བཙལ་བཙལ་ནས་རྙེད་པའི་བཀའ་ཁྲི།

བསོད་ནམས་རྒྱལ།  ས་རཱ།
ད་ནི་རང་རེའི་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་རྩ་དོན་དང་ཐད་ཀར་ཧ་ཅང་འབྲེལ་བ་ཆེ་བའི་རང་གཞུང་བཀའ་སྤྱི་གཉིས་ཀྱི་འོས་འདེམས་ཆེན་མོ་དེ་ཉིད་ཉིན་རེ་བཞིན་བར་ཐག་ཇེ་ཉེ་ནས་ཇེ་ཉེ་རུ་སླེབས་བཞིན་པའི་སྐབས་འདིར། རྒྱ་ཆེའི་མང་ཚོགས་ཀྱིས་སྔར་ལྷག་དོ་སྣང་དང་ཐུགས་ཁུར་གང་ལེགས་གནང་བཞིན་པ་ནི།

རང་ཅག་ཚང་མ་དགའ་འོས་པའི་དོན་དག་ཅིག་ཅི་ལ་མིན། དེས་ན་གུས་པ་རང་ཉིད་ཀྱང་བོད་པ་ཞིག་ཡིན་པའི་ཆ་ནས། རང་འགན་རང་འཁྱེར་གྱི་སྒོ་ནས་སྐབས་ཐོག་འབྱུང་འགྱུར་གྱི་སྐབས་བཅུ་བཞི་པའི་བཀའ་བློན་ཁྲི་པའི་འོས་འདེམས་སྐོར་ཕན་ཚུན་གོ་རྟོགས་སྤེལ་རེས་དང་བསམ་ཚུལ་བརྗེ་ལེན་གྱི་ཚུལ་མདོར་ཙམ་ཞིག་གླེང་བར་བྱའོ། །

སྤྱིར་བོད་སྤྱི་པའི་རྩ་དོན་སྒྲུབ་ནུས་མཁན་ཞིག་ཡིན་ཚེ་དེར་སྐྱ་སེར་རྒན་གཞོན་ཕོ་མོ་སུ་འདྲ་ཞིག་ཡིན་ཡང། ཁྱད་མེད་ཀྱི་ངོས་ནས་འོས་ཤོག་བླུག་རྒྱུ་ནི་འོས་བླུག་མཁན་གྱི་ངོས་ནས་བཤད་ན་དང་ཐོག་གི་བསམ་བློའི་འཁྱེར་ཕྱོགས་གལ་གནད་ཅན་ཞིག་ཏུ་ངོས་འཛིན་ཐུབ་པར་བྱ་རྒྱུ་ཤིན་ཏུ་གལ་འགངས་ཆེ། བོད་མི་ས་ཡ་དྲུག་གི་ཆབ་སྲིད་ཀྱི་དབང་ཚད་མཐོ་ཤོས་ལྡན་པའི་བཀའ་བློན་ཁྲི་པ་བྱེད་མཁན་ཞིག་ལ་ཅི་ནས་ཀྱང་ཆ་རྐྱེན་ཁག་ངེས་ཅན་ཞིག་ཚང་དགོས་པ་ནི་མེད་ཐབས་བྲལ་བའི་སྔོན་འགྲོའི་ཆ་རྐྱེན་ལྟ་བུར་གྱུར་ཡོད།

དེ་ཡང་ཆ་རྐྱེན་དང་པོ་ནི། བོད་མི་རིགས་ཀྱི་རྩ་དོན་དང་དེའི་ངོ་བོ། བོད་ཕྱི་ནང་གི་སྔ་ཕྱིའི་ལོ་རྒྱུས་དང་འབྲེལ་བའི་བྱུང་རིམ་ཁག་དང། ལྷག་པར་དུ་ད་ལྟའི་ཆགས་འཇིག་གི་གནས་བབས། དེ་བཞིན་མ་འོངས་ཀྱི་ཁ་ཕྱོགས་དང་མངོན་འདོད་བཅས་ལ་རྒྱུས་མངའ་དང་མཁྱེན་རྟོགས་གཏིང་ཟབ་ཡོད་པ། གཉིས་པ། ལྡོག་ཏུ་མེད་པའི་དུས་འགྱུར་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་དབང་གིས་དུས་རབས་ཉེར་གཅིག་པའི་སྐབས་འདིར་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཆབ་དཔལ་རིག་གསུམ་ལ་ངེས་པར་དུ་གོ་རྟོགས་ཟབ་མོ་ཡོད་པ། གསུམ་པ། སྐབས་ཐོག་རང་རེའི་དགྲ་བོའམ་ཁ་གཏད་ངོ་མ་དེ་ནི་རྒྱ་ནག་གུང་ཁྲན་ཏང་ཆགས་ཡོད་པས། དེའི་གནས་བབས་དང་ཆབ་སྲིད་ཀྱི་ལངས་ཕྱོགས། ཁྱད་པར་དུ་བོད་ཐོག་འཛིན་པའི་སྲིད་ཇུས་དང། ལག་བསྟར་རྣམས་ལ་ཐུགས་རྒྱུས་ཚད་མཐོ་ཡོད་པ། ད་དུང་ལྷག་བསམ་དང་སྙིང་སྟོབས། ཆོད་སེམས་དང་མཁྱེན་རྒྱ་ཡངས་པོ་དགོས་རྒྱུ་བཅས་ནི་མེད་དུ་མི་རུང་བའི་གཞི་རྩའི་ཆ་རྐྱེན་ཁག་ཅིག་རེད། དེ་འདྲའི་ཆ་རྐྱེན་ཡོངས་སུ་ཚང་བ། རང་རེའི་སྤྱི་ཚོགས་ཁྲོད་མི་སྣ་ཇི་སྙེད་ཅིག་ཡོད་པའི་ནང་ནས་ཆེས་འོས་ཤོས་དང། མཆོག་ཏུ་གྱུར་པ་ནི་ཁྲིམས་ལུགས་ཆེད་མཁས་བློ་བཟང་སེང་གེ་མཆོག་མཐོང་སོང།

༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཧ་ཅང་ཐུགས་རྒྱ་ཡངས་པོའི་སྒོ་ནས་རང་ཅག་བོད་མི་རྣམས་ལ་ཐུགས་བརྩེ་བ་ཆེན་པོས། མང་གཙོའི་ལམ་སྲོལ་བཟང་པོ་འདི་ཉིད་གསོལ་རས་ཀྱི་ཚུལ་དུ་བསྩལ་གནང་བ་དེ་གུས་པས་ཆ་ཤས་བླངས་ནས་མང་གཙོའི་ཁེ་དབང་འདི་ཉིད་ལོངས་སུ་སྤྱད་དེ། སླེབས་ལ་ཉེ་བའི་བཀའ་བློན་ཁྲི་པའི་འོས་ཤོག་དེ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་འཕེན་རྒྱུའི་ཆོད་སེམས་དང་བཅས་བོད་མི་རིགས་ཀྱི་བདེ་སྡུག་ལ་མངོན་དུ་བསུའོ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།