བཀའ་ཁྲི་སྐྱབས་བཅོལ་བ་ཞིག་དགོས་སམ།

སྐྱབས་བཅོལ་བའི་འགོ་ཁྲིད་སྐྱབས་བཅོལ་བ་ཞིག་ངེས་པར་དུ་ཡིན་དགོས།
ད་ལྟའི་ཆར་བཀའ་བློན་ཁྲི་པ་ག་འདྲ་ཞིག་དགོས་མིན་སྐོར་ལ་བགྲོ་གླེང་དང་བསམ་ཚུལ་འདྲ་མིན་སྣ་ཚོགས་ཤིག་སླེབས་བཞིན་འདུག་ལ། ཁ་ཤས་ཀྱིས་མི་སྣ་དམིགས་འཛུགས་ཀྱིས་དེ་དང་འདི་དགོས་ཚུལ་བརྗོད་བཞིན་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ཧྲིལ་པོ་༧༥ ལ་ཕེབས་པ་དང་བོད་ལུགས་ལྟར་ན་༧༦ ལ་ཕེབས་པ་རེད།

ད་ལྟའི་དུས་འདིར་རྒྱ་བལ་འབྲུག་གསུམ་སོགས་སུ་སྐྱབས་བཅོལ་དུ་གནས་པའི་བོད་རིགས་རྣམས་ལ་མཚོན་ན་༧གོང་ས་མཆོག་གི་ཐུགས་རྗེའི་གྲིབ་བསིལ་གྱི་འོག་ནས་དཀའ་ངལ་ཆེན་པོ་མེད་ཀྱང། བོད་མི་རིགས་ཀྱི་མ་འོངས་པའི་བདེ་སྡུག་ཐག་གཅོད་བྱེད་རྒྱུའི་ཐད་ལ་ད་དུང་འབྲས་བུ་ཆེན་པོ་སྨིན་མེད་སྟབས། བོད་དོན་འཐབ་རྩོད་ཀྱི་གནས་ཚུལ་འདི་ཉིད་མུ་མཐུད་མི་རབས་ནས་མི་རབས་བར་དུ་རྒྱུན་སྐྱོང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ད་ལྟའི་བཙན་བྱོལ་བོད་གཞུང་འདི་ཉིད་ལ་མཚོན་ན་སྐྱབས་བཅོལ་བོད་མིའི་གཞུང་ཞིག་ཡིན་པ་དང། བོད་གཞིས་བྱེས་གཉིས་ཀྱི་ངོ་ཚབ་མཚོན་ཐུབ་པའི་གཞུང་ཞིག་ཀྱང་ཡིན་དགོས། དེར་བརྟེན་ང་ཚོ་ལ་དགོས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་ཀྱང་བོད་མི་སྐྱབས་བཅོལ་བ་ཞིག་ངེས་པར་དུ་ཡིན་དགོས་པ་ལས། ཁྲག་རྒྱུན་ཁོ་ན་བོད་པ་ཞིག་ཡིན་མིན་ལ་མ་ལྟོས་པར་རྒྱལ་ཁབ་གཞན་གྱི་མི་སེར་དུ་ཞུགས་ནས་སྐྱབས་བཅོལ་གྱི་གནས་བབས་དོར་ཟིན་པ་ཞིག་བཀའ་བློན་ཁྲི་པ་རུ་བསྐོས་ན་འོས་འཚམ་ཡིན་མིན་སྐྱབས་བཅོལ་མི་མང་ཡོངས་ཀྱིས་གཟབ་ནན་གནང་དགོས་པ་ཞིག་རེད། ད་ལྟའི་ཆར་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་སྨྲོས་མེད་ཐོག རྒྱ་བལ་འབྲུག་གསུམ་ལ་མཚོན་ནའང་བོད་པ་འབྱོར་ལྡན་དང་དཔོན་རིགས་གང་འཚམས་ཤིག་གིས་སྐྱབས་བཅོལ་བའི་གནས་བབས་དོར་ནས་ཡུལ་སོ་སོའི་རྒྱལ་ཁབ་ཀྱི་ཆབ་འབངས་སུ་ཞུགས་ཟིན་ཀྱང། བོད་རིགས་དཀྱུས་མ་མང་པོ་ཞིག་རང་འཇགས་སྐྱབས་བཅོལ་གྱི་གནས་བབས་མ་དོར་བར་གནས་ཡོད་པ་དང། གཞུང་འདི་ཡང་བོད་པ་སྐྱབས་བཅོལ་བའི་གཞུང་གི་ངོ་བོའི་ཐོག་ཏུ་གནས་ཡོད། དེར་བརྟེན་བོད་པ་སྐྱབས་བཅོལ་བའི་གནས་སྟངས་འདི་བསྡུ་གསོག་མ་བརྒྱབ་བར་སྐྱབས་བཅོལ་བའི་ཆབ་སྲིད་ཀྱི་དབུ་ཁྲིད་སྐྱབས་བཅོལ་བ་ཞིག་གིས་གནང་དགོས་པ་ལས། ཨ་རི་བ་ཞིག་དང་། ཨིང་ལན་པ་ཞིག ཡང་ན་རྒྱ་གར་བ་ཞིག་དང། བལ་པོ་ཞིག་སྐྱབས་བཅོལ་གཞུང་གི་དབུ་ཁྲིད་དུ་བདམས་ན་དེ་ནི་འོས་འཚམས་གཏན་ནས་མེད་པ་ཞིག་ཏུ་གྱུར་པའི་ཚོར་སྣང་རང་བཞིན་གྱིས་ཡོང་གི་འདུག

ད་ལྟའི་ཆར་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མིའི་ནང་དུ་སྐྱབས་བཅོལ་བའི་གནས་བབས་དོར་ཟིན་པ་མང་པོ་ཡོད་ལ། བཀའ་བློན་གྱི་ནང་དུའང་ཡོད། དེ་བཞིན་དྲུང་ཆེའི་ནང་དུའང་སྐྱབས་བཅོལ་གྱི་གནས་བབས་དོར་ཟིན་པ་ཡོད་པ་ཚང་མས་ཤེས་གསལ་ལྟར་རེད། ཐ་ན་བོད་གཞུང་གིས་ཕྱི་རྒྱལ་དོན་གཅོད་ཁག་ཏུ་དོན་གཅོད་དམ། དེའི་ལས་བྱེད་པར་བཏང་བའི་ཚེ་རང་ཉིད་ཀྱིས་ཡུལ་ལུང་དེའི་མི་སེར་རག་ཐབས་ཀྱི་ལས་ཀ་དེ་གཙོ་བོར་འཛིན་མཁན་ཡོད་ལ། རེ་ཟུང་ཞིག་ཕྱིར་རྒྱ་གར་ལ་བོད་གཞུང་གི་ཕྱག་ལས་གནང་བར་ཡོང་བའི་སྐབས་ཀྱང་རྒྱ་གར་དུ་བཞུགས་ཆོག་པ་དང། ཕྱག་ལས་གནང་ཆོག་པའི་ཆོག་མཆན་གྱི་འགྲོ་སོང་ཡང་བོད་གཞུང་གི་སྔོན་རྩིས་ནས་ཞུ་དགོས་པ་ལྟ་བུ་ཡོང་གི་ཡོད། འདི་དག་ཚང་མའི་གནས་སྟངས་ད་ལྟའི་ཆར་ཐག་གཅོད་ཐུབ་པ་ཞིག་ཡིན་མིན་ཇི་ལྟར་ཡང། གཙོ་ཆེ་ཤོས་བཀའ་བློན་ཁྲི་པས་དབུས་པའི་བཀའ་བློན་རྣམ་པ་དང། ཁྲིམས་ཞིབ་པ་ཆེ་བས་དབུས་པའི་ཁྲིམས་ཞིབ་པ་རྣམ་པ། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་བཅས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམས་སྐྱབས་བཅོལ་བའི་གནས་བབས་དོར་མེད་པ་ཞིག་དགོས་པ་དེ་ཧ་ཅང་གལ་ཆེ་བར་སྣང། གནད་དོན་འདི་སྣང་མེད་འཇོག་རུང་བ་ཞིག་གཏན་ནས་མིན་པ་དང། གལ་སྲིད་གནད་དོན་འདི་ལ་དེ་ཙམ་གྱི་གལ་གནད་ཆེན་པོར་བརྩི་མི་དགོས་པ་ཞིག་ཡིན་ན་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་མི་མང་དཀྱུས་མ་རྣམས་ཡུལ་ལུང་སོ་སོའི་མི་སེར་མ་བཟོས་པ་ཙམ་གྱིས་རྩ་དོན་ལ་ཕན་གནོད་གང་ཡོད་བསམ་བློ་ངེས་པར་དུ་གཏོང་དགོས། མདོར་ན་སྐྱབས་བཅོལ་བའི་ཆབ་སྲིད་ཀྱི་དབུ་ཁྲིད་སྐྱབས་བཅོལ་བ་ཞིག་དགོས་པ་ལས། ཨ་རི་བ་ཞིག་མི་དགོས་ལ། རྒྱ་གར་བ་ཞིག་ཀྱང་མི་དགོས། ཡུལ་ལུང་གཞན་དག་གི་མི་སེར་ཞིག་ཀྱང་མི་དགོས་པ་ནི་ཆབ་སྲིད་ཀྱི་གནད་དོན་དང་མི་རིགས་ཀྱི་ལ་རྒྱའི་གནད་དོན་དང་འབྲེལ་བ་ཡོད་པ་ཞིག་ཡིན།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།