སྲིད་བྱུས་འདི་དུས་ནམ་ཡང་རྣོ་ངར་དང་ལྡན་པ་ཞིག་ཏུ་འགྱུར་མི་སྲིད་པ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།