མཉམ་འབྲེལ་དྲ་བའི་སྐོར་གྱི་ཡིག་ཆ་ནག་པོ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༨༤
ཕྱི་ཟླ་༦ ཚེས་༨ ཉིན་རྒྱ་ནག་དམར་གཞུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་ཟེར་བས་“ཀྲུང་གོའི་མཉམ་འབྲེལ་དྲ་བའི་གནས་ཚུལ་”རྒྱབ་ཤ་དཀར་པོ་ཟེར་བའི་དཔེ་དེབ་ནག་པོ་ཞིག་འགྲེམས་སྤེལ་བྱས་ཡོད་པ་དང། དེབ་དེ་ལ་འགོ་བརྗོད་དང་། མཉམ་འབྲེལ་དྲ་བའི་འཕེལ་རྒྱས་དང་ཁྱབ་གདལ་ལ་སྐུལ་འདེད། མཉམ་འབྲེལ་དྲ་བ་རྒྱ་ཁྱབ་ངང་བེད་སྤྱོད་གཏོང་བར་སྐུལ་འདེད། སྤྱི་དམངས་ཀྱི་མཉམ་འབྲེལ་དྲ་བའི་སྨྲ་བརྗོད་རང་དབང་ལ་འགན་སྲུང་། མཉམ་འབྲེལ་དྲ་བ་དོ་དམ་བྱེད་པའི་རྩ་དོན་དང་ལག་ལེན།
དྲ་བའི་བདེ་འཇགས་སྲུང་སྐྱོབ། རྒྱལ་སྤྱིའི་བར་བརྗེ་རེས་དང་མཉམ་ལས་ཧུར་ཐག་བྱས་ཚུལ། མཇུག་བསྡུ་བའི་གཏམ་བཅས་ཚུད་ཡོད་པ་དང། ནང་དོན་ནག་པོ་ཅན་གྱི་དེབ་དེར་ཡིག་འབྲུ་༡༣༠༠༠ ཙམ་ཡོད་པ་རེད། སྤྱིར་འཛམ་བུ་གླིང་གི་རྒྱལ་ཁབ་སུ་དང་སུ་ཡིན་ནའང་དངོས་ཡོད་གནས་ཚུལ་དང་དྲང་བདེན་གྱིས་གསལ་བཤད་བྱས་པ་ཚད་འཛིན་འོས་པའི་དཔེ་དེབ་རིགས་ལ་དཔེ་དེབ་དཀར་པོའམ། རྒྱབ་ཤ་དཀར་པོ། ཡང་ན་ཤོག་བུ་དཀར་པོ་ཞེས་བརྗོད་དོན་གྱི་ཆ་ནས་ནག་ནོག་གི་དྲི་མ་མེད་པར་དཀར་རྐྱང་ཞིག་ཡིན་པ་མཚོན་བྱེད་དུ་མིང་དེ་ལྟར་བཏགས་སྲོལ་ཡོད་པ་རེད། རྒྱ་ནག་གཞུང་གིས་ཀྱང་དེ་དག་ལ་དཔེ་བལྟས་ནས་དུས་རྒྱུན་ཕྱི་ཕྱོགས་ནས་སྐྱོན་བརྗོད་དང། ནང་ཁུལ་ནས་ངོ་རྒོལ་ཤུགས་ཆེ་ཡོད་པའི་གནད་དོན་རིགས་སྦས་གསང་བྱེད་ཐབས་སུ་སྐྱག་རྫུན་ཁོ་ན་བསྒྲིགས་པའི་མིང་རྒྱབ་ཤ་དཀར་པོ་ཞེས་པའི་དཔེ་དེབ་འདྲ་མིན་གཅིག་རྗེས་གཉིས་མཐུད་ཀྱིས་འགྲེམས་སྤེལ་བྱེད་བཞིན་ཡོད་པ་བཞིན། ད་ལྟའི་ཆར་ཡང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་ཟེར་བས་ཆ་འཕྲིན་དྲ་གནས་དང་འབྲེལ་བའི་ཡིག་ཆ་ནག་པོ་ཞིག་འགྲེམས་སྤེལ་བྱེད་དགོས་བྱུང་བ་རེད། དེ་ཡང་རྒྱ་ནག་གཞུང་གིས་ལོ་ཁ་ཤས་སྔོན་ནས་དྲ་རྒྱ་དང་འབྲེལ་བའི་རིགས་ལ་བཀག་སྡོམ་ཧ་ཅང་ནན་པོ་བྱས་པ་དང། དྲ་བའི་ཉེན་རྟོག་པ་ཧ་ཅང་མང་པོ་ས་གནས་གང་སར་བཀྲམ་ནས་འཛམ་གླིང་གི་གལ་ཆེ་བའི་གནས་ཚུལ་མང་པོ་ཞིག་རྒྱ་ནག་ནང་དུ་ལྟ་ཀློག་མི་ཐུབ་པ་བཟོས་ཡོད་པ་མ་ཟད། བོད་ནང་དང་རྒྱ་ནག་གི་ས་ཁུལ་ཁག་ནས་ཀྱང་དྲ་རྒྱ་ཧ་ཅང་མང་པོ་སྒོ་བརྒྱབ་པ་དང། དྲ་བདག་བཙོན་དུ་བཅུག་པ། འཕྲུལ་ལས་ལག་རྩལ་གྱི་ཐོག་ནས་མི་སྒེར་གྱི་གསང་བ་རྐུ་འཁྱེར་བྱས་པ་སོགས་རྒྱལ་སྤྱིའི་ཁྲོད་དྲ་རྒྱ་དང་འབྲེལ་བའི་རིགས་ཀྱི་རང་དབང་འཕྲོགས་མཁན་གྱི་རྒྱལ་ཁབ་སྡུག་ཤོས་ཤིག་ཏུ་གྱུར་ཡོད་པ་དང། ཉེ་བའི་ཆར་རྒྱ་ནག་དང་གྷོའུ་གྷལ་དྲ་གནས་བར་རྩོད་གླེང་བྱུང་ནས་འབྲེལ་བ་ཆད་པ་སོགས་ཀྱིས་རྒྱལ་སྤྱིའི་ཐོག་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་པོ་ཡོང་བཞིན་ཡོད་པ་རེད།
དངོས་ཡོད་གནས་ཚུལ་འཛམ་བུ་གླིང་པས་ཤེས་བཞིན་དུ་རྒྱ་གཞུང་གིས་ཡིག་ཆ་དཀར་པོ་ཟེར་བ་མུ་མཐུད་ནས་སྟོང་ཕྲག་མང་པོ་འགྲེམས་སྤེལ་བྱས་ཀྱང། དོན་དངོས་ལ་འགྱུར་བ་གཏོང་ཐུབ་ཐབས་མེད་པར་སྔར་རྒྱུན་བཞིན་རྒྱ་ནག་གི་དྲ་རྒྱ་དང་འབྲེལ་བའི་ཐོག་ནས་མི་མང་གི་གནས་ཚུལ་ཤེས་རྟོགས་བྱེད་རྒྱུའི་ཁེ་དབང་འཕྲོགས་པ་དེའི་སྡིག་ཉེས་དག་ཐབས་རྩ་བ་ནས་མེད། ནམ་ཞིག་རྒྱ་ནག་གཞུང་གིས་སྲིད་བྱུས་དང་ལས་འཆར་དེ་འགྱུར་བ་བཏང་ནས་རྒྱ་ནག་གི་སྤྱི་དམངས་ལ་རང་དབང་གི་ཐོག་ནས་དྲ་རྒྱ་བརྒྱུད་གནས་ཚུལ་ཤེས་རྟོགས་བྱེད་ཐུབ་པ་བཟོས་ན། སྐབས་དེ་དུས་རྒྱལ་སྤྱིའི་ཐོག་ནས་རྒྱ་གཞུང་ལ་ལྟ་སྟངས་འགྱུར་བ་ངེས་པར་དུ་འགྲོ་ཐུབ་ཀྱི་རེད། དོན་དངོས་ཐོག་རྒྱ་ནག་གཞུང་གི་སྤོབས་པ་དང་ང་རྒྱལ་ཆེ་མདོག་ཁ་པོའི་ཐོག་ནས་རྒྱལ་ཁབ་ལ་ཞི་བདེ་བརྟན་ལྷིང་ཡོད་ཚུལ་དང་འཛམ་བུའི་གླིང་གི་མདུན་ཕྱོགས་སུ་བསྐྱོད་བཞིན་ཡོད་ཚུལ་བརྗོད་བཞིན་ཡོད་ཀྱང། དོན་དངོས་སྤྱི་དམངས་རྣམས་ཀྱིས་དྲ་རྒྱ་བརྒྱུད་ཕྱི་ཕྱོགས་ཀྱི་གནས་ཚུལ་ཤེས་རྟོགས་གང་མང་བྱས་པ་ཙམ་གྱིས་རྒྱལ་ཁབ་ཀྱི་ཆག་འཇིག་དང་འབྲེལ་བ་ཞིག་ཏུ་ངོས་འཛིན་བྱེད་སྟངས་ལ་བལྟས་ན་ཁ་གཡང་དེ་དག་ཨུ་ཚུགས་ཀྱིས་བརྗོད་པ་ཙམ་ལས། དོན་དམ་དུ་སྤོབས་པ་གང་ཡང་མེད་པ་ཧ་ཅང་གསལ་པོ་བསྟན་པ་རེད།།