གྲྭ་པ་བླ་རྒན་དང་སྤོ་རྒན་སུ་བཀའ་ཁྲིར་སླེབས་ཀྱང་ཐུགས་ཕམ་ཡོང་ངེས།
དེ་རིང་ངས་གླེང་འདོད་པ་དེ་ནི། བཙན་བྱོལ་བོད་མི་ཡོངས་ཀྱི་མདུན་དུ་སླེབས་ལ་ཉེ་བའི་འོས་འདེམས་ཆེན་མོ་གཉིས་ཏེ། ཁྲིམས་ལུགས་གཏན་འབེབས་བྱེད་མཁན་གྱི་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་དང། དངོས་སུ་ལག་བསྟར་བྱེད་མཁན་ཆབ་སྲིད་ཀྱི་འགོ་ཁྲིད་བཀའ་བློན་ཁྲི་པ་སུ་ཡིན་ཐག་གཅོད་བྱ་རྒྱུའི་མང་ཚོགས་ཀྱི་འོས་འདེམས་འདི་ནི། ཧ་ཅང་གི་གལ་ཆེའི་རང་བཞིན་དུ་འགྱུར་བཞིན་ཡོད།
རྒྱུ་མཚན་ནི། ང་ཚོ་བོད་མི་འབུམ་ཁ་ཤས་ཤིག་སྐྱབས་བཅོལ་དུ་གྱར་བ་ཙམ་མིན་པར་གཞིས་བྱེས་ཆོལ་གསུམ་བོད་མི་ཡོངས་ཀྱིས་རེ་ལྟོས་བྱ་ཡུལ་༧གོང་ས་མཆོག་གིས་དབུ་ཁྲིད་པའི་མང་གཙོའི་ལམ་དུ་བསྒྱུར་བའི་བོད་གཞུང་དགའ་ལྡན་ཕོ་བྲང་བཙན་བྱོལ་དུ་གནས་བཞིན་ཡོད། འོས་འདེམས་བྱས་པའི་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་འགོ་ཁྲིད་དེ་ནི། ༧གོང་ས་མཆོག་གི་མ་འདས་སྤྲུལ་སྐུ་རེད་ཅེས་བཀའ་ཁྲིའི་གལ་གནད་སྐོར་ལ་སྡོམ་ཚིག་འདི་བརྒྱབ་འདུག སྡོམ་ཚིག་འདི་དངོས་དོན་ཞིག་ཡིན་པ་ནི། ༧གོང་ས་མཆོག་གིས་ཕྱི་ལོ་༢༠༠༧ ཕྱི་ཟླ་ ༥ པའི་ཚེས་ ༢༩ ཉིན་ཨ་མི་རི་ཁའི་མངའ་སྡེ་མེ་སི་ཆུ་སི་ཏྲི་ཞེས་པའི་ནང་དུ་ཡོད་པའི་མཐོ་སློབ་ཁང་ཞིག་ཏུ་བཀའ་སློབ་ཕེབས་དོན། ངོས་རང་ད་ལྟའི་ཆར་ཕྱེད་བགྲེས་ཡོལ་ལ་སླེབས་ཡོད། འབྱུང་འགྱུར་གྱི་ལོ་འགའ་ཤས་ནང་བགྲེས་ཡོལ་ཆ་ཚང་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད། རྒྱུ་མཚན་འདི་ལ་བརྟེན་ནས་ཆབ་སྲིད་ཀྱི་འགོ་ཁྲིད་བཀའ་བློན་ཁྲི་པ་དེ་ནི་ཆོལ་གསུམ་བོད་མི་ཡོངས་ཀྱིས་ངོས་ལེན་ཡོད་པའི་བཙན་བྱོལ་སྲིད་གཞུང་འདིའི་འགོ་ཁྲིད་ཡིན་དགོས་པ་ལས། ཆོལ་ཁ་གཅིག་ལ་ཞེན་ཁོག་དང། ཕྱོགས་རིས། བོད་རང་བཙན་ལ་ངོ་རྒོལ་བྱེད་མཁན་ཞིག་ཀྱང་དགོས་མི་སྲིད། དངོས་དོན་ཐོག་དགོས་རྒྱུའི་ཆབ་སྲིད་ཀྱི་འགོ་ཁྲིད་དེ་ནི། ༧གོང་ས་མཆོག་གིས་ཐུགས་རེ་བཞིན་ཤེས་འཇོན་གཉིས་ལྡན་གྱི་ལོ་གཞོན་ཞིག་འདེམས་འཐོན་བྱ་ཐུབ་མིན་དེ་རེད། འདིའི་འགག་རྩ་ནི། ༧གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་རིང་ལ་ལོ་གཞོན་དག་གིས་བཙན་བྱོལ་སྲིད་གཞུང་འདི་འཛིན་སྐྱོང་བྱས་ནས་ཕུགས་བརྟན་བྱ་རྒྱུའི་དགོངས་བཞེད་རེད། གལ་ཏེ་དེ་ལྟར་མ་བྱུང་ཚེ་་་་༧གོང་ས་མཆོག་ཐུགས་ཕམ་ཡོང་རྒྱུ་ཡིན་པ་ནི། མཁས་དབང་ཟམ་གདོང་རིན་པོ་ཆེ་བསྐྱར་དུ་བཀའ་ཁྲི་ཐེངས་གཉིས་པར་སླེབས་པའི་སྐབས་སུ་༧གོང་ས་མཆོག་གིས་ཕྱི་རྒྱལ་གྱི་གསར་འགོད་ཚོ་ལ་བཀའ་སློབ་འདི་འདྲ་ཞིག་ཕེབས་འདུག། ངས་མང་ཚོགས་ལ་བཀའ་བློན་ཁྲི་པ་འོས་འདེམས་གྱིས་ལབ་ཡོད། ངའི་རེ་བ་ལ་ནུས་པ་ཡོད་མཁན་ལོ་གཞོན་ཞིག་སླེབས་ན་བསམ་ཡང། བློ་ཕམ་པ་ཞིག་ལ་གྲྭ་པ་བླ་རྒན་ཞིག་ཡང་བསྐྱར་བདམས་འདུག ཡིན་ན་ཡང་ང་ལ་བྱེད་ཐབས་གང་ཡང་མེད་ཅེས་གསུངས་ཡོད།
གསུང་འདི་བཙན་བྱོལ་བོད་མི་ཡོངས་ཀྱིས་དྲིན་ལན་མ་བརྗེད་པར་མ་བྱས་ན། རྩིག་ངོས་སུ་སྦྱར་འགྲེམས་བྱས་པའི་གཞོན་ནུའི་སྐབས་སུ་བརྒྱབ་པའི་པར་ཞིག་གིས་༧གོང་ས་མཆོག་གི་བཀའ་སློབ་འདིའི་ཚབ་མཚོན་མི་ཐུབ། དོན་དངོས་ཀྱི་ཐོག་ལ་ལོ་གཞོན་ཞིག་སླེབས་དགོས་པ་ལས་མི་ཚེ་ཕྱེད་ཀ་བཀའ་ཤག་སྐབས་བཞི་ལྔ་ཞིག་བྱས་ནས་སྐྱེལ་མྱོང་མཁན་གྱི་མི་རྒན་ཞིག་གི་ཚེ་འཇུག་ལྷག་མ་དེ་བསྐྱར་དུ་བཀའ་ཤག་གི་རྐུབ་སྟེགས་ཀྱི་ཐོག་ཏུ་སྐྱེལ་བཅུག་ན། ༧གོང་ས་མཆོག་ཐུགས་ཕམ་གཉིས་པ་ཞིག་ཡོང་བར་གདོན་མི་ཟ། གྲྭ་པ་བླ་རྒན་བསྐྱར་དུ་བཀའ་ཁྲིར་འདེམས་ཐོན་བྱུང་དུས་ཐུགས་ཕམ་པར་སྤོ་རྒན་ཞིག་བསྐྱར་དུ་བཀའ་ཁྲིར་བདམས་ན་ཐུགས་ཕམ་མི་ཡོང་བ་སུས་བཤད་ནུས། གནད་དོན་འདི་ནི་དེ་ཙམ་མ་ཟད། པར་རྒྱ་གཞུང་གིས་བཙན་བྱོལ་ནང་སྔོན་གྱི་མཐོ་རིམ་མི་སྣ་དག་གི་ནུས་པ་ཧ་ཅང་ཆེ་ཞེས་བརྗོད་བཞིན་པ་འདི་ཡང་རྒྱུ་མཚན་ཅན་དུ་འགྱུར་ཉེན་ཆེ་ཡང། མང་ཚོགས་ཀྱི་ལག་ཏུ་ཡོད་པའི་སྨྱུག་གུས་སུའི་མིང་འབྲི་མིན་དང། སུ་ལ་འགྲིག་རྟགས་འཐེན་མིན་དེ་ལ་ཐུག་ཡོད། མདོར་ན་མང་ཚོགས་ཀྱི་ལག་ཏུ་ཡོད་པའི་ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་ཞེ་གསུམ་དང། ཆབ་སྲིད་ཀྱི་འགོ་ཁྲིད་བཀའ་བློན་ཁྲི་པ་སུ་འོས་གྱི་འཐད་ལ་དོ་གལ་མ་བྱས་ན། མང་གཙོའི་སྤྱི་ཚོགས་སུ་འོས་བསྡུའི་བརྒྱུད་རིམ་གྱི་ནང་དུ་འཕྲད་བཞིན་པའི་འགལ་རྐྱེན་དེ། དངུལ་གྱིས་བསླུས་ཏེ་འོས་ཤོག་ཚོང་དང། ཡང་ན། དཔུང་ཤེད་ཀྱིས་འོས་ཐོབ་ལེན་རྒྱུ་སོགས་ཡོང་གི་ཡོད་པས། བཙན་བྱོལ་བོད་མི་རྣམས་ཀྱིས་རང་དབང་གི་རྣམ་དཔྱོད་ལ་བརྟེན་ནས་བརྒྱུད་རིམ་འདི་གཉིས་ཀྱི་ནང་དུ་མ་ལྷུང་བར་བྱེད་དགོས།
བརྒྱུད་རིམ་འདི་གཉིས་གང་གི་མཐའ་རུ་ལྷུང་ནས་སྤྱི་འཐུས་དང། བཀའ་ཁྲི་འདེམས་བསྐོ་བྱས་པ་ཡིན་ན་མང་གཙོ་སྤྱི་ལ་མེད་དུ་མི་རུང་བའི་ཆ་རྐྱེན་སྤྱི་ཚོགས་ནང་དུ་ཡོད་པའི་བསམ་ཚུལ་དང། ལྟ་གྲུབ་འདྲ་མིན་གྱི་དབར་གོ་རྟོགས་དང། བཟོད་སྲན་མི་ཐུབ་ལ། རྨོངས་ཞེན་སྤངས་པའི་གདམ་ཁ་འབྱེད་མི་ཤིས་ཅིང། མང་མོས་ལ་ཉུང་བས་དང་ལེན་མི་ཡོང་བ་སོགས། འབྱུང་འགྱུར་གྱི་བཙན་བྱོལ་སྲིད་གཞུང་འདིའི་ནང་དུ་དགྲ་དགའ་གཉེན་སྡུག་གི་རང་བཞིན་ཞིག་ལ་འགྱུར་མི་སྲིད་པ་མིན་པས། གདམ་བྱ་འདེམས་བྱེད་ཀྱི་དབང་ཆ་ཚང་མ་ལག་ཏུ་ཡོད་པའི་རྒྱ་ཆེའི་མང་ཚོགས་ཀྱིས་ཤེས་དགོས་པ་ནི། དེང་གི་སྐབས་སུ་ཚོགས་པ་དང། སྒྲིག་འཛུགས་མང་དག་ཅིག་གིས་ཆ་རྐྱེན་འདྲ་མིན་མང་པོ་ཞིག་གི་འོག་ཏུ་སྤྱི་འཐུས་དང། བཀའ་བློན་ཁྲི་པའི་འོས་གཞི་འདོན་ཞིང། ཡང་དེ་འབྲེལ་བའི་ཚོགས་པ་ལ་ལས་སོ་སོའི་དཔུང་ཁག་དེ་ལ་འོས་ཤོག་གི་གྲངས་མང་ཉུང་གི་ས་ཆ་ཤེས་རྟོགས་ཆེད་ཚོད་ལྟའི་འོས་བསྡུ་སོགས་སྔོན་འགྲོའི་སྦྱོར་བ་རྩོམ་མཁན་དག་གིས་དམིགས་གཏད་ངོས་ཟིན་ཐུབ་པར་བྱས་ནས་རང་ཉིད་ཀྱི་རྣམ་དཔྱོད་དེ་རང་དབང་གིས་བེད་སྤྱོད་བཏང་ཐུབ་དགོས།
མདོར་ན། ཕྱོགས་སུ་ལྷུང་བའི་སེམས་ལྡན་ན། ཞི་བ་ནམ་ཡང་ཡོད་མ་ཡིན། ཞེས་པ་ལྟར། ཤ་ཚ་དང། ལ་ཞེན་བཅས་ཆོལ་གསུམ་ཆིག་སྒྲིལ་གྱི་བཙན་བྱོལ་སྲིད་གཞུང་འདི་ལ་ཡོད་དགོས་པ་ལས། ཕྱོགས་རེ་བའི་ཞེན་ཁོག་དང། ལོ་རྒྱུས་ལ་དགག་བྱ་བྱེད་རྒྱུའི་ཁས་ལེན་པའི་སྤྱི་འཐུས་དང། བཀའ་ཁྲི་སུས་ཀྱང་ཆོལ་གསུམ་ཆིག་སྒྲིལ་དང། ང་ཚོའི་ཆབ་སྲིད་ཀྱི་བསྒྲུབ་བྱ་ལ་གྲུབ་འབྲས་ནམ་ཡང་ཐོན་མི་སྲིད་ཅེས་སུས་བརྗོད་མི་ཐུབ།།
རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་ཆོས་སྒར་ནས་ལི་ཐང་ཕུན་ཚོགས་བཀྲ་ཤིས་ཀྱིས།