སྒེར་ནད་སྤྱི་སྤུངས་དང་རྩ་ཆེའི་སྒྲིག་འཛུགས་རྩེད་མོ་རྩེད་བྱེད་བྱས་ན་ཡག་པོ་མ་རེད།

pematsewangཔདྨ་ཚེ་དབང་ལགས་ནི་ཆུང་དུས་སློབ་གྲྭར་འགྲོ་མྱོང་མེད་ཀྱང། དབྱིན་ཡིག་དང་བོད་ཡིག་རང་སྐྱ་འཕེར་བ་རང་སྦྱོང་བྱས། ཕྱི་ལོ་༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པ་ནས་ད་ལྟའི་བར་ས་གནས་རྒྱུན་ལས་དང་རུ་དཔོན་གྱི་ལས་ཁུར་བྱས་ཤིང།

བདེ་སྐྱིད་སླར་གསོ་གཞིས་ཆགས་ཀྱི་དགེ་རྒན་ཕ་མའི་ཚོགས་ཆུང་གི་ལས་ཁུར་ལོ་༡༧ དང། གྲོང་སྡེའི་སྤྱི་མི་ལོ་༣། བདེ་སླར་མཉམ་འབྲེལ་འགན་འཐུས་ལོ་༣ དང་ཚོགས་གཙོ་ལོ་༣ ས་གནས་དབུས་གཙང་ཆོལ་ཁའི་དྲུང་ཆེ་ལོ་༣ བྱས། ད་ལྟ་ས་གནས་གཞོན་ལྷན་གྱི་ཚོགས་གཙོོའི་ལས་འགན་ཁུར་བཞིན་པ་རེད། ཁོང་ལ་གནད་དོན་ཁ་ཤས་ཐོག་བཅར་འདྲི་བྱས་པ་ཡིན།

དྲི་བ། དེང་སྐབས་ས་གནས་གཞོན་ལྷན་གྱི་གནས་སྟངས་ག་འདྲ་ཡིན།
ལན། སྦེལ་ཀོབ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གནས་སྟངས་ནི་ཕྱི་ལོ་༡༩༧༠ དང་༡༩༨༠ ནང་སྒྲིག་འཛུགས་ནང་ཆོལ་ཁ་དང་ལུང་ཚན་ཕྱོགས་རིས་འཐེན་འཁྱེར་གྱི་རྐྱེན་པས་དཀའ་ངལ་མང་དག་ཅིག་ལ་གདོང་ལེན་བྱ་དགོས་བྱུང་ཡོད་ནའང། ད་ཆ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་ཁམས་པའི་གཏམ་དཔེ་བཞིན་“བུ་ཕ་ཐོག་མ་རེད་དགྲ་ཐོག་རེད། བུ་མོ་མ་ཐོག་མ་རེད་གནས་ཐོག་རེད་”ཟེར་བ་བཞིན། ལྷན་ཚོགས་འདི་ཕྱིའི་དགྲ་བོ་དང་དགྲ་བོའི་རྗེས་འབྲང་པ་ཚོས་སྡང་ཟུག་བྱ་ཡུལ་དང། གཉེན་ཕྱོགས་ཀྱིས་དགའ་མོས་དང་ཡིད་ཆེས་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་མ་ཟད། རྒྱ་གར་ལྷོ་ཕྱོགས་གདན་ས་ཁག་གི་གཙོས་པའི་རིས་མེད་དགོན་སྡེ་གྲྭ་ཚང་དང། རྒྱ་ཆེའི་མང་ཚོགས་ཀྱི་མི་རྒྱུ་གཉིས་ཀྱི་མཐུན་འགྱུར་རྒྱབ་སྐྱོར་ལ་བརྟེན། ཚོགས་པའི་སྒྲིག་འཛུགས་སྲ་བརྟན་ཆགས་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། ལྷན་ཚོགས་ཀྱི་དམིགས་ཡུལ་བོད་རང་བཙན་འཐབ་རྩོད་དང་འབྲེལ་བའི་ལས་འགུལ་གཙོ་བོར་གྱུར་པའི་སྤྱི་ཚོགས་དང། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཞབས་ཞུ། ནང་ཆོས་དང་འབྲེལ་བའི་ཟབ་སྦྱོང་དང་བགྲོ་གླེང། མང་ཚོགས་ནང་མང་གཙོའི་འཕེལ་རིམ་དང་འོས་བསྡུའི་ལས་རིམ་གོང་མཐོར་གཏོང་ཐབས་བྱ་རྒྱུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས་སོ་སོའི་གྲོས་ཆོད་དགོངས་དོན་བཞིན་བྱ་འགུལ་ཁག་དང། དེ་མིན་བོད་ནང་གི་དོན་རྐྱེན་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་མཛད་རྗེས་ལ་རྒྱབ་སྐྱོར། གདུང་སེམས་མཉམ་བསྐྱེད་ཆེད་སྐབས་དང་དུས་སུ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ། ཞི་བའི་གོམ་བགྲོད། མིང་རྟགས་བསྡུ་རུབ་སོགས་ཀྱི་ལས་འགུལ་སྤེལ་དང་སྤེལ་བཞིན་པ་ཡིན། ད་ལྟའི་ཆར་སྦེལ་ཀོབ་ས་གནས་རྒྱུན་ལས་ནང་མི་བདུན་དང་གཞིས་གྲོང་སོ་སོར་རུ་དཔོན་༡༤། ཚོགས་མི་སྐྱ་སེར་ཕོ་མོ་གྲངས་༤༦༠ ལྷག་ཅིག་ཡོད།

དྲི་བ། ཉེ་ཆར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ནང་རྙོག་གླེང་མང་པོ་བྱུང་བའི་ཐད་བསམ་ཚུལ་གང་ཡོད།
ལན། དབུས་རྒྱུན་ལས་ནང་ཁུལ་གྱི་རྙོག་གླེང་ནི་གནས་ཚུལ་གསར་པ་གང་ཡང་མ་རེད། འདི་ནི་དབུས་རྒྱུན་ལས་སྐབས་༡༡ པ་ནས་ཡོད་པའི་ནད་རོ་རྙིང་པ་ཞིག་སྐབས་༡༣ པའི་རིང་ལ་ཡང་རྒྱུན་མ་ཆད་པར་མུ་མཐུད་མཇུག་སྐྱོང་བྱེད་བཞིན་པ་དེ་རེད། ནད་རོ་འདིའི་དམིགས་ཡུལ་དང་འབྱུང་ཁུངས་ལ་དོགས་གཞི་རང་བཞིན་དུ་གནས་ཡོད་པས། རིང་མིན་ཚོགས་ཆེན་སྐབས་གསལ་པོ་ཆགས་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཕྱོགས་ཕན་ཚུན་གཉིས་ནས་ནོར་འཁྲུལ་ཡོང་སྲིད་ཀྱང་ཕན་ཚུན་གོ་བསྡུར་གྱི་ལམ་ནས་གཙང་མ་བཟོ་དགོས་པ་ལས་སྒེར་ནད་སྤྱི་སྤུངས་དང་རྩ་ཆེའི་སྒྲིག་འཛུགས་རྩེད་མོ་རྩེད་བྱེད་བྱས་ན་ཡག་པོ་མ་རེད། ང་ཚོ་ས་གནས་ཀྱི་ངོས་ནས་རྒྱུན་ལས་སྒེར་ཞིག་ལས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ལས་ཀ་བྱེད་མཁན་གྱི་སྒྲིག་འཛུགས་འདི་གལ་ཆེ་བར་བརྩི་ཡི་ཡོད་ཅེས་ནན་བརྗོད་ཞུ་རྒྱུ་ཡིན།

དྲི་བ། ༢༠༡༡ ལོའི་བཀའ་ཁྲི་འོས་འདེམས་ཀྱི་སྐོར་ལ་བསམ་ཚུལ་གང་ཡོད།
ལན། ཕྱི་ལོ་༢༠༡༡ ལོར་འོས་འདེམས་བྱེད་རྒྱུའི་བཀའ་བློན་ཁྲི་པའི་སྐོར་ལ། ང་ཚོས་རྒྱུན་དུ་བཀའ་བློན་ཁྲི་པར་ཆ་རྐྱེན་མང་པོ་ཚང་བ་ཞིག་དགོས་ཀྱི་འདུག་བཤད་པ་ཙམ་མིན་པར། ཆ་རྐྱེན་ཆ་ཚང་འཛོམས་པའི་མི་ཞིག་ང་རང་ཚོའི་སྤྱི་ཚོགས་ནང་འདུག་གམ་མི་འདུག གལ་ཏེ་ཆ་རྐྱེན་ཚང་བ་ཞིག་མ་བྱུང་ནའང། ཤེས་འཇོན་གཉིས་ལྡན་༸གོང་ས་མཆོག་གི་རྒྱ་ཆེ་གཏིང་ཟབ་པའི་དགོངས་གཞི་རྣམས་ཆ་ཚང་བསྒྲུབ་རྒྱུའི་གདེངས་ཚོད་དང་ཆོད་སེམས་བརྟན་པོ་ཡོད་མཁན་ཞིག་ངེས་པར་དུ་ཡོད་དགོས། དགུང་ལོ་ཡང་ཆེ་མ་དྲགས། ཆུང་མ་དྲགས་པའི་དར་མ་ཞིག་བྱུང་ན་ཡག་པོ་འདུག དེ་ཡང་གནམ་ཐོག་ནས་འབྲུག་ལྟར་འུར་སྒྲ་སྒྲོག་པ་ཙམ་མིན་པར་ས་ཐོག་ལ་བབས་ནས་མི་མང་གི་དངོས་ཡོད་བདེ་སྡུག་གཟིགས་ཐུབ་མཁན་ཞིག་བྱུང་ན་བསམ་པའི་རེ་བ་བྱེད་ཀྱི་ཡོད།

དྲི་བ། ཁྱེད་རང་གིས་ང་ཚོའི་མང་གཙོའི་སྐོར་ལ་དགོངས་ཚུལ་གང་ཡོད།
ལན། སྤྱིར་བཏང་འཛམ་གླིང་ནང་ལམ་སྲོལ་མང་པོ་ཞིག་ཡོད་པའི་ནང་ནས་མང་གཙོའི་ལམ་སྲོལ་དེ་ཡག་ཤོས་ཤིག་ལ་ངོས་འཛིན་ཞུ་ཡི་ཡོད་པ་ལྟར། ༧གོང་ས་མཆོག་ནས་ཀྱང་ལམ་སྲོལ་ཡག་ཤོས་དེ་བོད་མི་ཚོར་གསོལ་རས་བསྩལ་གནང་ཡོད་པ་རེད། འོན་ཀྱང། རང་རེ་བོད་མི་ཚོའི་ངོས་ནས་མང་གཙོའི་འགན་དབང་ཚུལ་བཞིན་ལག་བསྟར་མ་ཐུབ་པའི་དཀའ་ངལ་ཡོད་བཞིན་པར་བརྟེན། མང་ཚོགས་ནང་མང་གཙོའི་གོ་རྟོགས་གོང་འཕེལ་གཏོང་དགོས་པ་གལ་ཆེན་པོ་ཡིན་པས། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཚང་མས་ཁུར་མཉམ་བཞེས་གནང་གལ་ཆེ།

དྲི་བ། ཁྱེད་རང་ལ་བོད་ཀྱི་བང་ཆེན་གསར་ཤོག་བརྒྱུད་མི་མང་ལ་འབོད་སྐུལ་དེ་འདྲ་བྱེད་རྒྱུ་ཡོད་དམ།
ལན། རྒྱ་ཆེའི་མང་ཚོགས་ལ་རེ་སྐུལ་ཞུ་རྒྱུར། མང་གཙོའི་འགན་དབང་ཆེ་ཤོས་ནི་རང་གི་འགོ་ཁྲིད་རང་གིས་འོས་འདེམས་བྱ་རྒྱུ་དེ་ཡིན་པ་ཚང་མས་གསལ་པོ་ཤེས་པའི་ཐོག་ནས། བཀའ་བློན་ཁྲི་པ་དང་བོད་མི་མང་སྤྱི་འཐུས་འོས་འདེམས་ཀྱི་ལས་རིམ་ནི་ཧ་ཅང་གལ་གནད་ཆེ་བར་བརྟེན། “གྲོས་མི་ལ་བྱས། ཐག་རང་གིས་ཆོད་”ཟེར་བའི་ཁ་དཔེ་ལྟར། མ་འཕྱུག་མ་ནོར་བའི་བཀའ་ཁྲི་དང་འཐུས་མི་འདེམས་རྒྱུའི་འགན་འཁྱེར་དགོས་པ་མ་ཟད། འོས་བསྡུའི་ཉིན་རང་གི་ནང་མི་གཅིག་ཀྱང་མ་ལུས་པར་འོས་འཕེན་ནང་ཆ་ཤས་ལེན་ཐུབ་པ་གནང་རྒྱུ་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན། དེ་བཞིན་ང་ཚོ་མི་མང་གིས་བདམས་བཞག་པའི་སྤྱི་འཐུས་རྣམས་པས་ཀྱང་རྒྱ་ཆེའི་མང་ཚོགས་ཀྱིས་རེ་འདུན་ཞུས་པ་བཞིན་སྤྱི་འཐུས་ཀྱི་འོས་ཐོབ་ཏེ་དམ་འབུལ་ཞུས་པའི་ཉིན་མོ་ནས་བཟུང་ཆོལ་ཁ་དང་ལུང་ཚན་གྱི་འཐེན་འཁྱེར་སྤངས་ཏེ། བོད་སྤྱི་པའི་མི་ཞིག་ཡིན་བསམ་པའི་དགོངས་པ་བཞེས་དགོས་པ་མ་ཟད། དམ་བཅའི་རྩ་ཚིག་འབྲུ་དོན་ལས་མ་འགལ་བ་ཞིག་ངེས་པར་དུ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།
མེ་སོར་གསར་འགོད་པས་བཅར་འདྲི་བྱས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།