བཀའ་སྤྱིའི་འོས་བསྡུ་ལས་འཕྲོས་པའི་བསམ་ཚུལ།

ཆབ་མདོ་ངག་དབང་ཕུན་ཚོགས།
དེ་རིང་ཁ་སང་ང་ཚོའི་སྤྱི་ཚོགས་ནང་དུ་ལབ་གླེང་མང་ཤོས་ནི་མི་མང་གིས་ཐད་ཀར་འོས་འདེམས་བྱ་རྒྱུའི་སྐབས་གསུམ་པའི་བཀའ་ཁྲི་དང་སྐབས་བཅོ་ལྔ་པའི་སྤྱི་འཐུས་དྲག་འདེམས་བྱེད་སྟངས་དང། དེའི་འོས་ཆོས་སོགས་ལ་སོ་སོའི་ལྟ་ཚུལ་དང་འདོད་ཕྱོགས་རེ་གླེང་བཞིན་མཆིས་ལ། ཚོགས་སྡེ་ཁ་ཤས་ཀྱིས་ཆ་རྐྱེན་བཏོན་ནས་འོས་མི་ཁྱབ་བསྒྲགས་བྱེད་བཞིན་འདུག

དེ་བཞིན་ཚོགས་སྡེ་ཁག་གིས་ཀྱང་གལ་ཆེའི་གནད་དོན་ཞིག་ལ་ངོས་འཛིན་གྱིས་བགྲོ་གླེང་དང་ཟབ་སྦྱོང་སོགས་སྤྲོད་བཞིན་འདུག་ལ། ལྷག་པར་གནད་ཡོད་མི་སྣ་ཁག་དང་དེ་བཞིན་རྩོམ་པ་པོ་ཚོས་ཀྱང་བཀའ་ཁྲིའི་ཁྱད་ཆོས་མཚོན་པའི་འོས་མི་འདོན་བཞིན་པ་བཅས་ནི་དགའ་འོས་པའི་གནས་སྟངས་ཤིག་ལོས་ཡིན་སྙམ། མ་ཟད་ས་གནས་རྒྱ་ཆེ་མི་མང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཉེར་གཅིག་པ། བཀའ་བློན་ཁྲི་པའི་འོས་བསྡུ་ཞེས་པའི་ནང་གསེས་གསུམ་པའི་ཇ་པ། “ཡུན་ཚད་བསྟུད་མར་བཀའ་བློན་ཁྲི་པའམ་བཀའ་བློན་གྱི་ལས་ཁུར་བྱེད་བཞིན་པ་མ་ཡིན་པ་”ཞེས་པ་དེ་བསྐྱར་བཅོས་ཡོང་བའི་ཁྲིམས་བཟོ་ལྷན་ཚོགས་ལ་སྙན་ཞུ་རིམ་པ་ཞུས་ཡོད། དེ་ནི་མཁས་དབང་ཟམ་གདོང་རིན་པོ་མཆོག་གི་མཛད་རྗེས་དང་རྣམ་དཔྱོད་ལ་མི་མང་བྱིངས་ཀྱི་ཡི་རངས་ཀྱིས་བསྐྱར་དུ་བཀའ་ཁྲིར་བཞུགས་དགོས་པའི་རེ་སྐུལ་ཞིག་ཀྱང་ཡིན་པ་ནི་འགྲེལ་བརྗོད་མ་དགོས་པ་ཞིག་ལོས་ཡིན། བཙན་བྱོལ་ལ་སླེབས་མ་ཐག་ངོ་ཤེས་པ་གནམ་དང་ས་ལས་མེད་དུས་སུ་ྋརྒྱལ་བ་རིན་པོ་ཆེ་མཆོག་གཙོས་པའི་འབྲེལ་ཡོད་རྒན་རབས་རྣམས་ཀྱིིས་ཕྱག་ལས་རིམ་པ་གནང་བའི་དྲིན་གྱིས་དེང་སྐབས་མི་ཡུལ་ལ་འཆར་གཞི་གོ་རིམ་ལྡན་པ་འཛུགས་སྐྲུན་ཐུབ་ཡོད།  དེ་བཞིན་རྒྱ་ཆེའི་མི་མང་གིས་བཀའ་ཁྲི་ཐོག་མ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་འོས་འདེམས་གནང་བ་ནས་བཟུང་སྟེ་ཁོང་གིས་ཉིན་མཚན་དུས་དྲུག་ལ་བོད་མི་རིགས་ཀྱི་རྩ་དོན་ལ་སྐུ་ལས་བསྐྱོན་གནང་མཛད་པར་བརྟེན། གྲུབ་འབྲས་གང་འཚམས་ཐོན་ཐུབ་པ་བྱུང་ཡོད་ཅིང༌། དེ་ཡང་རིན་པོ་ཆེས་“ཆོས་རིག་རྒྱུན་འཛིན་དང། ཤེས་ཡོན་ཚད་ལྡན། དཔལ་འབྱོར་ཕུགས་འཕེར། གཞིས་ཆགས་བརྟན་ལྷིང། འཕྲོད་བསྟེན་ཆ་ལག་ཚང་བ། ཕྱི་དྲིལ་གཡོ་སྒྱུ་མེད་པ་བཅས་དགོས་གལ་དང། དེ་དག་གི་འཆར་གཞི་ཚད་ལྡན་དང༌། ལག་བསྟར་གནད་སྨིན་ཡང་དགོས་གལ་མཐོང་”ཞེས་དམ་བཅའ་མཛད་པ་དེ་བཞིན་དེ་སྔོན་རང་གཞུང་ལ་ཕན་ཐོགས་མེད་པའི་གྱོང་གུད་ཅན་གྱི་བཟོ་ཚོང་ཁག་ཁྲིམས་ལུགས་དང་མཐུན་པའི་སྒེར་བདག་ཅན་ལ་བསྒྱུར་ནས་དེང་སྐབས་རང་གཞུང་བུ་ལོན་གྱི་གནས་ལས་གྲོལ་ཐུབ་ཙམ་ཞིག་བྱུང་ཡོད་ལ། དགོས་ངེས་ཅན་གྱི་རིགས་ཕུད་དེ་མིན་གང་བྱུང་གཞུང་དངུལ་བེད་སྤྱོད་གཏོང་མི་ཆོག་པའི་གཞུང་དངུལ་བསྲི་ཚགས་ཀྱི་ཁྲིམས་ལུགས་གཏན་འབེབས་བཟོས་པ་བཅས་ཀྱིས་གཞུང་དངུལ་བསྲི་ཚགས་ལ་ཕན་ཐོགས་གང་འཚམས་བྱུང་ཡོད། དཔེ་མཚོན་ཙམ་ཞིག་ཞུས་ན་གཞུང་གི་ཁ་པར་ཏར་འཕྲིན་གཅིག་པུར་ལོ་རེ་སྒོར་འབུམ་༡༠ ལྷག་ཙམ་བསྲི་ཚགས་ཐུབ་པ་བྱུང་ཡོད་པ་རེད། ལས་ཁུངས་ཁག་ནས་ཟོག་རྙིང་བེད་མེད་ཞན་པའམ་བུན་ནག་སྒོར་ས་ཡ་ ༡༥ ལྷག་ཙམ་རང་གཞུང་ལ་གྱོང་གུད་ཚབས་ཆེ་ཡོང་བའི་སྐབས། དཔལ་འབྱོར་སྒེར་བདག་ཅན་དུ་བསྒྱུར་ནས་དཔལ་འབྱོར་གནས་སྟངས་ཁུངས་མ་འཁྱོལ་བའི་དངངས་འཚབ་ལས་སྐྱོབ་ཐུབ་པ་བྱུང་བ་དང། བུ་ལོན་མེད་ན་ཕྱུག་པོ་ཡིན་ཞེས་པའི་དཔེ་ལྟར་ད་སྐབས་བུ་ལོན་མེད་པ་ཆགས་ཡོད།

ཕྱི་ལོ་༡༩༩༥ ལོར་གཞུང་གི་གཏན་འཇགས་མ་དངུལ་ཐེབས་རྩ་གསར་འཛུགས་བྱས་པ་ནས་ཕྱི་ལོ་༢༠༠༡ བར་སྒོར་ས་ཡ་༣༦་༦༥ ལས་གསོག་འཇོག་ཐུབ་མེད། བཀའ་ཤག་གསར་པས་གཞུང་གི་མ་དངུལ་ཐེབས་རྩ་ནང་དུ་ཕྱི་ལོ་༢༠༠༡་༠༦ བར་སྒོར་ས་ཡ་༡༡༠་༨༥ གསོག་འཇོག་ཐུབ་པ་བྱུང་ཡོད་པ་དང༌།  ཕྱི་ལོ་ ༢༠༡༠ ཟླ་༡ ཚེས་༣༡ ཉིན་ཁྱོན་སྒོར་ས་ཡ་༥༨༦་༨༨ གསོག་འཇོག་ཐུབ་པ་སོགས་གཞུང་གི་དཔལ་འབྱོར་ཁུངས་མ་འཁྱོལ་བའི་དངངས་འཚབ་མི་དགོས་པའི་གནས་སྟངས་ལས་གྲོལ་ཐུབ་པ་གྱུར་ཡོད། ལས་བྱེད་གསར་བསྐོ་སོགས་མཚོན་པའི་ཁྲིམས་དང་སྒྲིག་གཞི་ཁོ་ནར་རྩ་འཛིན་གྱི་ཡིག་རྒྱུགས་ལམ་ནས་སྲི་ཞུ་ལས་བྱེད་གསར་བསྐོ་བྱེད་པ་མ་གཏོགས་ངོ་ཤེས་ལྟག་སྒོ་བརྒྱུད་ནས་འགྲོ་ས་མེད་པ་དང། ཕུགས་རྒྱང་རིང་པོར་དགོངས་བཞེས་ཀྱིས་ལྷན་ཁང་ཁག་ཀྱང་ཡུལ་ཁྲིམས་དང་མཐུན་པའི་དེབ་བཀོད་གནང་བ། བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་བོད་མིའི་ཤེས་ཡོན་སྲིད་ཇུས་གསར་པ་གཏན་ལ་ཕབ་པ་སོགས་མཚོན་པས་སྒྲིག་འཛུགས་ཚགས་ཚུད་བཟོས་པ་བཅས་ཀྱི་བོད་མི་བློ་གཟུ་བོར་གནས་པ་རྣམས་ཀྱི་སེམས་སུ་ལྷང་ངེར་ཤར་གྱི་ཡོད་པ་དེ་རེད།

སྲི་ཞུ་ལས་བྱེད་ཀྱི་སྒྲིག་འཛུགས་ནང་དུ་ཞུགས་ཟིན་པའི་ཉིན་དེ་ནས་བཟུང་གཞུང་གི་ལྟ་གྲུབ་དང་མ་འགལ་བ་བྱེད་དགོས་པ་སོགས་གསལ་སྟོན་མཛད་ཡོད་ཅིང། འོན་ཀྱང་མི་སུམ་ཅུར་བསམ་བློ་སུམ་ཅུ་དང་མཛོ་སུམ་ཅུ་ལ་རྭ་ཅོ་དྲུག་ཅུ་ཞེས་པའི་དཔེ་ལྟར་འགའ་ཤས་ཀྱིས་ད་ལྟའི་བཀའ་ཤག་གི་དཔལ་འབྱོར་སྒེར་བདག་ཅན་དུ་བསྒྱུར་བ་དང། གཞུང་དངུལ་བསྲི་ཚགས་ཆེ་དྲག་ཚུལ་དང། གཞན་དབང་སྟབས་བསྟུན་བྱེད་དགོས་པར་བརྟེན། ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་བ་བཅས་ནོར་འཁྲུལ་ཡིན་ཚུལ་གྱི་སྐྱོན་བརྗོད་བྱེད་མཁན་ཡང་ཡོང་གི་ཡོད་པ་རེད། ཚོགས་སྡེ་ཁ་ཤས་ཀྱིས་ཤེས་ཡོན་སྲིད་བྱུས་འོག་ཏུ་འགྲོ་ཐུབ་ཀྱི་མེད་ཚུལ་བརྗོད་ཀྱི་ཡོད་ཅིང། ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་ཚུལ་བཞིན་མ་རྟོགས་པ་དང་རྟོགས་ཀྱང་འཁྱོག་བཤད་བྱེད་མཁན་ཡང་མང། གང་ལྟར་བཤད་ཚུལ་མང་ཆེ་བ་ནི་ཕུགས་རྒྱང་ཐུང་བའི་བསམ་ཚུལ་ཙམ་ལས་གཞན་ཅི་ཡང་མེད་ཅིང༌། ད་ནི་བཀའ་བློན་ཁྲི་པའི་དུས་ཡུན་ཚང་ལ་ཉེ་བའི་སྐབས་འདིར་ང་ཚོའི་སྤྱི་ཚོགས་ནང་ལ་འགའ་རེས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དེ་བུད་མེད་གཅིག་ཡོང་བ་ཡིན་ན་བོད་ཀྱི་ལོ་རྒྱུས་ནང་མི་མང་གི་འོས་འདེམས་བྱས་པའི་བཀའ་ཁྲི་བུད་མེད་དང་པོ་དེ་ཆགས་པ་ཙམ་དུ་མ་ཟད། བུད་མེད་ལ་ཆེ་མཐོང་ཡོད་པ་འཛམ་གླིང་མི་མང་གི་མདུན་དུ་མངོན་པར་མཚོན་ཐུབ་པ་ཡོང་གི་རེད་ཟེར། འགའ་ཤས་ཀྱིས་ད་རེས་བཀའ་བློན་ཁྲི་པ་དེ་སྐྱ་བོ་ན་གཞོན་ཡིན་པ་ཞིག་ལ་དེང་རབས་ཀྱི་རྒྱལ་སྤྱིའི་འཕོ་འགྱུར་ལ་རྒྱུས་མངའ་ཡོད་མཁན་གྱི་གཞོན་ནུ་ཞིག་བསྐོ་ཐུབ་ཚེ་མི་མང་གི་འཚོ་བའི་གནས་སྟངས་རྟོགས་ཐུབ་པ་དང༌། བོད་དོན་རྒྱལ་སྤྱིའི་ཐོག་ཏུ་ལས་འགུལ་སྤེལ་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་ཐུབ་ཀྱི་རེད་ཟེར། འགའ་ཤས་ཀྱིས་བཀའ་བློན་ཁྲི་པ་དེ་བསྐྱར་དུ་སེར་མོ་བ་ཞིག་འདེམས་བསྐོ་ཐུབ་ཚེ་གྲྭ་རྐྱང་ཡིན་པར་བརྟེན་ནས་ལྷག་བསམ་དང་སྙིང་སྟོབས་ཆེ་བས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་སླར་གསོ་ཡོང་བའི་ཕན་ཐོགས་ཆེ་བ་དང། འཛིན་སྐྱོང་ཚགས་ཚུད་ཡོང་གི་རེད་ཟེར། ཡང་འགའ་ཤས་ཀྱིས་རྒྱ་ནག་གི་ཆབ་སྲིད་འཕོ་འགྱུར་ལ་རྒྱུས་མངའ་ཡོད་མཁན་ཞིག་བྱུང་བ་ཡིན་ན་ང་ཚོའི་མཐར་ཐུག་གི་སྐད་ཆ་བཤད་ས་དེ་རྒྱ་མི་ཡིན་པར་བརྟེན། བོད་ཀྱི་བདེན་མཐའ་གསལ་བ་ལ་ཕན་ནུས་ཆེ་ཚུལ་ཟེར་བ་སོགས་ཀྱི་བཤད་ཚུལ་སྣ་ཚོགས་ཤིག་མཆིས་ཀྱང། དོན་དག་ཡང་སྙིང་ང་ཚོའི་བཀའ་བློན་ཁྲི་པ་དེ་ནི་གནའ་དེང་གི་ཤེས་ཡོན་ཡོད་པ་ཞིག་དང། ྋརྒྱལ་བ་རིན་པོ་ཆེའི་བཀའ་སློབ་སྤྱི་བོའི་གཙུག་ཏུ་བཀུར་ནས་ལྷག་བསམ་རྣམ་དག་དང་ངོ་ལྐོག་རྒྱབ་མདུན་མེད་པའི་བོད་མི་རིགས་ཀྱི་རྩ་དོན་ཐོག་ཏུ་འབད་འབུངས་གནང་མཁན་ཞིག་དང། ལས་དོན་གང་ཞིག་གནང་ནའང་བློ་བརྟན་འགྱུར་མེད་ཀྱི་སོ་སོ་རང་ཉིད་ཀྱི་བློ་གྲོས་འདོན་པ་ལས་གཞན་ཟེར་གྱི་རྗེས་སུ་མི་རྒྱུག་པ། བོད་མི་རིགས་ཀྱི་རྩ་དོན་ལ་ཕན་གནོད་ཀྱི་ཕུགས་རྒྱང་རིང་པོ་དགོངས་པ་བཞེས་ཐུབ་མཁན། སྐབས་གཉིས་པའི་བཀའ་ཤག་གི་འཛིན་བཞིན་པའི་སྲིད་བྱུས་དེ་དག་རྒྱུན་སྐྱོང་ཐུབ་མཁན་གྱི་གང་ཟག་ཅིག་བྱུང་ན་སྐྱ་སེར་དང༌། ཕོ་མོ། རིགས་རུས། ལུང་ཚན་སོགས་ཀྱི་དབྱེ་བ་ཏིལ་འབྲུ་ཙམ་ཞིག་མེད་པ་དེ་རེད།

བཀའ་བློན་ཁྲི་པའི་གསུང་ལས། “ང་དང་ངའི་ལས་རོགས་རྣམས་ཀྱིས་བསམ་ཞིབ་གོ་བསྡུར་བྱས་པའི་མཐའ་དོན་བཙན་བྱོལ་བོད་གཞུང་གི་གཞི་རིམ་གྱི་ལྟ་གྲུབ་བདེན་པ་དང༌། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་གསུམ་གྱི་ཐོག་འཇོག་དགོས་པ་གཅིག་གྱུར་གྱིས་ངོས་འཛིན་དང་འབྲེལ་གཏན་ལ་ཕབ་པ་ཡིན། འདི་ནི་ང་ཚོས་འདོར་དུ་མི་རུང་བའི་རྩ་བའི་དམ་བཅའ་ཞིག་ཡིན་སྟབས། གནས་ཚུལ་ཇི་འདྲ་ཞིག་བྱུང་ཡང་གཏན་ནས་བློས་གཏོང་ཐབས་མེད་པ་དང༌། གྱོང་གུན་དང༌། དཀའ་ངལ། ཉམས་ཆག་ཇི་འདྲ་ཞིག་ཡོང་གི་ཡོད་ཀྱང་རྩ་དོན་གསུམ་པོ་དེ་སྲུང་སྐྱོང་བྱེད་པའི་ཆེད་དུ་ཚང་མ་བློས་གཏོང་བྱེད་དགོས་པར་ཐག་བཅད་པ་ཡིན།”ཞེས་གསུང་ཡོད། དེ་བཞིན་དུ་ྋརྒྱལ་བ་རིན་པོ་ཆེ་དགུང་ལོ་འདི་ཙམ་ཞིག་ཕེབས་ཡོད་ཀྱང་འགྲོ་བ་སྤྱི་དང་ཡང་སྒོས་བོད་མི་རིགས་ཀྱི་བདེ་སྡུག་གི་དོན་དུ་ཉིན་མཚན་དུས་དྲུག་ཏུ་སྐུ་ལས་བསྐྱོན་གནང་གི་ཡོད་པ་དེ་དག་ང་ཚོས་སེམས་རྣལ་དུ་ཕབ་ནས་བསམ་ཞིབ་བྱས་ཚེ་ཁོང་གི་མཛད་པ་འཕྲིན་ལས་དང་བཀའ་དྲིན་ནི་སྟོང་གསུམ་རིན་ཆེན་ནོར་གྱིས་བཀང་ཡང་སྐོང་མི་ཐུབ་པ་དང་ང་ཚོ་མི་ཕལ་པ་རྣམས་ཀྱི་བསམ་བློའི་ནང་འཁོར་མི་ཐུབ་པ་ཞིག་རེད། ད་ནི་ྋརྒྱལ་བ་རིན་པོ་ཆེའི་དགུང་ལོའི་བབ་དང་བསྟུན་ནས་ངེས་པར་མི་མང་གིས་འོས་འདེམས་གནང་བའི་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དེས་བོད་ཀྱི་ཆབ་སྲིད་ཐུགས་འགན་མང་ཙམ་བཞེས་ཐུབ་མཁན་གྱི་བཀའ་ཁྲི་ཞིག་འདེམས་ཐུབ་པ་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེའི་དུས་ཚིགས་ཤིག་ཏུ་འཁེལ་ཡོད་པ་རེད། དེར་བརྟེན་ནས་བོད་རིགས་ཡོངས་རྫོགས་ཀྱི་རྣམ་རིག་བསྒྲིམས་ནས་བཀའ་བློན་ཚད་ལྡན་ཞིག་འོས་འདེམས་ཐུབ་མིན་ནི་བོད་མི་མང་རྣམས་ཀྱི་ལྷག་བསམ་དང་རྒྱལ་ཞེན་བཅས་ལ་རག་ལུས་པ་ཞིག་ཀྱང་རེད་སྙམ། དེར་བརྟེན་ནས་ཚང་མས་ནུས་ཤུགས་སྤུངས་དགོས་པ་མ་གཏོགས་དཔལ་འབྱོར་ཁོ་ནར་མགོ་བོ་འཁོར་ནས་བོད་ཀྱི་ཆབ་སྲིད་ཐོག་ཏུ་དེ་ཙམ་ཞིག་དོ་སྣང་མ་བྱས་ནས་སྣང་མེད་ལྟ་བུར་བཞུགས་ཚེ་ཉིན་གཅིག་ཨ་ཁ་བསམ་པའི་ཉི་མ་ཤར་མི་སྲིད་པ་མ་ཡིན་པས་ཚང་མས་ཡིད་གཟབ་དགོས། དེ་ཡང་བོད་ཀྱི་གཏམ་དཔེར་རྐྱེན་མ་ཡོང་གོང་ནས་ཟློག་པ་དང༌། ཆུ་མ་ཡོང་གོང་ནས་རགས་ཞེས་པ་ལྟར་ད་ལྟ་ནས་བོད་རིགས་འགོ་འོག་ཚང་མས་རྣམ་རིག་བསྒྲིམས་ཏེ་བཀའ་ཁྲི་གང་ཞིག་འོས་མིན་ད་སྐབས་ནས་བཙལ་ཏེ་ལས་དོན་གནང་རྒྱུའི་དུས་སྐབས་ཤིག་ལ་སླེབས་འདུག་པ་ལས་དེ་སྔོན་གྱི་ང་ཚོའི་སྤྱི་ཚོགས་ཀྱི་འོས་འདེམས་བརྒྱུད་རིམ་དེ་དག་ལ་བསམ་གཞིག་ཅིག་བྱས་ཚེ་ང་ཚོའི་བཙན་བྱོལ་བ་ཚོས་ཆབ་སྲིད་ལ་དོ་སྣང་ག་ཚོད་གནང་གི་ཡོད་མེད་རྟོགས་ཐུབ་པ་ཞིག་ཀྱང་རེད།

དེ་ཡང་བཙན་བྱོལ་གྱི་མི་འབོར་འབུམ་གཅིག་དང་སུམ་ཁྲི་ལྔ་སྟོང་ཡས་མས་ཡོད་ཚུལ་བརྗོད་ཀྱི་ཡོད། འོན་ཀྱང་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་འོས་འདེམས་མིང་གཞུང་དེབ་བཀོད་བྱེད་མཁན་གྱི་གྲངས་བརྒྱད་ཁྲི་ལྷག་ཙམ་ཞིག་བྱུང་ཡོད་ཀྱང་དངོས་སུ་འོས་བླུགས་མཁན་བཞི་ཁྲི་སུམ་སྟོང་ལྷག་ཙམ་ལས་བྱུང་མེད། བཀའ་ཁྲི་འོས་བླུགས་སྐབས་དེ་བཞིན་བྱུང་ཡོད། དེ་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས། “ང་ཚོ་རང་དབང་ལུང་པའི་ནང་ལ་བསྡད་ནས་ྋགོང་ས་མཆོག་གི་གསོལ་རས་བསྩལ་བའི་མང་གཙོ་ཚད་དང་ལྡན་པའི་ལམ་ཁ་ཞིག་ལ་འགྲོ་རྒྱུའི་ཆེད་དུ་བོད་མི་ཚོས་ཆ་ཤས་ལེན་མི་ཐུབ་པ་ཞིག་ཡིན་ན། མ་འོངས་པར་ང་ཚོའི་མང་གཙོའི་གནས་སྟངས་དེ་གང་འདྲ་ཞིག་ཆགས་ཀྱི་ཡོད་མེད་རྟོགས་ཐུབ་པ་ཞིག་རེད་བསམ་གྱི་ཡོད།”ཅེས་གསུངས་པ་ལྟར་ད་ནི་ན་གཞོན་རྣམས་ཀྱིས་ངེས་པར་བོད་ཀྱི་ཆབ་སྲིད་ཐོག་ཏུ་དོ་སྣང་མང་ཙམ་དང༌། བོད་དོན་ཐོག་ལ་བགྲོ་གླེང་མང་ཙམ་ཞིག་གནང་ནས་ཕན་ཚུན་བསམ་ཚུལ་བརྗེ་ལེན་ཐུབ་ན་ཕན་ཐོགས་མེད་དམ་སྙམ། ལྷག་པར་ང་ཚོའི་སློབ་གྲྭ་ཁག་ཏུ་ཆབ་སྲིད་ཀྱི་སློབ་གསོ་ཉུང་རྐྱེན་ན་གཞོན་རྣམས་ཀྱིསཆབ་སྲིད་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མེད་པ་མཐོང་གི་འདུག ངེས་པར་ན་གཞོན་རྣམས་ཀྱིས་ཆབ་སྲིད་ལ་དོ་སྣང་མང་ཙམ་དགོས་ཤིང། ང་ཚོ་ནི་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པ་ལས་དཔལ་འབྱོར་མཁོ་སྒྲུབ་ཀྱི་སྐྱབས་བཅོལ་བ་ཞིག་ག་ལ་ཡིན། གཅེས་པར་འོས་པའི་ཕ་ཡུལ་གཞན་གྱི་བཙན་དབང་གིས་ཕྲོགས་ནས་ཕ་མ་སྤུན་མཆེད་ཡོངས་རྫོགས་བློས་བཏང་སྟེ་ཁ་བྲལ་འདོད་མེད་བཞིན་མི་ཡུལ་ལ་ས་ནག་པོ་འདོམ་ལ་འཇལ། སྤྲིན་དཀར་པོ་ཚད་ལ་བཙུགས་ནས་ཡོང་དགོས་བྱུང་བ་དེ་དག་ནམ་ཡང་བརྗེད་མི་རུང་བའི་དོན་གནད་ཉག་གཅིག་ཡིན།

དེའི་ཕྱིར་ད་ནི་མི་རབས་རྒན་པ་རིམ་གྱིས་རྫོགས་ཀྱི་ཡོད་པས་མི་རབས་གསར་པ་ཚོས་ཁ་མིག་ཡར་ལྟའི་ཐོག་ནས་རྒན་པ་བྱས་རྗེས་ཅན་གྱི་བསླབ་བྱ་དང་ཁོང་རྣམ་པའི་སྙིང་སྟོབས་དེ་དག་ཁོག་པའི་གཏིང་དུ་བཟུང་སྟེ་ལས་དོན་གནང་དགོས། གཞིས་ལུས་རྒྱ་ཆེའི་མི་མང་རྣམས་གཞན་གྱི་བཙན་གནོན་འོག་ཏུ་ཁྲག་དང་མིག་ཆུའི་འོག་འཚོ་བ་རོལ་དགོས་པའི་དཀའ་སྡུག་དེ་འདྲ་ཞིག་སྤྲོད་བཞིན་ཡོད་ནའང་ད་དུང་འཇིགས་ཞུམ་སྤུ་ཙམ་མེད་པར་གཅིག་རྗེས་གཉིས་མཐུད་ཀྱིས་བོད་མི་རིགས་ཀྱི་ལས་དོན་ཐོག་ཏུ་རང་སྲོག་བློས་བཏང་གི་ལས་འགུལ་གནང་དང་གནང་བཞིན་ཡོད། ཁོང་རྣམ་པའི་ཞུམ་མེད་ཀྱི་སྙིང་སྟོབས་དེ་དག་ང་ཚོས་ནམ་ཡང་ཆུད་ཟོས་སུ་གཏོང་མི་རུང༌། བོད་གཞུང་གིས་སློབ་ཡོན་གྱི་མཐུན་རྐྱེན་སྦྱར་ནས་གསོ་སྐྱོང་གནང་བ་བོད་ཀྱི་གཏམ་དཔེར་“དུང་ཕྲུག་འོ་མས་གསོས་པ་དེ། དགྲ་ཆུ་སྲིན་ཐོག་ལ་ཨེ་ཕན་བསམ་”ཞེས་པ་ལྟར་གཞོན་སྐྱེས་རྣམས་ཀྱིས་བོད་དོན་ཐོག་ཏུ་སྔར་ལྷག་དོ་སྣང་དང་འབད་བརྩོན་གནང་སྟེ་ལས་དོན་མང་ཙམ་བྱེད་དགོས་པའི་དུས་མཚམས་ཤིག་ལ་སླེབས་འདུག་སྙམ། དེ་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས། “སྲི་ཞུ་བ་མང་དག་ནས་ད་བར་ཞབས་ཞུ་ཧུར་བསྐྱེད་རྒྱུན་བསྲིངས་ཞུས་དང་ཞུ་བཞིན་པ་བསྔགས་འོས་ཀྱི་རང་བཞིན་ཡང༌། མང་དག་ཅིག་གཞུང་ཞབས་ཁོང་འབབ་ཚུགས་ལྟ་བུ་གནང་སྟེ་རང་མགོ་གང་ཐོན་གྱིས་གནས་མ་ཐུབ་པར་ཐོན་འགྲོ་བ་དཔེར་ན། ཕྱི་ལོ་༢༠༠༥ ནས་ད་བར་ལས་བྱེད་གསར་བསྐོ་བྱས་པ་མི་གྲངས་༢༥༦ བྱུང་ཡོད་པ་ནས་གཞུང་ཞབས་རྒས་ཡོལ་ཐོན་རིགས་ཕུད། རྩ་དགོངས་དང༌། རང་བཞིན་གྱིས་བུད་པ་བཅས་ལས་བྱེད་མི་གྲངས་༡༡༤ བྱུང་འདུག་པ་དེ་བཞིན་བརྒྱ་ཆ་ ༤༥ ཙམ་ཆགས་ཀྱི་འདུག་པས། བོད་དང་བོད་མིའི་གནས་སྟངས་ཛ་དྲག་གཉན་འཕྲང་ཇི་འདྲར་ཐུག་ཡོད་པར་བསམ་ཤེས་ཀྱིས་ཞབས་ཞུ་རྒྱུན་བསྲིངས་ཐུབ་པ་གནང་གལ་ཆེ།”ཞེས་རེ་སྐུལ་དང་འབྲེལ་བའི་གཏམ་བཤད་གནང་ཡོད། མ་འོངས་པ་བོད་མི་རིགས་ཀྱི་ལོ་རྒྱུས་ལ་ཁ་ཕྱོགས་ག་འདྲ་ཞིག་བསྒྱུར་མིན་ན་གཞོན་རྣམས་ཀྱི་ཤེས་ཡོན་དང་ལྷག་བསམ། རང་གི་མི་རིགས་ལ་ཤ་ཞེན་བཅས་ལ་རག་ལས་ཡོད་པས། ད་ནི་བོད་རིགས་རྒན་དར་གཞོན་གསུམ་གྱི་ནུས་ཤུགས་ཡོངས་རྫོགས་གཅིག་ཏུ་སྤུངས་ནས་བོད་མི་རིགས་ཀྱི་རྩ་དོན་ཐོག་ཏུ་ལས་དོན་གནང་དགོས། དེར་བརྟེན་ནས་བོད་རིགས་རྒན་དར་གཞོན་གསུམ་གྱི་འགན་འཁུར་བཞེས་ནས་བཀའ་ཁྲི་མི་སྣ་ཚད་ལྡན་ཞིག་སླེབས་ཐུབ་པའི་འོས་འཕེན་གྱི་ཆ་ཤས་ལེན་དགོས་པ་ཞིག་ལས། དེ་སྔོན་ནང་བཞིན་འོས་བསྡུ་ལས་ཁང་བཙུགས་ཀྱང་འོས་འཕེན་མཁན་མ་བྱུང་ན་ཧ་ཅང་ཐབས་སྐྱོའི་གནས་སྟངས་ཤིག་རེད་སྙམ། ལྷག་པར་མཐོ་སློབ་འགྲིམ་བཞིན་པའི་ན་གཞོན་རྣམས་ཀྱིས་གྲོང་ཁྱེར་ཁྲ་ཟིང་ལ་མགོ་བོ་མ་འཁོར་བའི་ཐོག་ནས་བོད་ཀྱི་ཆབ་སྲིད་ཐོག་ཏུ་དོ་སྣང་གནང་ནས་ང་ཚོ་མི་ཡུལ་ལ་ཡོང་དགོས་པའི་རྒྱུ་མཚན་ཤེས་པ་དང༌། གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ཀྱིས་ང་ཚོར་རེ་བ་དང་ཡིད་ཆེས། བློ་གཏན་འགྱུར་མེད་ཀྱི་དམ་ཚིག་བརྟན་པོའི་ཐོག་ནས་གཅེས་པའི་རང་སྲོག་བློས་བཏང་གི་ལས་འགུལ་སྤེལ་དང་སྤེལ་བཞིན་ཡོད། ཧོར་འཇིགས་ཀྱིས། “དེས་ན་ང་ཚོས་བཀའ་ཁྲི་འགྲན་ཟླ་མེད་པ་ཞིག་འཚོལ་རྒྱུ་དེ་གལ་ཆེ་ཡང༌། དེ་ལས་གལ་ཆེ་བ་ནི་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་ཚད་ལྡན་གདམ་རྒྱུ་དེ་ཡིན།”ཞེས་གསུངས་པ་དེ་ནི་འདས་པའི་བྱུང་རིམ་ཁག་ལ་བསམ་གཞིག་ཅིག་བྱས་ཚེ་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཡིན་པས། རྒྱ་ཆེ་མི་མང་གིས་སྤྱི་འཐུས་འོས་འདེམས་ཀྱང་མ་ནོར་བ་གནང་གལ་ཆེ་བ་ཞིག་ཀྱང་ལོས་ཡིན། ལྷག་པར་རྒྱལ་ཁབ་ཡོད་པའི་དཔོན་པོ་ཚོའི་ཐོབ་ཐང་དང་ང་ཚོ་བཙན་བྱོལ་བའི་དཔོན་རིགས་གཉིས་ཐོབ་ཐང་མཚུངས་བསྡུར་གཏན་ནས་བྱེད་མི་རུང། ཁོ་ཚོར་རྒྱལ་ཁབ་ཡོད་ལ། སྟོབས་འབྱོར་དང་སྟོབས་ཤུགས་ཡོད། ང་ཚོ་ནི་བཙན་བྱོལ་བ་ཡིན་པས། གཞན་ལས་ལྷག་ལས་འགན་ཡོད། དཔལ་འབྱོར་སོགས་ཕྱིའི་རོགས་སྐྱོར་ལ་བརྟེན་ནས་འཚོ་དགོས་པ་ལས་གཞན་ཡོང་ཁུངས་ཤིན་ཏུ་ཉུང༌། དེར་བརྟེན། ང་ཚོའི་ཐོབ་ཐང་ཆེ་ཆུང་དང་གོ་ས་མཐོ་དམའ་སོགས་རྩོད་པའི་དུས་ཚོད་ཅིག་གཏན་ནས་མིན་ལ། བོད་མི་རིགས་ཀྱི་ལོ་རྒྱུས་གསོན་གནས་ཐུབ་དང་མི་ཐུབ་ཀྱི་དུས་ཚོད་ཛ་དྲག་གི་སོ་མཚམས་ལ་སླེབས་ཡོད། དེར་བརྟེན་ནས་བོད་མི་རིགས་རྒན་དར་གཞོན་གསུམ་གྱི་ནུས་ཤུགས་གཅིག་ཏུ་སྤུངས་ནས་བཀའ་ཁྲི་དང་བོད་མི་མང་སྤྱི་འཐུས་ཚད་ལྡན་ཞིག་འོས་འདེམས་ཐུབ་པའི་འབད་བརྩོན་ལྷོད་མེད་གནང་དགོས་པས་སོ།།

དཔེ་དམའ་ས་རྫི་བོ་ཞིག་ལ་བཞག་ནའང༌། རྫི་བོས་རྣམ་གཡེང་དང་ལེ་ལོ་སོགས་བྱས་ནས་ནོར་ལུག་ལ་བལྟ་སྐྱོང་ཡག་པོ་མ་ཐུབ་ཚེ། ནོར་ལུག་རྣམས་ཕྱོགས་བཞི་མཚམས་བརྒྱད་ལ་འཐོར་ནས་དགོང་མོ་ནོར་ལུག་རྣམས་ལྷས་ལ་རུག་མི་ཐུབ་པར་འགྱུར་གྱི་ཡོད། རྫི་བོས་རྣམ་གཡེང་དང་ལེ་ལོ་སོགས་མེད་པའི་དཀའ་ངལ་ཁག་ལ་གདོང་ལེན་ནོར་ལུག་ལ་བལྟ་སྐྱོང་ཚད་ལྡན་ཞིག་བྱེད་ཐུབ་ཚེ། ནོར་ལུག་རྣམས་ཤ་ཤེད་རྒྱས་པ་དང༌། རང་བཞིན་གྱིས་ནོར་ལུག་རྣམས་འཚོ་གནས་ཐུབ་པ་ཡོང་གི་ཡོད་པའི་དཔེ་བཞིན་ང་ཚོ་བཀའ་ཁྲི་དང་སྤྱི་འཐུས་འོས་འདེམས་མ་ནོར་བའི་སྤྱི་མི་མིག་དཔེ་འོས་པ་ཞིག་འདེམས་སྒྲུག་གནང་ཐུབ་ཚེ་བོད་ཀྱི་བདེན་མཐའ་རིམ་པས་གསལ་བར་ཕན་ནུས་འདོན་ཐུབ་པ་དང༌། དེ་བཞིན་བོད་མི་རྣམས་ཆིག་སྒྲིལ་གྱི་འཚོ་གནས་ཐུབ་པ་ཡོང་བ་སོགས་ཀྱི་དགེ་མཚན་བླ་མེད་ཡོད་ཀྱི་རེད་སྙམ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།