རྒྱ་དམར་གཞུང་གིས་མ་དགའ་ལྷ་གསོལ་བྱེད་པའི་“མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས།”

རྒྱ་དམར་གཞུང་གི་བརྒྱུད་ལམ་ཁག་གིས་“ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་གཏམ་སྤྱོད་ཀྱི་མཐིལ་བརྟོལ་ནས་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་བྱེད་པའི་རིམ་སྤེལ་དཔྱད་གཏམ་”ཞེས་པར་དཔྱད་པའི་གཏམ། ༼གོང་གསལ་གྱི་རྩོམ་ཡིག་འདི་རྒྱ་རྡུང་ཚེ་དབང་གིས་རྒྱ་ཡིག་ནང་རྩོམ་བྲིས་བྱས་ཏེ་ཕྱི་ལོ་ ༢༠༡༠།༤།༢༧ ཉིན་ boxun  ཞེས་པའི་རྒྱ་ཡིག་དྲ་རྒྱ་ཆེ་ཤོས་ནང་འགོད་སྤེལ་བྱས་འདུག་པ་བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་གིས་བོད་ཡིག་ཏུ་བསྒྱུར།༽

ཉེ་བའི་ཆར། རྒྱ་དམར་གཞུང་འབྲེལ་གྱི་བརྒྱུད་ལམ་བོད་ལྗོངས་ཉིན་རེའི་ཚགས་པར་ཞེས་པའི་ནང་རྒྱུན་མཐུད་དེ་“ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་གཏམ་སྤྱོད་ཀྱི་མཐིལ་བརྟོལ་ནས་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོོན་དགག་རྒྱག་བྱེད་པའི་རིམ་སྤེལ་དཔྱད་གཏམ་”ཞེས་པ་འགོད་སྤེལ་བྱས་ཏེ། ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་ལ་གདོན་འདྲེ་ལྟ་བུའི་དམའ་འབེབས་ཚིག་མཚོན་བཏབ་ཡོད་པ་རེད། དཔྱད་གཏམ་དེ་ཚོའི་ནང་དོན་ལ་ཞིབ་ལྟ་བྱེད་སྐབས། གཏམ་རྙིང་བསྐྱར་བཤད་ཁོ་ནས་ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་གདུག་རྩུབ་ཆེན་པོས་ཉེས་མེད་ཉེས་འཛུགས་ཀྱིས་སྐྱོན་འདོགས་བྱས་པ་ཙམ་ལས། ད་ལྟ་བར་དུའང་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་ནས་གནང་བའི་“བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར” དང༌། “བསམ་འཆར་གྱི་འགྲེལ་བརྗོད་” གཉིས་ཀྱི་ནང་དོན་གང་ཡང་རུང་བ་ཞིག་གི་ཐོག་ནུས་པ་ཡོད་པའི་དགག་ལན་རྒྱག་ཐུབ་མེད། དཔྱད་གཏམ་དེ་དག་དངོས་གནས་འདྲེ་ཤར་སྒོ་ལ་བཞག་སྟེ། གླུད་ནུབ་སྒོར་གཏོང་བ་ལྟར་བདེན་མེད་གཏམ་ཟད་དུ་གྱུར།

ཐོག་མར་སྟོན་དགོས་པ་ཞིག་ལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་དེ་གའི་དཔྱད་གཏམ་པ་ཟེར་བས། འགོ་བརྗོད་དུ་“རྩ་ཁྲིམས་རྡོག་རོལ་དུ་གཏོང་མི་རུང་”ཞེས་པའི་དཔྱད་གཏམ་དེའི་ནང༌། ད་ལོའི་ལོ་འགོར་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་མི་སྒེར་གྱི་འཐུས་མི་རྒྱ་རི་བློ་གྲོས་དང་བཅས་པས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་གྲོས་མོལ་བྱེད་སྐབས་“དྲན་ཐོའི་འཆད་འགྲེལ་”ཟེར་བ་ཞིག་ཕུལ་ཞིང༌།  དེ་ནི་དེ་གོང་ངོ་འཕྲད་གླེང་མོལ་བྱེད་སྐབས་ཕུལ་བའི་“བོད་མི་ཡོངས་ལ་རང་སྐྱོང་ངོ་མ་ཐོབ་པར་བྱེད་པའི་དྲན་ཐོ་”ཟེར་བར་བཟོ་བཅོས་གང་ཡང་མ་བྱས་པར་“འཆད་འགྲེལ་དུ་བརྩིས་ཏེ་”“དྲན་ཐོའི་”ནང་དོན་བསྐྱར་དུ་བཤུས་པ་ཞིག་རེད། རྐང་བཙུགས་འཁྲུལ་དུ་འཇུག་པའི་“འཆད་འགྲེལ་”དེའི་ནང་ཀྲུང་གོའི་བཅའ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་ཚིག་དང་ཚིག་གྲུབ་རེ་ཟུང་ཙམ་སྤྱད་དེ་འཐུམ་སྒྲིལ་དང་མཛེས་རྒྱན་སྤྲས་ཏེ་སྔ་མའི་ལངས་ཕྱོགས་མུ་མཐུད་མཁྲེགས་བཟུང་དང་ཀྲུང་གོའི་བཅའ་ཁྲིམས་ལས་བརྒལ་ཏེ་“བོད་ཆེན་པོ་”དང༌། “ཚད་མཐོའི་རང་སྐྱོང་”ཟེར་བ་ལྐོག་གཤོམ་བྱེད་པ་དེའི་ཐོག་ནས་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོ་རྦད་དེ་དམར་རྗེན་དུ་མངོན་ཡོད་པ་རེད།” ཅེས་བཤད་འདུག

“བོད་ཆེན་པོ་”དང༌། “ཚད་མཐོའི་རང་སྐྱོང་”ཟེར་བའི་བརྗོད་ཚུལ་དེ་འཁྱོགས་བཤད་དང་དཀྲོག་རྐྱེན་སློང་བའི་བརྗོད་ཚུལ་ཞིག་ཡིན་པས། གནས་ཚུལ་ཤེས་མཁན་གྱི་མི་ཚོས་བལྟས་པ་ཙམ་གྱིས། དེ་ནི་མ་བདེན་ཧམ་བཤད་བྱས་པ་གསལ་པོ་རེད། དོན་དངོས་ཐོག་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་གིས་རང་བཙན་དང་ཁ་བྲལ་གྱི་འདོད་ཚུལ་འཛིན་གྱི་མེད། “མཐའ་མཚམས་ཀྱི་གནད་དོན་”དེ་བས་ཀྱང་གླེང་གཞིར་མེད་ན། “བོད་ཆེན་པོ་”དང༌། “ཚད་མཐོའི་རང་སྐྱོང་”ཟེར་བའི་བརྗོད་ཚུལ་འུད་སྒྲོག་བྱེད་པ་དེ་ནི་ར་གན་གསེར་རྫུས་ཀྱིས་མི་རྣམས་ཀྱི་མཐོང་ཐོས་རྙོག་བཟོ་བྱས་པ་ལས་མ་འདས།

“བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་”ནང་བོད་ས་ཡོངས་རྫོགས་འཛིན་སྐྱོང་ས་ཁུལ་གཅིག་ནང་གཅིག་འགྱུར་གྱི་རང་སྐྱོང་དང་དོ་དམ་བྱ་རྒྱུའི་རེ་བ་བཏོན་པ་དེས། འབྱུང་བའི་ལོ་རྒྱུས་དང༌། ད་ལྟའི་དངོས་ཡོད་གནས་སྟངས་དང་མཐུན་པ་མ་ཟད། བོད་མིའི་ཁེ་ཕན་དང་དེ་བས་ཀྱང་མཐུན་གྱི་ཡོད། མིག་སྔར་བོད་ས་ཡོངས་རྫོགས་ཁག་བགོས་ནས་དབང་བསྒྱུར་བྱས་ཏེ། འཛིན་སྐྱོང་ཐོག་རྒྱ་དམར་གཞུང་གིས་བོད་འདི་སྲིད་འཛིན་ས་ཁུལ་ཁག་བཅུ་གཅིག་ལ་ཁག་བགོས་འདུག དོན་དམ་དུ་བོད་འདི་རྒྱ་དམར་གཞུང་གིས་བཤད་པ་ནང་བཞིན་བོད་ཆེན་པོ་དང་བོད་ཆུང་ཆུང་ཟེར་བའི་གནད་དོན་ལྷག་མེད། རྒྱ་དམར་གཞུང་གིས་ཁག་བགོས་པའི་བོད་རིགས་ས་ཁུལ་རྣམས་ཀྱི་ས་ཆའི་ཆགས་ཚུལ་ཟླ་བསྒྲིལ་ནས་འབྲེལ་ཏེ་ཚང་མ་ས་མཐོའི་སྒང་ཆགས་ཡོད་པ་ལས། རྒྱ་ནག་གི་ས་ཆ་ཁག་ཏུ་ཁ་བཀྲམ་མེད། བོད་མི་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་༥༥ ཡོད་ཁོངས་ནང་གི་གཅིག་ཡིན་པ་ལས་འགའ་ཤས་མ་རེད། དེར་བརྟེན། འཛིན་སྐྱོང་ས་ཁུལ་གཅིག་གི་ནང་བོད་ལ་གཅིག་གྱུར་གྱི་རང་སྐྱོང་བྱས་ཏེ། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་ངེས་ཡིན།

རྒྱ་དམར་གཞུང་གིས་“བོད་ཆེན་པོའི་སྐོར་གྱི་”གླེང་གཞི་ཆེད་བཟོས་བྱས་ཏེ། འདི་ནི་བོད་རྒྱ་འབྲེལ་མོལ་གྱི་འགལ་རྐྱེན་ཡིན་པར་བཞག་ཡོད། འོན་ཀྱང༌། རྒྱ་དམར་གཞུང་གིས་“བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་”ཟེར་བ་ཐེངས་ལྔ་པ་ཚོགས་ཏེ། ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི་“ལས་འཆར་”དེའི་ནང་བོད་རིགས་ས་ཁུལ་ཡོངས་རྫོགས་ཐེངས་དང་པོར་བཅུག་ཡོད་པ་དེས། དོན་དངོས་སུ་“བོད་ཆེན་པོ་”མངོན་ཆུང་ངང་ཁས་ལེན་བྱས་པ་རྭ་སྤྲོད་བྱས་ཡོད་པ་རེད། དེའི་ནང་གི་གནད་འགག་འདི། གཅིག་བྱས་ན་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་པ་ཟེར་བའི་གནས་རིམ་དམའ་ཤོས་ཀྱི་བརྒྱུད་བསྒྲགས་པ་ཚོས་ཤེས་རྟོགས་དཀའ་བ་ཞིག་རེད།

ཡང་བསྐྱར་བཤད་དགོས་པ་ཞིག་ལ། “བསམ་འཆར་གྱི་འགྲེལ་བརྗོད་”ནང༌། བོད་མིས་རེ་བ་བྱེད་པའི་རང་སྐྱོང་ལ་ཆེ་ཆུང་དང་ཚད་མཐོ་དམའི་དབྱེ་བ་མེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང༌། མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་རང་སྐྱོང་འདི་དགོས་ཞེས་བཤད་ཡོད། དེ་ཡང༌། བོད་མིའི་ཕྱོགས་ཀྱི་དགོས་འདུན་ནི། རྒྱ་ནག་གཞུང་གི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་དོན་ཚན་སོ་སོའི་ཁེ་དབང་རྣམས་དོན་འཁྱོལ་བྱེད་དགོས་པ་ལས་ཚད་མཐོ་དམའི་དབྱེ་བ་མེད། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་ནས་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་གནང་སྐབས་རྒྱ་ནག་གཞུང་ལ་གནང་བའི་“བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་”དང༌། ཡང་འབྲེལ་མོལ་ཐེངས་དགུ་པའི་སྐབས་གནང་བའི་“བསམ་འཆར་གྱི་འགྲེལ་བརྗོད་”གཉིས་ཀྱི་ནང་དོན་དང༌། ཞིབ་ཕྲའི་རེ་བ། དོན་འཁྱོལ་ཡོང་ཐབས་བཅས་ཡིག་ཐོག་ཏུ་སྤྲད་ཡོད་པས། གལ་ཆེའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད། དེ་དག་ནང་རྩ་བ་ཉིད་ནས་རྒྱ་ནག་གི་རྩ་ཁྲིམས་རྡོག་རོལ་དུ་བཏང་བའི་སྐད་ཆ་ལྷག་མེད། གནད་འགག་དེ་ནི། མིག་སྔའི་རྒྱ་དམར་གཞུང་གི་རྩ་ཁྲིམས་ནང་གཏན་འབེབས་བྱས་པའི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ཁེ་དབང་ཚུད་པའི་ནང་དོན་འཁོད་ཡོད་ཀྱང༌། བློ་ཕམ་པ་ཞིག་ལ་གཏན་འབེབས་དེ་དག་ལག་བསྟར་བྱེད་སྐབས། རྒྱ་དམར་གཞུང་གི་ཁ་བཏགས་ས་སྣ་ཚོགས་ཤིག་བཙལ་ཏེ། རང་སྐྱོང་གི་ཁེ་དབང་རྣམས་ལག་ལེན་བསྟར་འཇུག་གི་མེད། རྒྱུ་མཚན་དེ་དག་ལ་བརྟེན་ནས། རྒྱ་དམར་གཞུང་གིས་“མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས།” དེར་མ་དགའ་ལྷ་གསོལ་བྱས་པར་མི་རྣམས་ཀྱིས་ངོས་འཛིན་མི་བྱེད་ཀ་མེད་དུ་གྱུར་ཡོད་པ་རེད།
དེ་ནས་གླེང་དགོས་དོན་གཉིས་པ་འདི་ནི། རྒྱ་དམར་གཞུང་གི་བརྒྱུད་ལམ་བོད་ལྗོངས་ཉིན་རེའི་ཚགས་པར་གྱིས་དཔྱད་གཏམ་གཞན་ཞིག་འགོད་སྤེལ་བྱས་འདུག དེ་ཡང༌། “བོད་ཡུལ་གྱར་སྲིད་གཞུང་ལ་ཁྲིམས་མཐུན་རང་བཞིན་གང་ཡང་མེད་” (༢༠༡༠།༤།༥ བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་གཏམ་སྤྱོད་ཀྱི་མཐིལ་བརྟོལ་ནས་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་བྱེད་པའི་རིམ་སྤེལ་དཔྱད་གཏམ་བཞི་པ།)ཅེས་ཟེར་བའི་དཔྱད་གཏམ་དེའི་ནང༌། “ཏཱ་ལའི་རུ་ཚོགས་ཀྱི་ཡུལ་གྱར་སྲིད་གཞུང་ནི་ཀྲུང་དབྱང་གིས་ཁས་ལེན་ཐོབ་མེད་པ་དང༌། རྒྱལ་ནང་གི་བོད་རིགས་སྤུན་ཟླའི་ཁས་ལེན་ཐོབ་མེད་ལ། ཕྱི་རྒྱལ་དུ་ཡོད་པའི་བོད་མིའི་བརྩི་བཀུར་མགྲིན་གཅིག་ཏུ་མི་ཐོབ་པ་ཞིག་ཡིན་པ་མ་ཟད། འཛམ་གླིང་ཐོག་གི་རྒྱལ་ཁབ་གང་ཞིག་གི་སྲིད་གཞུང་གི་ཁས་ལེན་ཐོབ་པའི་ཁྲིམས་འགལ་གྱི་ཆབ་སྲིད་རྩ་འཛུགས་ཤིག་ཡིན་པ་སྨོས་མེད་ཡིན། དེའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསམ་འཆར་མི་མཐུན་པ་མེད་”ཅེས་བཤད་འདུག དེ་ནི་དངོས་འབྲེལ་རྐུན་མས་རྐུན་མ་བཟུང་ཞེས་པའི་གཡོ་ཐབས་རང་རེད།

རྒྱ་དམར་གཞུང་རང་ཉིད་ཀྱིས་ཁྲིམས་འགལ་ཐོག་ཉམ་ཐག་པའི་ཁྱིམ་མཚེས་རྒྱལ་ཁབ་ཆུང་ཆུང་ཞིག་བཙན་བཟུང་བྱས་པས་མ་ཚད། ད་དུང་གདོང་སྤགས་མཐུག་པོས་“བཙན་བྱོལ་བོད་གཞུང་ནི་ཁྲིམས་འགལ་གྱི་ཆབ་སྲིད་སྒྲིག་འཛུགས་རེད།”ཟེར་ཉེས་མེད་ཉེས་འཛུགས་བྱས་འདུག  
དོན་དངོས་ཐོག་“ཕྱི་ལོ་༡༩༤༩ ལོར་རྒྱ་དམག་གིས་བོད་དུ་བཙན་འཛུལ་བྱེད་སྐབས་བོད་ནི་ཁྲིམས་ཐོག་དང་དངོས་ཡོད་གནས་ཚུལ་གཉིས་ཀའི་ཆ་ནས་རང་དབང་རང་བཙན་གྱི་རྒྱལ་ཁབ་གཅིག་ཡིན། བོད་ལ་དྲག་པོའི་ཐོག་ནས་བཙན་འཛུལ་བྱས་པ་དེས་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ལ་བཙན་འཛུལ་བྱས་པ་མཚོན་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་སྲོལ་དང་ཡང་འགལ་བ་ཞིག་ཡིན། ད་ལྟའང་རྒྱ་དམག་ཁྲི་ཕྲག་མང་པོས་བོད་བཙན་དབང་འོག་བཅུག་པ་དེ་རྒྱལ་སྤྱིའི་ཁྲིམས་དང་འགལ་བ་དང༌། བོད་མི་མང་གི་གཞི་རྩའི་རང་བཙན་གྱི་ཐོབ་ཐང་རྡོག་རོལ་བཏང་བ་ཞིག་རེད།”

“༡༩༡༡ ནས་ཕྱི་ལོ་༡༩༥༡ ལོ་བར་བོད་བཙན་བཟུང་མ་བྱས་གོང་བོད་ལ་རྒྱ་ནག་གི་དབང་ཤུགས་གནས་ཡོད་ཟེར་བ་དེར་ཁུངས་སྐྱེལ་གང་ཡང་མེད་པ་དང༌། བོད་རང་བཙན་དུ་གནས་པའི་ཁུངས་སྐྱེལ་ཤིན་ཏུ་མང་པོ་ཡོད་པ་དེ་དག་འཛམ་གླིང་ཁྲིམས་དོན་མཁས་པ་དང༌། བོད་རྒྱའི་སྐོར་ཞིབ་འཇུག་གནང་མཁན་མཁས་པ་ཁག་གིས་ངོས་ལེན་བྱས་ཡོད་པ་རེད། རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ལྷན་ཚོགས་ཀྱིས་བོད་སྐོར་ཁྲིམས་དོན་ཞིབ་འཇུག་ཚོགས་ཆུང་གི་བོད་ཀྱི་ཁྲིམས་ལུགས་གནས་སྟངས་སྐོར་གྱི་སྙན་ཐོའི་ནང༌། ཕྱི་ལོ་༡༩༡༣ ནས་༡༩༥༡ ལོ་བར་བོད་ཀྱི་ཕྱི་འབྲེལ་ལས་དོན་རྣམས་བོད་གཞུང་རང་ནས་ཐག་གཅོད་བྱེད་ཀྱི་ཡོད་པ་དང༌། འབྲེལ་བ་བྱེད་ཡུལ་རྒྱལ་ཁབ་ཁག་ནས་ཀྱང་ལག་ལེན་དངོས་ཀྱི་ཐོག་ནས་བོད་དེ་རང་དབང་རང་བཙན་གྱི་རྒྱལ་ཁབ་གཅིག་ལ་བརྩིས་ཡོད་པ་གཞུང་འབྲེལ་ཡིག་ཆ་ཁག་ནས་རྟོགས་ཐུབ་ཅེས་གསལ་ཡོད། བོད་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ ༡༩༦༠ འཇི་ནི་ཝར།” (༡༩༩༤ ལོར་འགྲེམས་སྤེལ་བྱས་པའི་བོད་གཞུང་ཕྱི་དྲིལ་དང་དྲིལ་བསྒྲགས་ལས་ཁུངས་ཀྱི་“དངོས་ཡོད་ཀྱི་ལམ་ནས་བདེན་པ་ར་སྤྲོད།”)

ལོ་བཞི་བཅུའི་རིང་རང་བཙན་གཙང་མར་གནས་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ནས་རང་བཙན་གཙང་མར་བརྩི་འོས་པ་རེད། དེང་རྒྱལ་ཚོགས་ནང་གི་ཚོགས་མིའི་རྒྱལ་ཁབ་མང་པོ་ཞིག་ནི་དུས་ཡུན་དེ་དང་འདྲ་བའམ་དེ་ལས་ཐུང་བ་རང་དབང་རང་བཙན་དུ་གནས་པ་དེ་འདྲ་རེད།

བོད་ལ་མཚོན་ནའང༌། མིག་སྔར་རྒྱ་དམར་གཞུང་གིས་དྲག་པོའི་བཙན་བཟུང་འོག་གནས་པའི་རྒྱལ་ཁབ་གཅིག་རེད། ཕྱི་ལོ་༡༩༥༩ ལོར་ྋགོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང༌། དེའི་བར་དུ་རྒྱ་དམར་གཞུང་གིས་“ཏཱ་ལའི་བླ་མའི་སྔར་ཡོད་གོ་གནས་རང་འཇགས་འཇོག་རྒྱུ་དང༌། ད་ལྟའི་བོད་ཀྱི་ལམ་ལུགས་འགྱུར་བ་གཏོང་རྒྱུ་མིན་པའི་”འབྲུ་དོན་གསལ་འཁོད་ཡོད་པ་སོགས་ཀྱི་“གྲོས་མཐུན་དོན་ཚན་བཅུ་བདུན་”ཞེས་པ་རྩིས་མེད་རྡོག་རོལ་དུ་བཏང་སྟེ།

བཙན་གནོན་གྱིས་བོད་གཞུང་བཀའ་ཤག་མེད་པ་བཟོས་པར་བརྟེན། ྋགོང་ས་མཆོག་ནས་བོད་ཀྱི་ལྷོ་ཁ་ལྷུན་རྩེ་རྫོང་དུ་གནས་སྐབས་སྲིད་གཞུང་གསར་འཛུགས་གནང་བའི་གསལ་བསྒྲགས་གནང༌། ལོ་འདིའི་ཕྱི་ཟླ་༤ ཚེས་༡༨ ལ་རྒྱ་གར་གྱི་ས་མཚམས་ཏི་ཛུ་པུར་དུ་རྒྱལ་སྤྱིའི་གསར་འགོད་ལྷན་ཚོགས་ཐོག་བཙན་གནོན་འོག་བཞག་པའི་“གྲོས་མཐུན་དོན་ཚན་བཅུ་བདུན་”ཞེས་པ་རྩིས་མེད་དུ་སོང་བའི་ཁྱབ་བསྒྲགས་གནང་ཡོད། ཕྱི་ཟླ་༤ ཚེས་༢༩ ཉིན་རྒྱ་གར་བྱང་ཕྱོགས་མ་སུ་རིར་བཙན་བྱོལ་བོད་གཞུང་གསར་འཛུགས་གནང༌། ཕྱི་ལོ་༡༩༦༠ ཟླ་བ་༥ པའི་ནང་བཞུགས་སྒར་རྡ་རམ་ས་ལར་གནས་སྤོ་གནང་བ་རེད། བོད་མི་མང་ནས་ྋགོང་ས་ཏཱ་ལའི་བླ་མ་མཆོག་བཞུགས་གནས་འདི། རང་བཞིན་གྱིས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གི་བཞུགས་སྒར་ཡིན་པར་ངོས་འཛིན་ཞུ་ཡི་ཡོད་པ་རེད།

བཙན་བྱོལ་བོད་གཞུང་དབུ་བརྙེས་པ་དེས། ལོ་སུམ་བརྒྱ་དྲུག་ཅུ་ལྷག་བརྒྱུད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་བཀའ་ཤག་གཞུང་རྒྱུན་མཐུད་པ་མ་ཟད། དེ་ལས་གལ་ཆེ་བ་ཞིག་ལ་རྗེས་སུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་མང་གཙོའི་ལམ་སྲོལ་མངོན་འགྱུར་ཡོང་རྒྱུར་རྐང་པ་འཛུགས་ས་ཞིག་བཟོ་ཐུབ་པ་བྱུང་ཡོད།  དེར་བརྟེན། བཙན་བྱོལ་བོད་གཞུང་འཛུགས་གཉེར་བྱ་རྒྱུར་རྒྱ་དམར་གཞུང་གིས་ངོས་ལེན་རྩ་བ་ཉིད་ནས་ཐོབ་མི་དགོས་ལ། རྒྱ་དམར་གཞུང་གིས་ངོས་ལེན་བྱེད་དགོས་པའི་དགོས་པ་ཡང་གང་ཡང་མེད། རྒྱུ་མཚན་སྟབས་བདེ་པོ་རེད། བཙན་བྱོལ་བོད་གཞུང་ཚུད་པའི་ད་ཕན་གྱི་བོད་གཞུང་རིམ་བྱུང་རྣམས་རྒྱ་ནག་གཞུང་གི་ས་གནས་སྲིད་གཞུང་ཞིག་རྩ་བ་ནས་ཆགས་མེད་སྟབས།  རྒྱ་དམར་གཞུང་གི་ཁས་ལེན་ཐོབ་དགོས་ཟེར་བ་མདའ་སྐད་གླིང་སྒྱུར་རམ་ཁུངས་མེད་གཏམ་འཆལ་ཞིག་དང་གཉིས་སུ་མེད།

“རྒྱལ་ནང་གི་བོད་རིགས་སྤུན་ཟླའི་ཁས་ལེན་ཐོབ་མེད་ལ། ཕྱི་རྒྱལ་དུ་ཡོད་པའི་བོད་མིའི་བརྩི་བཀུར་མགྲིན་གཅིག་ཏུ་མི་ཐོབ་པ་ཞིག་ཡིན་”ཞེས་པའི་བརྗོད་བབ་དེ་ལ་མཚོན་ནའང༌། དངོས་གནས་རང་གཞན་གཉིས་བསླུའི་རྫུན་གཏམ་ཆེན་པོ་ཞིག་ཡིན་པས། རྒྱ་དམར་གཞུང་གི་བརྒྱུད་ལམ་དེ་དག་ངོ་ཚ་ཁྲེལ་མེད་ཀྱིས་རྫུན་དང་ཧམ་པ་བཤད་རྒྱུ་ཚོད་འཛིན་མེད་པ་དེར་དངོས་འབྲེལ་གནས་ལུགས་ཤོད་ས་མེད་པར་གྱུར་འདུག

ཀུན་གྱིས་ཤེས་གསལ་ལྟར། རྒྱ་གར་བྱང་ཁུལ་རྡ་རམ་ས་ལར་ཡོད་པའི་བཙན་བྱོལ་བོད་གཞུང་ནི་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་རྣམས་ཀྱིས་ཁོང་ཚོའི་ཁྲིམས་མཐུན་གྱི་གཞུང་ངོ་མ་འདི་ཁོ་ནར་ངོས་འཛིན་ཞུ་ཡི་ཡོད། འཚེ་བ་མེད་པ་དང༌། བདེན་པ། མང་གཙོ་བཅས་ནི་བཙན་བྱོལ་བོད་གཞུང་གི་རྩ་དོན་དང་དམ་བཅའ་གཙོ་བོ་འདི་ཡིན། དེ་ཡང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བའི་འཛམ་གླིང་རྒྱལ་ཁབ་མང་པོའི་གྲོས་ཚོགས་དང་མི་མང་གིས་བཙན་བྱོལ་བོད་གཞུང་འདི་དངོས་འབྲེལ་གྱི་བོད་མི་མང་གི་ཚབ་མཚོན་ཐུབ་པའི་ཁྲིམས་མཐུན་གྱི་གཞུང་ངོ་མ་གཅིག་པུ་འདིར་ངོས་འཛིན་ཞུས་ཡོད།

ཐོག་མར་འགོ་ཚུགས་དུས་ནས་བཟུང༌། བཙན་བྱོལ་བོད་གཞུང་གི་ལས་འགན་གཉིས་ཡོད་པ་དེ་ནི། བཙན་བྱོལ་བོད་མིའི་གཞིས་ཆགས་གསར་འཛུགས་བྱས་ཏེ་བོད་མི་རིགས་ཀྱི་ཁྱད་ཆོས་སྲུང་སྐྱོང་བྱ་རྒྱུ་དང༌། བོད་ཀྱི་རང་དབང་དང་བདེ་སྐྱིད་སླར་གསོ་ཞུ་རྒྱུ་དེ་རེད། ལས་དོན་བསྐྱར་བསྐྲུན་བྱེད་དགོས་པའི་ཁོངས་སུ། ༡༽ བཙན་བྱོལ་བོད་མིའི་རིག་གནས་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་དགོས་པ་དང༌། ༢༽ སྲ་ཞིང་བརྟན་པའི་མང་གཙོའི་རིག་གནས་ཤིག་གསར་འཛུགས་དགོས་པ། ༣༽ བཙན་བྱོལ་བོད་མི་རྣམས་གཞན་ཡུལ་དུ་རང་ཁ་རང་གསོ་ཐུབ་པར་ལམ་བཤངས་བརྒྱབ་པ་བརྒྱུད་ཁོང་ཚོ་གཞན་གྱི་རོགས་རམ་གཅིག་པུར་བརྟེན་ནས་མ་བསྡད་པར་རང་ལ་ཡིད་ཆེས་དང་ཆེ་མཐོང་ལྡན་པའི་ངང་འཚོ་གནས་ཐུབ་པ་ཡོང་རྒྱུའི་ཆེད་ཡིན།

བཙན་བྱོལ་བོད་གཞུང་གིས་དེང་དུས་མང་གཙོའི་ལམ་སྲོལ་གསར་འཛུགས་བྱེད་དགོས་དོན་ནི། གཙོ་ཆེ་ཤོས་བོད་ལ་རང་དབང་སླར་གསོ་བྱུང་མཚམས་མ་འོངས་བོད་ཀྱི་ཆེད་དུ་གྲྭ་སྒྲིག་བྱས་པ་ཞིག་ཡིན། མང་གཙོའི་ཚོད་ལྟ་དང་པོའི་གྲས་སུ་གྲོས་ཚོགས་ལམ་ལུགས་གསར་འཛུགས་གནང༌། དེ་ཡང་ཐོག་མར་བོད་མི་མང་གི་སྤྱི་འཐུས་ལྷན་ཚོགས་ཞེས་འབོད་པའི་བོད་མི་མང་གི་གྲོས་ཚོགས་དེ་ནི་ཕྱི་ལོ་༡༩༦༠ ཟླ་བ་༩ ཚེས་༢ ཉིན་དབུ་བརྙེས་ནས་བཟུང༌། རིམ་པས་ད་ལྟའི་ཁྲིམས་བཟོའི་ལས་ཁུངས་ཤིག་ཏུ་འཕེལ་རྒྱས་བྱུང་ཡོད་པ་རེད།
ཕྱི་ལོ་༡༩༩༠ ལོར་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་གོམ་གང་མདུན་སྤོས་ཀྱིས་མང་གཙོ་རྒྱ་བསྐྱེད་གཏོང་གནང་མཛད་དེ། བོད་མི་མང་སྤྱི་འཐུས་ཀྱི་གྲངས་འབོར་དེ་༤༦ སྤར་ཆ་གནང་ཡོད། གྲོས་ཚོགས་ནས་འཛིན་སྐྱོང་བཀའ་ཤག་གི་ཁོངས་མི་བཀའ་བློན་རྣམས་འོས་བསྡུ་བྱེད་ཆོག་པ་དང༌། འཛིན་སྐྱོང་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་ཞུ་དགོས་པ་རེད། དེ་དང་ཆབས་ཅིག་སྤྱི་མང་གི་ཁེ་ཕན་ཆེ་ཤོས་མཚོན་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ཡང་དབུ་བརྙེས་པ་རེད།

ཕྱི་ལོ་༢༠༠༡ ལོར་ྋགོང་ས་མཆོག་གི་ལམ་སྟོན་འོག་གྲོས་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་གནང༌། དེ་ནས་བཟུང་བཙན་བྱོལ་བོད་མིས་ཐད་ཀར་འོས་བསྡུ་བྱས་ཏེ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་འོས་འདེམས་བྱུང་བ་དང༌། བཀའ་བློན་ཁྲི་པས་འོས་སྦྱོར་གནང་བའི་བཀའ་བློན་གཞན་རྣམས་སྤྱི་འཐུས་གྲོས་ཚོགས་ཀྱི་མོས་མཐུན་བྱུང་རྗེས་དངོས་གཞིའི་བསྐོ་གཞག་གནང་གི་ཡོད་པ་རེད།

བཙན་བྱོལ་བོད་གཞུང་ནི། ཆེས་མཐོའི་ཁྲིམས་ཞིབ་ཁང་དང༌། བོད་མི་མང་སྤྱི་འཐུས་གྲོས་ཚོགས། ཆེས་མཐོའི་འཛིན་སྐྱོང་བཀའ་ཤག་བཅས་མང་གཙོའི་ཀ་བ་གསུམ་ལས་གྲུབ་པ་ཞིག་རེད། དེ་མིན་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དང༌། གཞུང་ཞབས་འདེམས་བསྐོ་ལྷན་ཁང༌། འོས་བསྡུ་ལས་ཁང་བཅས་རང་དབང་ཅན་གྱི་སྡེ་ཚན་གསུམ་འཛུགས་གཉེར་བྱས་ཡོད། ཆེས་མཐོའི་འཛིན་སྐྱོང་བཀའ་ཤག་གི་འོག་ཏུ་བློན་ཆེན་ལས་ཁུངས་བདུན་ཡོད་པ་སྟེ། ཆོས་རིག་ལས་ཁུངས་དང། ནང་སྲིད་ལས་ཁུངས། དཔལ་འབྱོར་ལས་ཁུངས། ཤེས་རིག་ལས་ཁུངས། བདེ་སྲུང་ལས་ཁུངས། ཕྱི་དྲིལ་དང་དྲིལ་བསྒྲགས་ལས་ཁུངས། འཕྲོད་བསྟེན་ལས་ཁུངས་བཅས་རེད། ལས་ཁུངས་སོ་སོའི་འགན་འཁུར་གཙོ་བོ་བཀའ་བློན་གོང་འཁོད་ལྟར་འོས་བསྡུའི་ལམ་ནས་འདེམས་བསྐོ་བྱས་པ་དང་ཆབས་ཅིག་ལས་ཁུངས་རེས་སྐོར་གྱི་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད་པ་རེད། ལོ་ངོ་ལྔ་བཅུའི་ནང༌། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་སྲ་བརྟན་འགྱུར་མེད་ངང་མང་གཙོའི་ལམ་སྲོལ་གྱི་གཞུང་ཞིག་འཛུགས་གཉེར་གནང་བ་དེས། བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་ལས་དོན་ཚགས་ཚུད་དང་འཐུས་སྒོ་ཇེ་ཚང་དུ་གྱུར་ཏེ། ཕྱོགས་ཚང་མའི་ལྟ་རྟོགས་དང་སྐྱོན་བརྗོད་ཁྱོག་ཐུབ་པ་བྱུང་སྟེ། བོད་ཕྱི་ནང་གཉིས་སུ་གནས་པའི་མི་མང་གི་བསམ་འདུན་མཚོན་པར་བྱས་ཡོད། མིག་སྔར། འཛམ་གླིང་རང་དབང་གི་རྒྱལ་ཁབ་དང། གྲོས་ཚོགས། མི་མང། ལྷག་དོན་དུ་རྒྱ་མི་རིགས་མང་པོས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་དང། དེའི་ལས་དོན་བྱེད་སྟངས་ཕྱི་གསལ་ནང་གསལ་གྱི་འགན་འཁུར་ཞུ་སྟངས་དང་ནུས་པར་ཡིད་སྨོན་ཞུས་ཡོད་པ་རེད།

ཆབ་སྲིད་ཀྱི་ལེགས་སྐྱེས་འདིའི་ཐོག་ནས། ལོ་ནས་ལོ་བསྟུད་དེ་བོད་མི་མི་ཐོག་གཅིག་ནས་གཅིག་བརྒྱུད་རྒྱུན་བསྲིངས་ཏེ་ཁེ་ཕན་བྱུང་ཡོད་པར་བརྟེན། བྱེས་ལ་གནས་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་བཙན་བྱོལ་བོད་གཞུང་ལ་བཀའ་དྲིན་རྗེས་དྲན་ཞུས་པ་དང། གཞིས་སུ་ཡོད་པའི་བོད་མི་རྣམས་རང་སྲོག་བློས་བཏང་དང༌། ངལ་བར་མ་འཛེམས་པར་རི་ཆུ་དུ་མ་བརྒལ་ཏེ། མུ་ཏིག་དར་ལ་བརྒྱུས་པ་བཞིན་རྒྱུན་ཆད་མེད་པར་བཙན་བྱོལ་གཞུང་ལ་མགོ་འབུལ་ལུས་འབུལ་ཞུ་བར་སླེབས་ཡོད། བོད་མིའི་ཆིག་སྒྲིལ་གྱི་ནུས་པ་ད་ལྟ་ནང་བཞིན་ྋགོང་ས་ཏཱ་ལའི་བླ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གི་མཐའ་སྐོར་དུ་རྡོག་རྩ་གཅིག་བསྒྲིལ་ངང་གནས་པ་བྱུང་མེད། གང་ཡིན་ཞེ་ན། བཙན་བྱོལ་བོད་གཞུང་གིས་༧གོང་ས་མཆོག་གིས་དབུས་པའི་རིམ་པ་ཁག་གི་དཔོན་རིགས་ཚོའི་ཚབ་མཚོན་པ་མ་ཟད། བོད་མི་རིགས་ཀྱི་ཟུངས་ཁྲག་འདྲེས་པའི་གཅེན་པོ་གཅེན་མོ་ཡོད་དོ་ཅོག་དང། དེ་བས་ལོ་ངོ་སྟོང་ཕྲག་རྒྱུད་པའི་གངས་ཅན་མི་རིགས་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན། མི་སུ་ཞིག་གིས་བཙན་བྱོལ་བོད་གཞུང་ལ་དམའ་འབེབས་འཁྱོག་བཤད་བྱས་པ་དེ་བོད་མི་མང་ཆེ་བར་བཤད་པ་དང་གཉིས་སུ་མེད། བཙན་བྱོལ་བོད་གཞུང་ལ་ཉེས་མེད་སྐྱོན་འདོགས་བྱས་ན་བོད་མི་མང་གི་སེམས་ལ་གནོད་འཚེ་བཟོས་ཏེ། བོད་རྒྱ་མི་རིགས་གཉིས་ཀྱི་མཐུན་སྒྲིལ་ལ་གཏོར་བཤིག་བཏང་ཡོད་པར་བརྟེན། ད་གཟོད་“མི་རིགས་ཁ་བྲལ་གཏོང་མཁན་གྱི་ཉེས་ཅན་ངོ་མ་དེ་ཆགས་ཡོད།”

བཙན་བྱོལ་བོད་གཞུང་ལ་“རྒྱལ་ནང་གི་བོད་རིགས་སྤུན་ཟླའི་ཁས་ལེན་ཐོབ་པ་དང། ཕྱི་རྒྱལ་དུ་ཡོད་པའི་བོད་མིའི་བརྩི་བཀུར་མགྲིན་གཅིག་ཏུ་ཐོབ་པའི་”དཔེ་མཚོན་གཞན་ཞིག་ནི། འདི་ལོའི་ཕྱི་ཟླ་དང་པོའི་ནང༌། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་བྱས་རིང༌། རྒྱ་དམར་གཞུང་གི་དཔོན་རིགས་ཚོས་“བོད་བཙན་བྱོལ་གཞུང་འདི་བོད་དང་བོད་མི་མང་གི་ཚབ་རྩྭ་བ་ནས་མཚོན་གྱི་མེད་”ཅེས་བཤད་ཡོད། འོན་ཀྱང༌། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་རྒྱ་ནག་ཏུ་ཕེབས་ཡོད་ཀྱང་ཁོང་རྣམས་བོད་ནང་ཕེབས་མ་བཅུག་པ་དང། བོད་མི་མང་ལ་ཁོང་རྣམས་མཇལ་མ་འཇུག་པར་རྒྱ་ནག་གི་ཧུ་ནན་ཞེང་ཆེན་དུ་ཁ་བསྒྱུར་ཚོད་འཛིན་བྱས་ཡོད་པ་རེད། ཁོང་རྣམས་བོད་ནང་འཚམས་འདྲིར་ཕེབས་བཅུག་ནས་བོད་མི་མང་གི་ཚོར་སྣང་ཇི་ལྟར་ཡོད་མིན་བལྟས་ཏེ། སུ་ཞིག་བོད་མང་གི་ཚབ་བྱེད་ཐུབ་མིན་བོད་མི་མང་ལ་སྐད་ཆ་བཤད་འཇུག་དགོས། དོན་དངོས་ཐོག་རྒྱ་དམར་གཞུང་གི་འགོ་ཁྲིད་ཚོས་བོད་མི་མང་གིས་༧གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་མཇལ་རྒྱུར་འཇིགས་སྣང་བྱེད་ཀྱི་ཡོད་པ་རེད།

དེ་ནས་ཉེ་དུས་བྱུང་བའི་མངོན་སུམ་གསོན་རྗེན་གྱི་དཔེ་མཚོན་གཞན་གཅིག་ཡོད་པ་སྟེ། ད་རེས་ཕྱི་ཟླ་བཞི་པའི་ཚེས་བཅུ་བཞི་ཉིན་ཡུལ་ཤུལ་ཁམས་སྒ་སྐྱེ་རྒུ་མདོར་ས་ཡོམ་གྱི་གནོད་སྐྱོན་ཚབས་ཆེ་བྱུང་རྗེས། ཡུལ་ཤུལ་གྱི་གནོད་འཚེ་ཕོག་པའི་མི་འབུམ་གཅིག་ལྷག་ཙམ་གྱིས་རྒྱ་དམར་གཞུང་གི་འགོ་ཁྲིད་ཧུའུ་ཅིན་ཐའོ་དང་སྲིད་བློན་ཝུན་ཅ་པའོ་གཉིས་ལ་ཡོངས་བསྒྲགས་ཡི་གེ་ཞིག་བཏང་ཡོད་པ་དེའི་ནང༌། “ང་ཚོ་ཡུལ་ཤུལ་གྱི་གནོད་འཚེ་ཕོགས་པའི་མི་མང་འབུམ་གཅིག་ལྷག་ཙམ་ཡོད་པ་དེས་ཀྲུའུ་ཞི་ཧུའུ་ཅིན་ཐའོ་དང་སྲིད་བློན་ཝུན་ཅ་པའོ་གཉིས་ལ་རེ་བ་ཞིག་ཞུ་རྒྱུ་ཡོད། ང་ཚོ་ནི་མི་རབས་ནས་མི་རབས་བརྒྱུད་ནང་ཆོས་ལ་དད་པ་བྱེད་མཁན་གྱི་མི་རིགས་ཤིག་ཡིན། བོད་ཀྱི་ལོ་རྒྱུས་ནང་ཏཱ་ལའི་དང་པཎ་ཆེན་གཉིས་ཀྱིས་གངས་ཅན་འགྲོ་བ་མི་ཐར་པ་ལས་གྲོལ་བ་ནས་བཟུང། བོད་མི་རྣམས་ལ་ག་དུས་གནས་ཚུལ་ཆེན་པོ་འཕྲད་པའི་སྐབས་སུ་བླ་ཆེན་ཁོང་གཉིས་ལ་བློ་སྒོ་ཕྱེ་བའི་ལམ་སྟོན་བཀའ་སློབ་སྐྱབས་མཇུག་ཞུ་ཡི་ཡོད་ན། ད་རེས་ང་ཚོའི་ཁུལ་འདིར་མི་སྟོང་ཕྲག་མང་པོ་འདས་གྲོངས་གྱུར་བར་བརྟེན་ང་ཚོ་བོད་མིའི་གོམས་གཤིས་ལྟར་བླ་མ་གདན་འདྲེན་ཞུས་ཏེ་འདས་པོའི་རྣམ་ཤེས་ཡར་འདྲེན་བྱེད་ཀྱི་ཡོད། ངའི་ཕ་དང་སྤོ་བོ་ད་རེས་ཀྱི་ས་ཡོམ་ནང་འདས་གྲོངས་ཤོར་ཏེ། ཁོང་དབུགས་མ་འགྲོ་བའི་སྔོན་ཁོང་ཚོའི་མིང་རྣམས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་སྙན་གསན་ཞུ་རོགས་ཞེས་མངགས་བྱ་ཡང་ཡང་བྱས་བྱུང་བས། ༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཐུགས་སྨོན་སྐྱབས་མཇུག་ཞུ་རྒྱུ་འདི་ང་ཚོ་གནོད་འཚེ་ཕོག་པའི་མི་འབུམ་གཅིག་ལྷག་གི་བསམ་འདུན་ཡང་ཡིན། ན་ནིང་ཐེ་ཝན་དུ་ཆུ་སྐྱོན་བྱུང་སྐབས་ཏཱ་ལའི་བླ་མ་མཆོག་ཐུགས་སྨོན་གནང་བར་ཕེབས་ཡོད་ན། ང་ཚོའི་གོམས་གཤིས་ལ་བརྩི་འཇོག་དང་འདས་གྲོངས་ཤོར་བའི་གཅེན་གཅུང་རྣམས་ཀྱི་རྣམ་ཤེས་བློ་བདེའི་ངང་འགྲོ་ཆེད།  ཀྲུའུ་ཞི་ཧུ་ཅིན་ཐའོ་དང་སྲིད་བློན་འུན་ཅ་བའོ་གཉིས་ནས་བྱམས་སྙིང་རྗེ་སྒོམ་ཏེ་ང་ཚོའི་ཏཱ་ལའི་བླ་མ་མཆོག་གནོད་འཚེ་ཕོགས་ཡུལ་དུ་ཐུགས་སྨོན་སྩལ་བར་ཡོང་འཇུག་རོགས་ཞུ་རྒྱུ་ཡིན།ཞེས་འཁོད་ཡོད་པ་རེད།

གནོད་འཚེ་ཕོགས་པའི་བོད་མིའི་ངོས་ནས་བཤད་ན། ཤི་གསོན་ལ་ཐུག་པའི་ཛ་དྲག་ཆེ་བའི་སྐབས་དེར། ཁོང་ཚོའི་སེམས་ནང་མཇལ་འདོད་ཨང་དང་པོ་བྱེད་ཡུལ་ནི་ཁོང་ཚོའི་འདི་འཆིའི་སྐྱབས་གནས་ྋགོང་ས་ཏཱ་ལའི་བླ་མ་ཡིན། ཁོང་ཚོའི་ཁྱིམ་གཞི་རྩ་ཐོར་དུ་ཕྱིན་པ་དང༌། ཕ་མ་སྤུན་མཆེད་འཆི་སྐྱོན་ཕྱིན་ཡོད། སེམས་ནད་ཆེ་ཤོས་དེ་ནི་ནང་སེམས་གྱི་རྨ་ཁ་གསོ་རྒྱུ་དེ་ཡིན་སྟབས། ྋགོང་ས་ཏཱ་ལའི་བླ་མ་མཆོག་ནས་ཁོང་ཚོར་ཐུགས་སྨོན་གནང་སྟེ། འདས་པོ་རྣམས་ཀྱི་རྣམ་ཤིས་ཡར་འདྲེན་གྱིས་འགྲོ་བའི་སྡུག་བསྔལ་སེལ་རྒྱུ་དེ་ཡིན།

གོང་གསལ་གནས་ཚུལ་ཐོག་ནས་ཤེས་ཐུབ་པར། རྒྱ་ཆེ་བའི་བོད་མི་མང་གི་སེམས་ནང་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་གནས་བབས་འདི་རྒྱ་དམར་གཞུང་ཚུད་པའི་མི་སུ་ཞིག་གིས་ཀྱང་ཚབ་བྱེད་ཐུབ་ཐབས་མེད། དེར་བརྟེན། “རྒྱལ་ནང་གི་བོད་རིགས་སྤུན་ཟླའི་ཁས་ལེན་ཐོབ་མེད་ལ། ཕྱི་རྒྱལ་དུ་ཡོད་པའི་བོད་མིའི་བརྩི་བཀུར་མགྲིན་གཅིག་ཏུ་མི་ཐོབ་པ་ཞིག་ཡིན་”ཞེས་པའི་བརྗོད་བབ་དེ། ཁུངས་ལུང་བབ་ཅོལ་སྡུག་མཐར་སླེབས་པ་ཞིག་ཡིན་པས། ལན་རྒྱག་རིན་གང་ཡང་མེད་པར་མ་རྒོལ་རང་ཐོར་དུ་གྱུར།
“འཛམ་གླིང་ཐོག་གི་རྒྱལ་ཁབ་གང་རུང་ཞིག་གིས་ཏཱ་ལའི་རུ་ཚོགས་ཀྱི་ཡུལ་གྱར་སྲིད་གཞུང་ལ་སྲིད་གཞུང་གི་ཁས་ལེན་མི་ཐོབ་པའི་ཁྲིམས་འགལ་གྱི་ཆབ་སྲིད་རྩ་འཛུགས་ཤིག་ཡིན་པ་སྨོས་མེད་ཡིན། དེའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསམ་འཆར་མི་མཐུན་པ་མེད་”ཟེར་བའི་བརྗོད་ཚུལ་དེར། ང་ཚོས་ལོ་ངོ་ལྔ་བཅུའི་གོང་གི་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་ཀྱི་གནད་དོན་སྐོར་བགྲོ་གླེང་བྱེད་སྐབས་བྱུང་བའི་དངོས་ཡོད་གནས་ཚུལ་ཐོག་ནས་ལན་འདེབས་བྱ་རྒྱུ་ཡིན།

“ཕྱི་ལོ་༡༩༤༩ ལོར་རྒྱ་ནག་དམར་པོའི་གཞུང་གི་དམག་དཔུང་གིས་བོད་ལ་བཙན་འཛུལ་བྱེད་འགོ་ཚུགས་མ་ཐག་བོད་གཞུང་ནས་མཉམ་སྦྲེལ་རྒྱལ་ཚོགས་ལ་རྒྱ་ནག་གི་བཙན་འཛུལ་འགོག་ཐབས་ཀྱི་རོགས་རམ་ཡོང་བའི་འབོད་སྐུལ་ཞུས་ཡོད། སྐབས་དེར་རྒྱལ་ཚོགས་ཚོགས་ཆེན་ཐོག་དབྱིན་ཇི་དང། རྒྱ་གར་གྱི་སྐུ་ཚབ་ནས་བོད་ནང་རྒྱ་ནག་གི་བཙན་འཛུལ་ཤུགས་ཆེ་རུ་འགྲོ་གཞིར་བརྟེན་ལག་ལེན་གང་ཡང་མ་གནང་ན་ལེགས་ཚུལ་གྱི་བསམ་འཆར་བཏོན་ཡོད་པ་རེད། རྒྱལ་ཚོགས་ཀྱི་ཚོགས་མི་མང་ཆེ་བས་རྒྱ་ནག་གཞུང་གིས་བོད་ལ་དམག་མི་བཏང་བ་དེ་བཙན་འཛུལ་གྱི་བྱ་བ་ཞིག་ཡིན་པའི་ལྟ་ཚུལ་བཟུང་ཡོད། དེའི་སྐོར་ཕྱི་ལོ་༡༩༥༩ ལོ་དང་༡༩༦༠ ། ༡༩༦༡ ། ༡༩༦༥ བཅས་སོ་སོའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཧ་ཅང་གསལ་པོ་ཆགས་ཡོད། ཚོགས་ཆེན་དེ་ཚོའི་ནང་ཧྥི་ལི་པིན་གཞུང་གི་སྐུ་ཚབ་ནས་བོད་དེ་རང་བཙན་གཙང་མ་ཡིན་པའི་རྒྱལ་ཁབ་ཅིག་དང༌། རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༥༠ ལོར་བོད་བཙན་བཟུང་བྱེད་སྐབས་བོད་དེ་ཕྱིའི་རྒྱལ་ཁབ་སུ་གང་གི་མངའ་འོག་ཏུ་མེད་ཅེས་གསུངས་པ་དང། དེ་དང་ཕྱོགས་མཚུངས་པ་རྒྱལ་ཁབ་མང་པོའི་སྐུ་ཚབ་ཚོས་གསུངས་ཡོད། ཧྥི་ལི་པིན་གྱི་སྐུ་ཚབ་ནས་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་དེ་རྒྱ་སྐྱེད་རིང་ལུགས་དང་མི་སེར་སྤེལ་བའི་རིང་ལུགས་བྱུང་དང་འབྱུང་བཞིན་པའི་ནང་ནས་སྡུག་ཤོས་ཀྱི་དཔེ་མཚོན་ཞིག་རེད་ཅེས་གསུངས་པ་དང། ནི་ཀ་ར་སྒུ་བའི་སྐུ་ཚབ་ནས་ཀྱང་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དེར་སྐྱོན་བརྗོད་དང་འབྲེལ་ཨ་མེ་རི་ཀའི་གླིང་ཕྲན་ནང་རང་དབང་ངང་འཚར་ལོངས་བྱུང་བའི་མི་ཚོ་བཙན་འཛུལ་དང་ལྷག་དོན་རྒྱལ་ཁབ་ཆེ་བས་ཆུང་བར་བཙན་འཛུལ་གྱི་བྱ་སྤྱོད་དེ་ལ་ཞེན་པ་ལོག་ནས་ཡོད་ཅེས་གསུངས་པ། ཐའེ་ལན་ཌའི་སྐུ་ཚབ་ནས་རྒྱལ་ཁབ་མང་ཆེ་བས་བོད་རྒྱ་ཁོངས་ཡིན་ཟེར་བ་དེ་ཁས་ལེན་བྱེད་ཀྱི་ཡོད་པ་མ་རེད་ཅེས་གསུངས་པ། ཨ་རིའི་གཞུང་ནས་རྒྱ་མིས་བོད་ལ་བཙན་འཛུལ་བྱས་པར་སྐྱོན་བརྗོད་བྱས་པ་དང། ཨ་ཡེར་ལན་ཌའི་སྐུ་ཚབ་ནས་བོད་དེ་ལོ་སྟོང་ཕྲག་གཅིག་གམ་ཡང་ན་གཉིས་ཀྱི་དུས་ཡུན་རིང་ཚོགས་ཆེན་འདི་ནང་གི་རྒྱལ་ཁབ་ཚོ་དང་འདྲ་བར་རང་དབང་དང་རང་སྲིད་རང་སྐྱོང་གི་དབང་ཆ་འདྲ་མཚུངས་སུ་ཡོད་པ་ཞིག་དང། ཡང་ན་ཚོགས་ཆེན་འདིའི་ནང་གི་རྒྱལ་ཁབ་མང་པོ་ལས་རང་སྲིད་རང་སྐྱོང་གི་དབང་ཆ་ལྡབ་སྟོང་ཕྲག་གིས་ལྷག་པ་ཡོད་པ་ཞིག་རེད་ཅེས་གསུངས་ཡོད། (༡༩༩༤ ལོར་འགྲེམས་སྤེལ་བྱས་པའི་བོད་གཞུང་ཕྱི་དྲིལ་དང་དྲིལ་བསྒྲགས་ལས་ཁུངས་ཀྱི་“དངོས་ཡོད་ཀྱི་ལམ་ནས་བདེན་པ་ར་སྤྲོད།”)

གོང་གསལ་རྒྱལ་ཚོགས་ནང་བགྲོ་གླེང་བྱེད་སྐབས་རྒྱ་ནག་གི་ཕྱོགས་སུ་ལངས་མཁན་ནི་དམར་པོའི་སྡེ་ཤོག་གི་རྒྱལ་ཁབ་ཁོ་ན་རེད། ཚོགས་ཆེན་དེ་ཚོའི་ཐོག་གི་རྒྱལ་ཁབ་ཁག་གི་གཞུང་འབྲེལ་གྱི་གསུང་བཤད་ནས་གང་ཞིག་བསྟན་ཡོད་ཅེ་ན། རྒྱ་ནག་གི་ཡིག་ཆ་དཀར་པོའི་ནང་དང༌། ཁོང་ཚོའི་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ནས་བོད་རང་བཙན་ཡིན་པ་རྒྱལ་ཁབ་གང་ཞིག་གིས་ཀྱང་ངོས་ལེན་བྱས་མེད་ཅེས་བཤད་པ་དེ་དག་བདེན་དོན་མིན་པ་གསལ་པོ་བསྟན་ཡོད་པ་རེད།
བསྐྱར་དུ་གླེང་དགོས་དོན་ཞིག་ལ། བཙན་བྱོལ་བོད་གཞུང་གི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་ད་བར་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ལྔ་བཅུ་ལྷག་ནང་ཆིབས་བསྒྱུར་བསྐྱངས་ཏེ་རྒྱལ་ཁབ་མང་པོའི་རྒྱལ་པོ་དང༌། སྲིད་འཛིན། སྲིད་བློན་སོགས་དབུ་ཁྲིད་རྣམས་དང་མཇལ་མོལ་གནང་ཡོད་པ་དང། ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་དང་སྙན་གྲགས་ཆེ་བའི་ཚན་རིག་པ་དང་ལྷན་དུ་གྲོས་མོལ་ཡང་གནང་ཡོད།

ཕྱི་ལོ་༡༩༥༩ ནས་༢༠༠༩ བར་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་ཉུང་མཐར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱིས་མཚོན་པའི་གཟེངས་རྟགས་སྣ་ཚོགས་དང་མཁས་དབང་གི་ཆེ་བསྟོད་མཚན་སྙན་གྱི་ཕྱག་འཁྱེར་གྲངས་བདུན་ཅུ་ལྷག་འབུལ་བཞེས་གནང་ཡོད་པ་འདི། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁོང་གིས་འཚེ་མེད་ཞི་བའི་ལས་འགུལ་དར་སྤེལ་དང། ཆོས་ལུགས་ཕན་ཚུན་མཐུན་ལམ། འཛམ་གླིང་གི་འགན་འཁུར། དེ་བཞིན་བྱམས་བརྩེའི་བསམ་བློར་ངོས་ལེན་དང་རྒྱབ་སྐྱོར་ཞུས་པ་ཞིག་རེད། ད་འོ་ན། གོང་གསལ་གཟེངས་རྟགས་དང་ཆེ་བསྟོད་ཞུས་པ་དེ་དག་གི་གནས་ཚུལ་ཐོག་ནས་འཛམ་གླིང་རྒྱལ་ཁབ་ཁག་དང༌། ཚོགས་སྡེ་ཁག་གིས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་མང་གཙོའི་ལམ་སྲོལ་མངོན་གྱུར་ཡོང་བའི་མཛད་རྗེས་ལ་ཡོངས་ཁྱབ་ཀྱི་ངོས་འཛིན་དང་བསྔགས་བརྗོད་ཞུས་པ་ཞིག་རྭ་སྤྲོད་དང་གསལ་བཤད་ཐུབ་ཀྱི་མི་འདུག་གམ།

དེ་མིན་བརྗོད་དགོས་དོན་ཞིག་ལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང། བསམ་བློ་དང་རྒྱབ་ལྗོངས་མི་འདྲ་བའི་མི་རྣམས་ལ། རང་དབང་གི་ཐོག་ནས་ངོ་བོ་འདྲ་མིན་གྱི་ཚོགས་སྡེ་འཛུགས་གཉེར་བྱེད་ཆོག་པ་ཡིན། དཔེར་ན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང༌། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ། བོད་ཀྱི་བུད་མེད་ལྷན་ཚོགས་སོགས་ཡོད་པ་དེ་དག་ཚང་མས། བཙན་བྱོལ་བོད་གཞུང་གི་ལྟ་བ་དང་སྲིད་བྱུས། ལྷག་དོན་དུ་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་བཞེད་དགོངས་ལ་འགྲན་རྩོད་བྱེད་ཆོག་པ་ཡིན། འདི་དང་རྒྱ་དམར་གཞུང་གི་དབང་སྒྱུར་འོག་ཡོད་པའི་བོད་ནང་བོད་མིས་སོ་སོའི་ཁྱིམ་ཚང་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་འགྲེམས་འཇོག་བྱེད་པ་དང༌། ཁྲོམ་གཞུང་དུ་༧གོང་ས་ཏཱ་ལའི་བླ་མ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་འབོད་ཚིག་བསྒྲགས་པར། དེ་མ་ཐག་རྒྱ་དམར་གཞུང་གི་ཉེན་རྟོག་པས་ལག་རྡུང་རྡོག་གཞུས་ཀྱིས་ཤི་མིན་རོ་མིན་ཉེས་རྡུང་བཏང་རྗེས། ལོ་བཅུ་གྲངས་འགའ་ཤས་བཙོན་བཅུག་བྱས་པའི་གནས་སྟངས་དང་བསྡུར་ན། གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་མཐོང་ཐུབ། གོང་གསལ་“གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་ཡུལ་གྱར་སྲིད་གཞུང་དབར་ཕན་ཚུན་གཅིག་འོག་གཅིག་ལ་མི་འདུས་པ་དང་ཕན་ཚུན་ཁེ་དབང་འཕྲོག་རེས་བྱེད་”ཟེར་བའི་བརྗོད་བབས་དེ་དག་གཞི་མེད་སྐྱོན་འདོགས་རང་རེད། སྲིད་དབང་སྒེར་གཅོད་ཀྱི་དབང་སྒྱུར་གོམས་གཤིས་སུ་གྱུར་ཏེ། བསམ་འཆར་མི་མཐུན་པ་དང་ལྟ་བ་མི་མཐུན་པའི་རྩོད་གཞི་ཁེ་དབང་འཕྲོག་རེས་ཀྱི་འཐབ་རྩོད་ལ་བརྩིས་ཏེ། མང་གཙོའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ལ་ངན་སེམས་ཁོག་བཅངས་ཀྱིས་ལོག་འགྲེལ་བྱས་པར་ཡ་ང་སྙིང་རྗེ་སྐྱེ་འོས་པ་ལས་དགག་པ་རྒྱག་རིན་ཅི་ཡང་མ་མཐོང༌།།

Leave a Reply

Your email address will not be published. Required fields are marked *