སྐད་ཡིག་དང་མི་རིགས་ཀྱི་འཆི་གསོན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༨༩
བོད་གཞིས་བྱེས་གཉིས་སུ་གྱེས་པའི་སྐབས་འདིར་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་ཡར་རྒྱས་སྐོར་གྱི་ཁ་གཡང་སྒྲོག་མཁན་མང་པོ་ཞིག་ཡོད་ལ། དེའི་ཆེད་དུ་དངོས་ཡོད་ཀྱི་ལས་དོན་སྒྲུབ་མཁན་ཡང་ཡོད་པ་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད། ད་ལྟའི་ཆར་བོད་རིགས་གང་མང་ཞིག་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་བཞིན་ཡོད་པས།

ཕྱོགས་གང་ནས་བལྟས་ཀྱང་ཁོང་ཚོའི་མི་རབས་གཉིས་པ་གསུམ་པ་ཙམ་ནས་ཡུལ་ལུང་སོ་སོའི་མི་རིགས་ཀྱི་ངོ་བོར་ཐིམ་རྒྱུ་ལས་མེད་པའི་ཚོད་དཔག་བྱེད་མཁན་མི་ཉུང་བ་ཞིག་ཡོང་བཞིན་ཡོད། ཉེ་བའི་ཆར་སྦེལ་རྗམ་དུ་བོད་ཀྱི་རིག་གནས་ཟབ་སྦྱོང་ཞིག་འཚོགས་འདུག་པ་མ་ཟད། བོད་རིགས་ལྷག་བསམ་ཅན་ཁག་ཅིག་གིས་སྣེ་ཁྲིད་ནས་བདུན་ཕྲག་རེ་རེ་བཞིན་རེས་གཟའ་སྤེན་པ་ནམ་ཡིན་ལ་བོད་ཀྱི་བུ་ཕྲུག་རྣམས་ལ་བོད་ཀྱི་རིག་གནས་སློབ་ཁྲིད་ཀྱི་བྱ་བ་ཕྲག་ཏུ་ལེན་བཞིན་པ་ནི་ཧ་ཅང་བསྔགས་འོས་ཀྱི་རང་བཞིན་དུ་གྱུར་ཡོད། དེ་བཞིན་སུད་སི་དང། ཨ་རི་སོགས་ཡུལ་གྲུ་ཁག་ཅིག་ཏུའང་དེ་ལྟ་བུའི་ལས་འགུལ་སྤེལ་བཞིན་པའི་གནས་ཚུལ་ཐོས་རྒྱུ་ཡོད་པས། བོད་ཕྲུག་རྣམས་ལ་བོད་ཀྱི་རིག་གནས་ཤེས་ཚད་གང་ཐད་ནས་ཕུན་སུམ་ཚོགས་པ་ཞིག་ཆགས་མ་ཐུབ་ཀྱང། བག་ཆགས་ཙམ་འཇོག་ཐུབ་ནའང་ཕན་འབྲས་ཆེན་པོ་ཡོད་པ་སྨྲོས་མི་དགོས་པ་རེད། བཙན་བྱོལ་བོད་པའི་སློབ་གྲྭ་ཁག་ཏུ་བོད་ཡིག་གི་རྩོམ་ཡིག་འགྲན་སྡུར་ནང་བྱ་དགའ་ཐོབ་མཁན་དང་བོད་ཡིག་ཡག་གྲས་རྣམས་བོད་ནས་གསར་དུ་འབྱོར་བ་རྣམས་ཡིན་ལ། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མང་ཆེ་བ་ཞིག་གིས་བོད་ཡིག་མཁོ་མེད་དང་བེད་མེད་དུ་བརྩི་བའི་ལྟ་སྟངས་ངན་པ་ཞིག་རྒྱུན་འབྱམས་སུ་སོང་ཡོད། དབྱིན་ཡིག་ཤེས་ན་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་ལས་ཀ་རག་ཐུབ་ཀྱི་ཡོད་པའི་ངོས་འཛིན་བྱེད་བཞིན་ཡོད་ཀྱང། དོན་དངོས་སུ་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་ཆེ་མཐོང་དང་ཕན་ཐོགས་ཡོད་པའི་ལས་ཀ་རག་མཁན་ཕལ་ཆེ་བ་དབྱིན་ཡིག་དང་བོད་ཡིག་གཉིས་ཀ་ཤེས་མཁན་རྣམས་ཡིན་པ་ལས། དབྱིན་ཡིག་ཤེས་མཁན་ཡུལ་ལུང་སོ་སོའི་མི་རིགས་ནང་ཧ་ཅང་མང་བས་བོད་རིགས་རྣམས་ལ་གོ་སྐབས་འཐོབ་རྒྱུ་ནི་ཤིན་ཏུ་དཀོན། དེར་བརྟེན་ཕྱི་རྒྱལ་ལ་འགྲོ་རྒྱུ་ཁོ་ན་རུ་བསམ་བློ་བཏང་ཡང་བོད་དབྱིན་གཉིས་ཀ་ཤེས་ན་ཐབ་ཚང་ནང་གི་གཡོག་ལས་ཁོ་ན་ཙམ་མ་ཡིན་པའི་ལས་ཀའི་གོ་སྐབས་འཐོབ་ཐུབ།

བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ནས་སློབ་གྲྭ་ཐོན་མཁན་རྣམས་ལ་མཚོན་ན་བོད་ཡིག་ཡར་རྒྱས་གཏོང་རྒྱུའི་བསམ་བློ་དང་བརྩོན་པ་ཡོད་ན་དུས་ཡུན་ཐུང་ངུའི་ནང་ནས་བོད་ཡིག་རང་འགོ་ཐོན་པ་ཆགས་ཐུབ་པའི་གཞི་རྩའི་ཆ་རྐྱེན་ཚང་ཡོད། ཕྱོགས་གཅིག་ནས་བོད་ཀྱི་སྐད་ཡིག་རང་ཉིད་ཀྱི་མ་སྐད་ཡིན་པ་དང། བཙན་བྱོལ་བོད་པའི་སློབ་གྲྭ་ཁག་གི་ནང་དུ་བུ་ཕྲུག་རྣམས་ཆུང་ངུའི་སྐབས་ནས་བརྡ་སྤྲོད་དང་སྙན་ངག་སོགས་ཀྱི་གཞི་རིམ་འགྲོ་སྟངས་ཆ་ཚང་སློབ་ཁྲིད་བྱེད་ཀྱི་ཡོད་སྟབས། སློབ་སྦྱོང་བྱེད་བཞིན་པའི་སྐབས་སུ་གྲུབ་འབྲས་ དེ་ཙམ་མཐོང་རྒྱུ་མེད་ཀྱང། སློབ་ཐོན་བྱུང་ནས་ལས་ཀར་དངོས་སུ་ཞུགས་པའི་སྐབས་སྔར་ངག་སྐྱོར་བཏང་ཟིན་པའི་ལེགས་བཤད་ལྗོན་དབང་དང།  དཀའ་གནད་གསལ་མེ། བྱིས་པ་དག་ཡིག་ལྟ་བུ་ལག་ལེན་དངོས་ཀྱི་ཐོག་ནས་གོམས་འདྲིས་སུ་གྱུར་ཏེ་བོད་ཡིག་ལ་མཁས་པར་འགྱུར་རྒྱུ་ལས་སླ་པོ་ཡིན། འོན་ཀྱང་སློབ་ཐོན་པ་རང་ཉིད་ཀྱི་ངོས་ནས་བོད་ཡིག་ཡར་རྒྱས་སུ་གཏོང་ཆོག་ཆོག་ཡིན་པའི་ནུས་པ་དེ་རང་ཉིད་ལ་ཚང་ཡོད་པ་ངོས་ཟིན་མེད་པ་དང། རྒན་རབས་པ་རྣམས་ཀྱིས་ཀྱང་ན་གཞོན་ཚོས་བོད་ཀྱི་རིག་གནས་མི་ཤེས་པའི་སྐྱོན་བརྗོད་མང་བ་བཅས་ཀྱིས་བོད་ཡིག་གཙོ་བོར་གྱུར་པའི་བོད་ཀྱི་རིག་གནས་དང་བཙན་བྱོལ་ནང་འཚར་ལོང་ཡོང་བཞིན་པའི་བོད་ཕྲུག་ན་གཞོན་རྣམས་ཁ་ཐག་རིང་དུ་འགྲོ་བཞིན་ཡོད། དེར་བརྟེན་རྗེས་སོར་བོད་རིགས་ན་གཞོན་རྣམས་གསོ་སྐྱོང་བྱེད་རྒྱུ་གཞུང་སྒེར་གནད་ཡོད་མི་སྣ་རྣམས་ཀྱི་འགན་ཁུར་ཡིན་པ་དང། འབད་འབུངས་དང་དོ་སྣང་བྱེད་རྒྱུ་ན་གཞོན་ཚོའི་ལས་སྐལ་དུ་གྱུར་ཡོད་པས་དེ་ལུགས་ཧུར་བརྩོན་བྱས་ན་གྲུབ་འབྲས་མངོན་གསལ་དུ་ཐོན་ཐུབ་པ་ཧ་ཅང་གསལ་པོ་ཡིན།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།