དོན་ཚན་བཅུ་བདུན་ལས་ཚད་དམའ་བའི་མི་རིགས་ས་གནས་རང་སྐྱོང།

བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་ཕལ་ཆེར་ལོ་རྟག་པར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པའི་ཉིན་མོ་ཕྱི་ཟླ་༥ ཚེས་༢༣ ཉིན་ངོ་རྒོལ་གྱི་རྣམ་འགྱུར་དང། ནམ་ཡང་ངོས་ལེན་མེད་པའི་གསལ་བསྒྲགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་སྤེལ་བཞིན་ཡོད། ལོ་འདིར་ཡང་ཚོགས་པ་ཁག་ཅིག་གིས་ངོས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའང་བྱུང་སོང།

༧གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་བརྒྱུད་རྒྱ་ནག་གཞུང་ལ་ཕུལ་བ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་མོས་མཐུན་ཡོད་གསུང་མཁན་གྱི་ཚོགས་པ་ཞིག་ལ་མཚོན་ན། གྲོས་མཐུན་དོན་ཚན་བཅུ་བདུན་ལ་མོས་མཐུན་མེད་པའི་གསལ་བསྒྲགས་དང། ལས་འགུལ་སྤེལ་དགོས་དོན་གཏན་ནས་མེད་པར། མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་སྐོར་གྱི་བསམ་འཆར་དེ་དང་དོན་ཚན་བཅུ་བདུན་གཉིས་བསྡུར་བ་ཡིན་ན། ད་ལྟའི་བསམ་འཆར་ཡིག་ཆ་དེ་ཧ་ཅང་གི་ཚད་དམའ་བ་ཡོད་པ་ཤེས་རྟོགས་ཐུབ། ཚད་དམའ་བ་བདམ་ནས་ཚད་མཐོ་བ་དེ་ལ་ངོ་རྒོལ་བྱེད་དགོས་དོན་ག་རེ་ཡིན་ནམ་བསམ་པའི་དོགས་པ་འདུག མི་རིགས་ས་གནས་རང་སྐྱོང་དང༌། དོན་ཚན་བཅུ་བདུན་གྱི་བར་ཐག་རིང་ཐུང་དང༌། འདྲ་བའི་ཆ་དང་མི་འདྲ་བའི་ཆ་གང་ཡོད་པ་དེ་ངེས་པར་དུ་ཤེས་དགོས་པ་ཞིག་ཏུ་གྱུར་ཡོད།

དོན་ཚན་བཅུ་བདུན་གྱི་ངོ་གདོང་ནས་སྐབས་དེ་དུས་བོད་དེ་རྒྱ་ནག་གི་མངའ་ཁོངས་མ་ཡིན་པར་ལོགས་སུ་ཡོད་པ་དང༌། བཙན་འཛུལ་ལས་སླ་ཆེད་བཞག་པ་ཞིག་ཡིན་པ་ཧ་ཅང་གསལ། ལྷག་པར་དུ་དོན་ཚན་དང་པོ་དང་གཉིས་པ། བརྒྱད་པ། བཅུ་གཉིས་པ། བཅུ་གསུམ་པ། བཅོ་ལྔ་པ་དང༌། བཅུ་དྲུག་པ་བཅས་དོན་ཚན་བདུན་དེ་རྒྱ་ནག་གི་ཐད་ཀར་བོད་ལ་བཙན་འཛུལ་བྱེད་སླ་ཆེད་འཕྲལ་སེལ་གྱི་ལས་དོན་འབའ་ཞིག་ཏུ་དམིགས་པ་ཡིན་ལ། རྒྱ་གཞུང་གིས་དེའི་ནང་དོན་བརྩི་སྲུང་མ་བྱས་པས། བོད་གཞུང་གིས་ཀྱང་བཙན་བྱོལ་དུ་འབྱོར་མ་ཐག་ངོས་ལེན་མེད་པའི་གསལ་བསྒྲགས་གནང་ཡོད་པ་རེད། འོན་ཀྱང་དོན་ཚན་གསུམ་པ་”ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ཐུན་མོང་རྩ་འཛིན་གྱི་མི་རིགས་སྲིད་ཇུས་གཞིར་བཟུང་སྟེ་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་གཅིག་སྒྲིལ་གྱི་འགོ་ཁྲིད་འོག བོད་མི་དམངས་ལ་མི་རིགས་ཀྱི་ས་གནས་རང་སྐྱོང་ལག་ལེན་བྱེད་རྒྱུའི་དབང་ཆ་ཡོད”ཅེས་པ་དེ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དུ་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཞེས་པ་དེ་གཉིས་ལ་ཁྱད་པར་གང་ཡང་མེད་པ་ཞིག་ཏུ་མཐོང༌། བོད་རྒྱ་གཉིས་ངོས་ནས་སྐབས་དེར་དམིགས་ཡུལ་ག་འདྲ་ཞིག་བཟུང་ཡོད་མེད་གང་ལྟར་ཡང༌། གོང་གསལ་དོན་ཚན་གསུམ་པའི་ནང་”བོད་མི་དམངས་”ཞེས་པ་ལས། ས་མཚམས་དང་ཁྱབ་ཁོངས་ཀྱི་སྐད་ཆ་མེད་སྟབས་བོད་རིགས་ཡོངས་ལ་ཁྱབ་མི་ཐུབ་པའི་རྒྱུ་མཚན་དོན་ཚན་བཅུ་བདུན་གྱི་ཚིག་དོན་གང་ཐད་ནས་སྤུ་རྩེ་ཙམ་ཡང་བརྗོད་རྒྱུ་མེད། དོན་ཚན་བཞི་པ། ལྔ་པ། དྲུག་པ་རྣམས་ྋགོང་ས་མཆོག་དང་༧པཎ་ཆེན་རིན་པོ་ཆེ་རྣམ་གཉིས་བཅས་མཐོ་རིམ་དཔོན་རིགས་ཁག་གི་སྐུ་དབང་ལ་འགྱུར་བ་གང་ཡང་མེད་པའི་སྐོར་ཡིན། གོང་དུ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཡོད་བཞིན་པ་ཞིག་ཡིན་པས་བོད་མི་རིགས་ཀྱིས་རང་ཉིད་ཀྱི་འགོ་ཁྲིད་རང་ཉིད་ཀྱིས་བསྐོ་ཆོག་པ་དང། དོན་ཚན་བདུན་པ་དང༌། དགུ་པ། བཅུ་པ། བཅུ་གཅིག་པ་བཅས་ནི་ཆོས་དད་རང་མོས་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་སྲུང༌། སྐད་ཡིག་དང་རིག་གཞུང་འཚོ་བ་བཅས་ཡར་རྒྱས་གཏོང་རྒྱུ་དང༌། བོད་ཀྱི་ལམ་ལུགས་བསྒྱུར་བཅོས་གཏོང་དགོས་རིགས་བོད་རང་དང་དེ་ཡང་མང་ཚོགས་ཀྱི་འདོད་མོས་བཞིན་བྱེད་རྒྱུ་བཅས་ཡིན། བཅུ་བཞི་པ་ཕྱི་འབྲེལ་ལས་དོན་དབུས་གཞུང་གིས་བྱེད་རྒྱུ་དེ་གཅིག་མཚུངས་ཡིན་ཞིང༌། དེང་སྐབས་བརྗོད་བཞིན་པའི་དབུ་མའི་ལམ་གྱི་སྙིང་དོན་མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་དོན་ཚན་བཅུ་བདུན་གཉིས་གཅིག་མཚུངས་ཡིན་པ་མ་ཟད། ༧གོང་ས་མཆོག་སོགས་བོད་པ་རང་གིས་རང་མི་རིགས་ཀྱི་དབུ་འཁྲིད་གནང་རྒྱུའི་དབང་ཆ་ཡོད་པ་སོགས་དོན་ཚན་བཅུ་བདུན་ལས་ཀྱང་ད་ལྟའི་བསམ་འཆར་འདི་ཚད་དམའ་བར་གྱུར་ཡོད། གཞི་འཛིན་ས་གཙོ་བོ་བོད་རིགས་ཡོངས་ལ་ཞེས་པ་དེ་ཡིན་ཡང། ལོ་ཁ་ཤས་ཀྱི་སྔོན་ལ་འདོར་ཐབས་མེད་པ་གཉིས་ཡོད་པ་དེ་མང་གཙོ་དང། བོད་རིགས་ཡོངས་རྫོགས་ཞེས་པ་དེ་རེད། ད་ལྟའི་ཆར་མང་གཙོ་ཡོངས་སུ་དོར་ཟིན་པས་གཞན་དེ་ཡང་ཇི་ལྟར་གནང་ཡོང་བསམ་པ་ལྟ་བུར་མཐོང། མདོར་ན་དོན་ཚན་བཅུ་བདུན་ལ་ངོས་ལེན་མེད་ན་མི་རིགས་ས་གནས་རང་སྐྱོང་ལ་རྒྱབ་སྐྱོར་འོས་པའི་རྒྱུ་མཚན་ལྕེ་བརྒྱར་སྤྲུལ་ནས་སྨྲས་ཀྱང་ཁས་ལེན་བྱེད་དཀའ་བ་ཞིག་ཏུ་གྱུར་འདུག།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།