བོད་མི་མང་གི་ལས་འགན་དང་བཀའ་བློན་ཁྲི་པ།
༄༅། །བོད་མི་རིགས་རིག་གཞུང་དང་བཅས་པ་ཆགས་འཇིགས་ཛ་དྲག་གི་ལོ་ཟླ་རིང་མོའི་སྐབས་འདིར་བོད་མི་ཡོད་དོ་ཅོག་ནས་འགན་མཉམ་ཁྱེར་གྱི་རང་ཁྲི་ལས་ཀྱི་བྱ་བ་དཔེར་ན་སློབ་མས་སློབ་སྦྱོང་དང༌། ཞིང་པས་ཞིང་ལས། འབྲོག་པས་འབྲོག་ལས།
བཟོ་པས་བཟོ་ལས་སོགས་ལ་སེམས་ཤུགས་བསྐྱེད་དེ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དགོས་འཁོའི་ཆ་ཅན་ཡོངས་རྫོགས་བསྐྲུན་རྒྱུའི་ཆོད་སེམས་འགྱུར་བ་མེད་པའི་སྒོ་ནས་རང་རང་གི་བྱ་བ་ལ་སྤྲོ་བཞིན་འཇུག་དགོས་པ་ནི་རང་རྒྱལ་དེང་རབས་ཅན་ཏུ་བསྒྱུར་བའི་སྔོན་འགྲོ་ལྟ་བུ་རེད། དེ་མིན་རང་མགོ་གང་ཐོན་གྱིས་འགྲོ་ས་བྱུང་ན་འགྲོ་རྐྱང་དང་ཉལ་ས་འདུག་ན་རག་ཉལ་རྐྱང་བྱེད་པ་ཡིན་ན་བོད་རང་བཙན་ཕར་ཞོག ཉིན་གཅིག་བོད་ཅེས་པའི་མིང་ཙམ་ཡང་ལྷག་མེད་དུ་འགྱུར་རྒྱུ་ཡིན་པ་སྨྲོས་མེད་རེད། ད་བར་བོད་ཅེས་པའི་མིང་ཞིག་འཛམ་གླིང་འདིའི་སྟེང་དུ་མཐོང་ཐོས་སུ་ཡོད་པ་འདི་དང༌། ཚོགས་སྐྱིད་ཁག་དང༌། དགོན་སྡེ་གྲྭ་ཚང་ཁག ཐ་ན་ཁྱིམ་གཞི་ཚུན་ཆད་ཁ་རུག་རུག་དང་ཁ་སྤུ་གཤིགས་བཤིགས་ཀྱིས་མི་ལོ་ལྔ་བཅུ་ཙམ་གྱི་རིང་རང་དབང་ངང་སྡོད་རྒྱུ་བྱུང་བ་འདི་ྋགོང་ས་སྐྱབས་མགོན་ྋརྒྱལ་བ་རིན་པོ་ཆེ་ཁོང་མི་གཅིག་གི་མཛད་འཕྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་མ་གཏོགས་གཞན་སུ་གང་གིས་འཇོན་པོ་དང་རྒོད་པོ་བྱས་ནས་བྱུང་བ་ཞིག་མིན་པ་ཤེས་གསལ་ལྟར་རེད། མ་འོངས་པར་ཡང་བོད་ཅེས་པའི་མིང་དེ་འཚོར་གནས་དགོས་ཀྱི་ཡོད་ན་བླ་ན་མེད་པའི་དབུ་ཁྲིད་སྐྱབས་འགོན་ྋརྒྱལ་བ་རིན་པོ་ཆེ་ཁོང་གི་བླ་ན་མེད་པའི་བཀའ་སློབ་ལམ་སྟོན་དང་དགོངས་གཞི་དགོངས་པ་གང་ཡོད་ཆད་ལྷག་མེད་པ་གཅིག་ནས་གཉིས་བར་ཆ་ཚང་ཡིད་གཉིས་མེད་པ་ལག་བསྟར་བྱེད་ཐུབ་ན་ད་བཟོད་མགོ་ནག་བོད་ལ་སྐྱིད་པའི་ཉི་མ་ཞིག་འཆར་རྒྱུ་ཡིན་པ་སོམ་ཉི་མི་དགོས་པ་རེད། དེ་བཞིན་མགོ་ནག་བོད་ལ་སྐྱིད་པ་ཞིག་འདོད་ན་མ་འོངས་བོད་ཀྱི་བཀའ་བློན་ཁྲི་བ་དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཀའ་སློབ་རྣམས་མ་ནོར་མ་འཁྲུལ་བར་ཤེས་རྟོགས་ཐུབ་པའི་སྒོ་ནས་བསམ་ཕོད་པ། བཤད་ཕོད་པ། བྱེད་ཕོད་པའི་སྙིང་སྟོབས་ཅན་གྱི་གང་ཟག་ད་ལྟའི་བཀའ་ཁྲི་བ་ཟམ་གདོང་རིན་པོ་ཆེ་ཁོང་ལྟ་བུ་ཞིག་འདམས་དགོས་པ་ནི་སྐྱབས་བཅོལ་བོད་མི་རྣམས་ལ་ཁུར་དུ་བབས་པའི་ལས་འགན་གཅིག་པུ་དེ་རེད། དེ་ལྟ་བུའི་མཁས་དབང་རང་དོན་བློས་གཏོང་ཐུབ་མཁན་གྱི་གང་ཟག་ཁྱད་པར་ཅན་ཞིག་སྤྱི་ཚོགས་ཆུང་ངུ་འདིའི་ནང་ཤིན་ཏུ་དཀོན་པ་ལྟ་བུ་སྣང་ཡང་དེ་དང་ཆ་འདྲ་བ་༧གོང་ས་མཆོག་དང་བོད་མི་རིགས་ལ་བློ་སྙིང་བྲང་གསུམ་བསྟན་ནས་ཡིད་གཉིས་ཐེ་ཚོམ་མེད་པའི་སྒོ་ནས་བསམ་ཕོད་པ། བཤད་ཕོད་པ། བྱེད་ཕོད་པའི་དྲང་བདེན་ལྷག་བསམ་ཅན། ད་ལྟའི་འཛིན་སྐྱོང་བཀའ་ཤག་གི་ལས་དོན་གལ་ཆེ་བ་དབུ་མའི་ལམ་གྱི་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་དང༌། ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་རྒྱུ། སྐུ་འཚབས་འབྲེལ་མཐུད་གཏོང་རྒྱུ། གཞི་ཆགས་སྲ་བརྟན་གྱི་ལས་གཞི་སོགས་གལ་ཆེ་རྣམས་མཇུག་སྐྱོང་ཐུབ་པའི་ཤེས་མྱོང་ལྡན་པའི་གང་ཟག་མི་ཉུང་བ་ཤིག་ཡོད་པ་ནི།
༡ ཤེས་རིགས་བཀའ་བློན་ཐུབ་བསྟན་ལུངས་རིགས་ལགས། ༢ དཔལ་འབྱོར་བཀའ་ཟུར་བློ་བཟང་སྙན་གྲགས་ལགས།
༣ བཀའ་ཟུར་བཀྲིས་དབང་འདུས་ལགས་གསུམ་རེད། ཁོང་རྣམ་པ་གསུམ་ལས་གང་བྱུང་ཡང་༧གོང་ས་མཆོག་གི་ལམ་སྟོན་བཀའ་སློབ་སྤྱི་དང་ཁྱད་པར་དབུ་མའི་ལམ་ལ་གཡོ་བ་མེད་པའི་ཐོག་ནས་རྒྱབ་སྐྱོར་བྱེད་རྒྱུའི་ཆོད་སེམས་དང་ཉམས་མྱོང་ཡོད་པ་མ་ཟད་ད་ལྟའི་བཀའ་བློན་ཁྲི་བ་དང་མཉམ་དུ་ལོ་མང་རིང་མཉམ་ལས་བྱས་པའི་ཉམས་མྱོང་དམིགས་བསལ་ཞིག་ཡོད་པ་ཀུན་གྱིས་མཁྱེན་གསལ་དང། མ་ཟད་ཁོང་རྣམས་ནི་ཤེས་ཡོན་སྣ་འཛོམས་ཐོག་ངོ་ལྐོག་རྒྱབ་མདུན་མེད་པའི་དྲང་ཚུགས་ལྡན་པ། ལྷག་བསམ་གྱིས་རབ་ཏུ་ཕྱུག་པ་ཞིག་ཡིན་པས་ཁོང་རྣམས་ལས་ལྷག་པའི་བཀའ་བློན་ཁྲི་པ་ཞིག་ཆོལ་གསུམ་གང་དུ་བཙལ་ཡང་རྙེད་མི་སྲིད་ཅེས་རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི་བོད་རིགས་མི་མང་ཡོངས་ལ་ཞུ་བ་འདོད།།
གཅེས་པའི་ལུས་སྲོག་རང་རྒྱལ་དོན་དུ་ཕུལ། །དཔའ་བོ་དཔའ་མོའི་བྱས་རྗེས་བོད་ལ་བཞག།། བྱེས་འབྱོར་བོད་མི་རང་དོན་རྩོད་ལ་མཁས། །སྒེར་གྱི་དོན་དུ་དཔའ་དང་དཔུང་པ་བསྒྲིགས།།
བླ་མའི་བཀའ་དང་ཁས་བླངས་དམ་བཅའ་འགལ།། བྱེས་འབྱོར་བོད་མི་ཞབས་འདྲེན་མི་ཡུལ་བཞག།། ལུས་སྲོག་རྒྱལ་དོན་འབུལ་བའི་དཔའ་བོ་དང༌།། སྤྱི་སྐལ་སྒེར་སྤྱོད་བྱེད་པའི་ཟ་འདྲེ་གཉིས།། བོད་རིགས་ཡིན་པ་མིག་ལ་མཚུངས་ནའང༌།། དོན་ལ་མི་མཚུངས་རྟ་དང་བོང་བུ་བཞིན།།
ཆོས་སྒོར་ཞུགས་ཀྱང་ཆོས་ཀྱི་ཉམས་ལེན་བྲལ།། འཇིག་རྟེན་ཁྱིམ་ཐབས་འཛིན་པའི་སྙིང་སྟོབས་མེད།། ཆོས་དང་འཇིག་རྟེན་གཉིས་མེད་བདག་སོགས་འགའ།། མི་རུ་སྐྱེས་ཀྱང་མི་གོ་མ་ཆོད་འདུག།
གཞུང་ཆེན་སློབ་པའི་གཞུང་ལུགས་རབ་འབྱམས་པ།། དེང་རབས་ཤེས་ཡོན་སློབ་པའི་དེང་རབས་པ།། སྦྱོང་གཞི་མི་མཚུངས་ཆོས་དང་འཇིག་རྟེན་རེད། །སྒོར་མོའི་དོན་དུ་ཡིན་པ་མཚུངས་སོ་ཞེས།། འཕགས་པའི་ཡུལ་དུ་རླུང་ལྟར་ཡོངས་སུ་གྲགས། །ཤེས་རབ་ཡོད་ན་གང་བདེན་དཔྱོད་པས་ཤེས།། འཛམ་གླིང་ཞི་བདེ་རྒྱས་གྱུར་ཅིག །
ཌལ་ཧོར་གནས་སྡོད་འབྲས་ཏྲེ་དར་གྲྭ་བྱམས་ཆེན་ནས་བྲིས།།