ཆོལ་ཁའི་ཞེན་ཁོག་དང་སྤྱི་མི་ཚད་ལྡན།
ལོ་འདིར་འོས་བསྡུ་ཆེན་མོ་གཉིས་དུས་གཅིག་ཏུ་འཁེལ་ཡོད་སྟབས་ཚོགས་པ་སྐྱིད་སྡུག་དང་མི་སྒེར་བཅས་ཀྱིས་འོས་གཞི་འགྲེམས་བཀྲམ་བྱེད་མཁན་མང་པོ་ཡོང་བཞིན་ཡོད་པ་དང། ཅུང་ཤུགས་རྐྱེན་ཆེ་བའི་ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་ཀྱི་ནང་ནས་སྤྱི་འཐུས་ཀྱི་འོས་གཞི་གསལ་བསྒྲགས་སྔ་ཤོས་དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་དེ་ཆགས་ཡོད་པ་རེད།
ད་ལོ་འོས་གཞི་བཀྲམ་མཁན་ཧ་ཅང་མང་བ་བཞིན་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་འགོ་བཙུགས་ཏེ་འོས་གཞི་རྣམས་ལ་ཆ་རྐྱེན་འདྲ་མིན་འདོན་བཞིན་ཡོད་པ་དང། ལྷག་པར་དུ་དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ཀྱི་ངོས་ནས་སྤྱི་འཐུས་ཀྱི་འོས་གཞི་གྲངས་༢༠ འདོན་འགྲེམས་བྱས་ནས་དེ་དག་ལ་“དབུས་གཙང་ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་དང། དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ཤར་བསྐྱོད་བྱེད་རྒྱུར་ངོས་ལེན་དགོས་པའི་”ཆ་རྐྱེན་ལ་ཡིག་ཐོག་ནས་ཁས་ལེན་གནང་ཡོད་ཚུལ་གསར་འགོད་གསལ་བསྒྲགས་ཐོག་ཚོགས་གཙོ་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་གསུངས་ཡོད་པ་རེད། སྤྱི་འཐུས་ཀྱིས་དམ་བཅའ་འབུལ་བའི་སྐབས་དྲང་བདེན་ལྷག་བསམ་རྣམ་དག་དང་སྤྱི་མི་ཚད་དང་ལྡན་པ་ཞིག་བྱེད་རྒྱུ་ཡིན་ཞེས་མཆོག་གསུམ་དཔང་བཙུགས་ཀྱིས་ཁས་ལེན་ནམ། ཡང་ན་དམ་བཅའ་བརྟན་པོ་བྱེད་དགོས་པས་གོང་གསལ་བཞིན་རང་ཉིད་ཀྱི་ཆོལ་ཁར་ཞེན་ཁོག་དགོས་པའི་ཆ་རྐྱེན་དེ་ཁས་ལེན་གནང་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་མི་མཐུན་པ་རང་བཞིན་གྱིས་ཆགས་ཡོད་པ་རེད། དེ་བཞིན་དབུས་དང་ས་གནས་གཞོན་ནུའི་ཚོགས་གཙོ་ཚོགས་གཞོན་ཟུར་པ་ལྔ་དང། རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཟུར་གཅིག་བཅས་ལའང་སྤྱི་འཐུས་ཀྱི་འོས་གཞིའི་ནང་མིང་འདོན་རྒྱུའི་ཆ་རྐྱེན་དབུ་མའི་ལམ་དུ་ཤར་བསྐྱོད་བྱེད་དགོས་ཞེས་ཡིག་ཐོག་ནས་ཁས་ལེན་བྱེད་དུ་བཅུག་པ་མང་གཙོ་རུ་ཁས་འཆེ་བའི་སྤྱི་ཚོགས་ཤིག་ལ་མཚོན་ན་འོས་འཚམས་ཤིག་གཏན་ནས་མིན།
གནད་དོན་འདིའི་ཐོག་ནས་བློ་ཕམ་བྱེད་དགོས་པ་ཞིག་ནི། བོད་ཕྱི་ནང་གཉིས་སུ་དགའ་ཞེན་བྱེད་མི་རུང་བ་མ་ཟད། ངག་ནས་བརྗོད་མི་རུང་བའི་མིང་ཚིག་ཅིག་ཡོད་པ་ནི་བོད་རང་བཙན་ཡིན་ལ། བོད་ནང་དུ་རང་བཙན་གྱི་སྐད་འབོད་དང་སྦྱར་ཡིག་ལ་བརྟེན་ནས་ཚེ་སྲོག་ཤོར་བའང་བྱུང་ཡོད་པ་དང། མི་ཚེ་བཙོན་ཁང་དུ་བཞུགས་དགོས་པའང་བྱུང་ཡོད། ལོ་གང་མང་བཙོན་ཁང་དུ་ཚུད་པ་ནི་ཧ་ཅང་མང་པོ་བྱུང་ཡོད་པ་ཚང་མས་མཁྱེན་གསལ་རེད། བཙན་བྱོལ་ནང་དུ་ཤེས་འཇོན་དང་ཉམས་མྱོང་གང་ཐད་ནས་སྤྱི་འཐུས་གནང་ཐུབ་མཁན་དང་གནང་འོས་མཁན་ཞིག་ཡིན་ནའང། བོད་རང་བཙན་གྱི་ལྟ་ཚུལ་བཟུང་ན་སྤྱི་འཐུས་ཀྱི་འོས་གཞིའི་ཁོངས་སུ་ཞུགས་མི་ཆོག་པའི་ཆ་རྐྱེན་སྒྲིག་འཛུགས་ཀྱི་ངོས་ནས་ཡོངས་གྲགས་འདོན་མཁན་ཡོད་པས། བོད་རང་བཙན་འདོད་མཁན་རྣམས་ལ་འདྲ་མཉམ་ཆབ་སྲིད་ཀྱི་ཁེ་དབང་མེད་པར་འགྱུར་བཞིན་ཡོད། རྒྱ་ནག་གཞུང་དང་བཙན་བྱོལ་བོད་གཞུང། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་ཚོགས་སྡེ་རེ་ཟུང་གི་བྱེད་སྟངས་འདི་ལྟ་བུ་ལ་བརྟེན་ནས་དེང་སྐབས་རྒྱལ་སྤྱིའི་ནང་དུའང་བོད་རང་བཙན་སླར་གསོའི་ཐོག་རྒྱབ་སྐྱོར་གནང་མཁན་དག་གི་དབུ་འཕངས་དམའ་རུ་གཏོང་བཞིན་ཡོད་ལ། བྱེད་སྟངས་འདི་དག་ལ་བལྟས་ན་མ་འོངས་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་རང་བཙན་སླར་གསོའི་འདོད་ཚུལ་འཛིན་མཁན་རྣམས་ལ་ཆོས་དང་ཟང་ཟིང་གིས་འབྲེལ་བ་མི་བྱེད་རྒྱུའི་ཁས་ལེན་དམ་བཅའ་བྱེད་དགོས་པའི་ཚད་དུ་སླེབས་མི་སྲིད་པའང་གཏན་ནས་མིན། བོད་རང་བཙན་གྱི་ལྟ་ཚུལ་འཛིན་མཁན་གྱི་ཚོགས་སྡེ་གལ་ཆེ་ཤོས་ཤིག་ཡོད་པ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཡིན་ཡང། ལོ་བདུན་བརྒྱད་ཙམ་ནས་འགོ་བཙུགས་ཏེ་ནང་ཁུལ་མི་མཐུན་པའི་གནས་ཚུལ་གང་མང་ཐོན་ཡོད་པ་དང། ད་ལྟའི་ཆར་ཡང་བཟློག་དཀའ་བའི་དཀའ་ངལ་གང་མང་ཡོད་པ་ཕྱི་གསལ་ནང་གསལ་རེད། འདི་དག་ཀྱང་བོད་བཙན་སླར་གསོའི་དམིགས་ཡུལ་ཡོད་པའི་ཚོགས་སྡེ་ཆེ་ཁག་རྣམས་ཀྱི་ནུས་པ་ཉམས་དམས་སུ་གཏོང་ཆེད། བོད་རང་བཙན་གཏན་ནས་མི་གླེང་བར་དབུ་མའི་ལམ་དུ་ཤར་བསྐྱོད་བྱེད་རྒྱུ་ཡིག་ཐོག་ནས་ཁས་ལེན་དམ་བཅའ་བྱེད་མཁན་རེ་ཟུང་དང། དེ་དག་གི་རྒྱབ་ལོགས་ན་སྲིད་དོན་པ་རེ་ཟུང་ལྕགས་ཐག་ལག་སྦྲེལ་གྱི་ཐབས་ཤེས་ལུ་གུ་རྒྱུད་དུ་སྤེལ་བཞིན་མེད་དམ་བསམ་པའི་དོགས་པ་དང་ཐེ་ཚོམ་བློ་འཚབ་བཅས་ཀྱང་རང་བཞིན་གྱིས་ཡོང་གི་འདུག འདི་ལྟར་བྱས་ནས་བོད་མི་རིགས་ལ་ཕན་ནམ། ཡང་ན་རྒྱ་ནག་གཞུང་ལ་ཕན་འདི་དག་གི་ཐོག་ནས་བསམ་བློ་ཞིབ་ཕྲ་བཏང་ན་སྐྱོ་རོགས་གཅིག་ཀྱང་མེད་པར་ཁེར་རྐྱང་དུ་ངུ་ཤུམ་བྱེད་པ་ལས་གཞན་ཐབས་ཤེས་ག་རེ་ཡོད།།
{jcomments on}