བཀའ་ཁྲིར་འོས་ཤོས་མཁས་དབང་བློ་བཟང་སེང་གེ་ངོ་སྤྲོད།

lobsang_sangay yumiབཀའ་བློན་ཁྲི་པའི་འོས་བསྡུའི་སྐོར་ལ་དོ་སྣ་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་དང། སོ་སོས་རེ་བ་བྱེད་སའི་ཆབ་སྲིད་མི་སྣ་ཁྱབ་བསྒྲགས་བྱེད་མཁན་ཡང་མང་དུ་འགྲོ་བཞིན་འདུག ཨ་རིའི་ས་གནས་སྦོ་སི་ཊོན་གནས་སྡོད་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་ཐོག་འགན་འཛིན་ལྷན་ཚོགས་དང་སྤྱི་མཐུན་ལས་ཐོག་ཚོགས་གཙོས་འཐུས་མི་བཅས་མཁས་དབང་བློ་བཟང་སེང་གེའི་ལོ་རྒྱུས་ཞིབ་འཕྲ་སོ་སོས་འགྲོ་སོང་བཏང་སྟེ་ཁྱབ་བསྒྲགས་བྱས་འདུག ༼གླ་ཡོད་གསལ་བསྒྲགས།༽

ཕྱི་ལོ་ ༢༠༡༡ ལོར་བོད་བཙན་བྱོལ་གཞུང་གི་ཡོང་རྒྱུའི་བཀའ་བློན་ཁྲི་པ་དེ། འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ཨ་རིའི་(Harvard)གཙུག་ལག་སློབ་གྲྭ་ཆེན་མོའི་ནང་རིགས་གཅིག་རྐང་འཛིན་ཐོག་རྒྱལ་སྤྱིའི་ཁྲིམས་ཀྱི་སློབ་ཐོན་མཁས་དབང་བློ་བཟང་སེང་གེ་ལགས་འོས་ཤོས་སུ་གྱུར་ཡོད། ང་ཚོ་མིའི་ལུང་པར་གྱར་ནས་ལོ་ངོ་ ༥༡ རིང་༧རྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་མཛད་བྱུས་ཟབ་མོ་དང་རྒན་རབས་ཚོའི་ལྷག་བསམ་སྙིང་སྟོབས་ལ་བརྟེན་ནས་ལས་སླ་པོ་དང་སྐྱིད་པོའི་ནང་འདས་པའི་ལོ་ལྔ་བཅུ་ལྷག་འདས་ཟིན་པ་རེད། ད་ཆ་༧རྒྱལ་བ་རིན་པོ་ཆེ་དགུང་གྲངས་ ༧༥ ལ་ཕེབས་ཀྱི་ཡོད་ལྟར་གྲ་སྒྲིག་སྡུག་ས་ནས་བྱས། རེ་བ་བཟང་ས་ནས་བརྒྱབ་ཅེས་བོད་པའི་བཤད་སྲོལ་ལྟར། སྔོན་ཚུད་ནས་གྲ་སྒྲིག་ངེས་པར་དུ་དགོས། ཕྱོགས་གཅིག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ལྟའི་འགོ་ཁྲིད་ཚོའི་བོད་ཀྱི་ཐོག་མཁྲེགས་འཛིན་གྱི་སྲིད་བྱུས་དང་དོན་ངོ་མར་ཕུགས་བསམ་ལག་ལེན་ག་འདྲ་བསྟར་གྱི་འདུག འཛམ་གླིང་རྒྱལ་ཁབ་ཁག་གིས་བོད་དང་བོད་མི་དམངས་ལ་ལྟ་སྟངས་ག་འདྲ་ཞིག་ཡོད་རེད། རྒྱ་མིའི་ཤུགས་རྐྱེན་ག་འདྲ་ཞིག་སླེབས་ཀྱི་འདུག ཤུགས་རྐྱེན་དེ་ཚོར་གདོང་ལེན་བྱེད་མཁན་ག་ཚོད་ཅིག་ཡོང་གི་འདུག གདོང་ལེན་མི་བྱེད་མཁན་ག་ཚོད་ཡོང་གི་འདུག ང་རང་ཚོ་བཙན་བྱོལ་ལ་ཡོད་པའི་མི་རབས་གསར་པ་དེ་ཚོའི་སེམས་ཤུགས་དང་ལྷག་བསམ་འཇོན་ཐང་བཅས་ལ་ང་ཚོས་རེ་བ་དང་ཡིད་ཆེས་བཅས་ཀྱི་ཐོག་གདེང་ཚོད་ག་ཚོད་ཙམ་ཡོད་རེད། དེ་ཚོ་ཚང་མ་བསྡོམས་བརྒྱབ་ནས་བལྟས་པ་ཡིན་ན། འདས་པའི་ལོ་ ༥༡ གི་རིང་འགལ་རྐྱེན་སྣ་ཚོགས་བྱུང་ཡང་བོད་རིགས་ཀྱི་ལ་རྒྱ་དང་སྙིང་སྟོབས་ཆོད་སེམས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་པོའི་ངོ་བོ་རྒྱུན་འཛིན་བྱེད་ཐུབ་པ་མ་ཟད། གཞོན་སྐྱེས་མི་རབས་གསར་པ་རྣམས་ཀྱིས་ཀྱང་བོད་མིའི་བདེན་དོན་འཐབ་རྩོད་རྒྱུན་འཛིན་བྱེད་བཞིན་པར་ཆེས་ངོ་མཚར་དང་དགའ་སྤོབས་སྐྱེ་གཞིའི་གནས་ཚུལ་ཞིག་རེད།

lobsang sangge soth-8-6-2010དེ་ལྟ་བུའི་གལ་འགང་ཆེ་བའི་གནས་སྟངས་ཛ་དྲག་ལ་གཞིགས་པའི་དུས་རབས་ཉེར་གཅིག་པའི་དགོས་མཁོ་དང་འཚམས་པར་བློ་བཟང་སེང་གེ་ལས་གདམ་དགོས་པའི་རྒྱུ་མཚན་མང་པོ་ཡོད་པ་དང། ཁོང་ནི་བོད་ཀྱི་རྩ་དོན་ཐོག་སེམས་ཁུར་ཆེ་ཞིང་བློ་སྟོབས་དང་ཤེས་འཇོན་གཉིས་ལྡན་གྱི་འདབ་གཤོག་འཛོམས་པའི་ཐོག་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་མཁན་ཞིག་ཡིན་པ་མ་ཟད། ལུང་ཚན་ཆོས་ལུགས་ཀྱི་རྨོངས་ཞེན་ཅན་ཚོའི་ཕྱོགས་སུ་མི་འགྲོ་མཁན། མདོ་དབུས་ཁམས་གསུམ་གྱི་བོད་གངས་ཅན་པ་ཡིན་ནོ་ཅོག་གཅིག་སྒྲིལ་གྱིས་གོང་བུའི་ནུས་པ་འདོན་རྒྱུའི་དུས་ལ་སླེབས་ཡོད་སྙམ་པའི་ཀུན་སློང་དང། གཅིག་སྒྲིལ་བྱུང་ན་རྩ་དོན་དམིགས་ཡུལ་རྣམས་བདེ་བླག་ཏུ་བསྒྲུབ་ཐུབ་པའི་གདེང་སྤོབས་ལ་ཡིད་ཆེས་བརྟན་པོ་ཡོད་མཁན་ཞིག་ཡིན། ལྷག་པར་དུ་༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་ཟབ་མོ་དང་མཐུན་པའི་ལས་དོན་ཆེ་ཕྲ་ཆུང་གསུམ་མཐའ་དག་ལ་ཡིད་གཉིས་ཐེ་ཚོམ་མེད་པར་ལག་བསྟར་བྱེད་མཁན་ཞིག་དང། ནམ་རྒྱུན་དུ་མི་རྒན་གཞོན་ཚང་མར་མཛའ་བརྩེའི་རྣམ་འགྱུར་དང་ཀུན་སྤྱོད་བཟང་ཞིང་འཛུམ་མདངས་བག་ཕེབས་ངང་སྤྱི་ཚོགས་མཐུན་སྒྲིལ་གྱི་ཁོར་ཡུག་སྐྲུན་གང་ཐུབ་བྱེད་མཁན་དམིགས་བསལ་གང་ཟག་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་བཅས་ཁོང་གི་དམིགས་བསལ་ཁྱད་ཆོས་ཁག་ཅིག་ཟུར་འདོན་ཞུས་ན།

དང་པོ། རྒྱ་ནག་ནང་གི་སློབ་གྲྭ་ཆེན་མོ་ནས་ཐོན་པའི་མཁས་དབང་ཁག་བརྒྱ་ཕྲག་མཉམ་དུ་ཨ་རིའི་ཧར་ཝར་གཙུག་ལག་སློབ་གྲྭ་ཆེན་མོ་གཙོ་བོར་བྱས་པའི་མཐོ་རིམ་སློབ་གྲྭ་ཁག་གི་ནང་བོད་དོན་བགྲོ་གླེང་དང་འདས་པའི་བོད་དེ་རང་བཙན་རྒྱལ་ཁབ་ཡིན་པ་དང། ད་ལྟའི་ཆར་རྒྱ་གཞུང་ནས་བོད་མིའི་རང་དབང་དང། ཆོས་ལུགས། གོམས་གཤིས། ཤེས་ཡོན། ཁོར་ཡུག་བཅས་རྩ་བརླག་ཏུ་བཏང་དང་གཏོང་བཞིན་པའི་སྐོར་དང། མ་འོངས་པར་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་ལས་རང་བཙན་རྩོད་ཀྱི་མེད་ལུགས་གསལ་བཤད་བརྒྱུད་རྒྱ་ནག་གི་མགོ་ཁྲིད་ཚོ་དང་ཤེས་ཡོན་ཅན་གྱི་མི་སྣའི་དབར་ལྟ་བ་དང་ལངས་ཕྱོགས། ཞིང་པ་དང་བཟོ་པ་ཚོང་པ་བཅས་ནས་ད་ལྟའི་རྒྱ་ནག་གཞུང་གི་ཆབ་སྲིད་ལ་མང་ཚོགས་ཀྱིས་རྒྱབ་སྐྱོར་ཇི་ཙམ་ཡོད་མེད་བཅས་རྒྱ་ནག་ཐོག་ཉམས་ཞིབ་ཆེན་པོ་གནང་མཁན་ཞིག་རེད།

གཉིས་པ། རྒྱལ་སྤྱིའི་མཁས་དབང་གི་ཚོགས་འདུ་ཁག་དང་མཐོ་སློབ་ཁག་འདྲ་མིན་ནང་བོད་དོན་བགྲོ་གླེང་དང་རྒྱ་ནག་གིས་བོད་བཙན་བཟུང་མ་བྱས་སྔོན་གྱི་བོད་ཀྱི་སྐོར་དང། བཙན་བཟུང་བྱས་རྗེས་བོད་མིའི་བགྲོ་བ་མིའི་ཐོབ་ཐང་མེད་ལུགས་བོད་པའི་ཆོས་དང་རིག་གཞུང་ཁོར་ཡུག་རྩ་བརླག་ཏུ་གཏོང་བཞིན་པའི་སྐོར། མ་འོངས་པར་༧གོང་ས་མཆོག་གིས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་ཚད་ལྡན་ཞིག་རྩོད་གནང་མཛད་པ་ལས་བོད་རང་བཙན་རྩོད་ཀྱི་མེད་ཅེས་ཞི་མོལ་ཚོགས་ཆུང་བརྒྱུད་ཡང་ཡང་བཀའ་མངགས་གནང་ནས་མི་ལོ་བརྒྱད་ལྷག་ཕྱིན་ཀྱང། རྒྱ་ནག་གི་འགོ་ཁྲིད་ཚོས་བཟང་ཕྱོགས་ཀྱི་བརྡ་ལན་མ་གནང་བ་དེར་གོ་སྐབས་ནམ་བྱུང་ལ་ཕྱི་རྒྱལ་གནད་ཡོད་མི་སྣ་དང་མཁས་དབང་རྩོམ་པ་པོ་བཅས་ལ་རྒྱ་ནག་གི་འགོ་ཁྲིད་ཚོར་གནོན་ཤུགས་སྤྲོད་དགོས་པའི་སྐུལ་ལྕག་དང་འབྲེལ་ཕྱི་འབྲེལ་ཉམས་མྱོང་ཡོད་པ་གསལ་པོ་མཐོང་ཐུབ།

གསུམ་པ། གཞིས་ལུས་བོད་མིའི་ཁྲོད་ཀྱི་མཁས་དབང་དང་རྒྱ་གཞུང་ནས་བཏང་བའི་ལས་བྱེད་ཨ་རིའི་གཙུག་ལག་སློབ་གྲྭའི་ནང་ཡོང་མཁན་ཚོར་གོ་སྐབས་དང་བསྟུན་ནས། གཞིས་ལུས་རྒྱ་ཆེའི་མི་མང་ཚོའི་ད་ལྟའི་རྒྱ་ནག་གི་བཙན་འོག་ནས་དཀའ་སྡུག་མྱོང་བཞིན་པ་འདི་དག་སྐྱོབ་རྒྱུའི་ཐབས་ལམ་སྐོར། ཕན་ཚུན་བསམ་ཚུལ་དང་བགྲོ་གླེང་ལྷུག་པོ་དུས་རྒྱུན་གནང་བཞིན་ཡོད་པའི་རྒྱུ་མཚན་གྱིས་གཞིས་ལུས་མི་མང་གི་ཕུགས་བསམ་དང་རེ་འདུན་ངོ་མ་ག་རེ་ཡིན་མིན་གསལ་པོ་མཁྱེན་རྟོགས་ཐུབ་ཡོད།

བཞི་པ། བོད་བཙན་བྱོལ་གཞུང་གི་བསྒྲུབ་བྱའི་ངོ་བོ་དང་དམིགས་ཡུལ། ལྷན་ཁང་ཁག་གི་ཐུགས་འགན་ག་རེ་ཡིན་མིན། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་རིས་མེད་དབུས་ཆོས་དོན་ལས་ཁུངས་བརྒྱུད་ནས་ཆོས་ལུགས་སྲུང་སྐྱོབས་དང། ཆོས་བརྒྱུད་ནང་ཁུལ་མཐུན་སྒྲིལ་བཅས་ཀྱི་ཐུགས་འགན་སྐོར། རྒྱ་བལ་འབྲུག་གསུམ་གྱི་ནང་གཞིས་ཆགས་ཁག་གི་གནས་སྟངས་དང། ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་གི་གནས་སྟངས། དེ་བཞིན་ཡུ་རོབ་ཁུལ་དང་བྱང་ཨ་རི་བཅས་སུ་བོད་མིའི་གནས་སྟངས་བཅས་ཀྱི་སྐོར་ཁོང་གིས་ལོ་རྒྱུས་དེབ་ཅིག་བཏོན་གནང་བར་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་སྲིད་བྱུས་ཁག་བཅས་ཆ་ཚང་གསལ་པོ་མཁྱེན་རྟོགས་ཡོད་པ་རེད། ལྷག་པར་དུ་ཁོང་བཙན་བྱོལ་བོད་མིའི་གཞིས་ཆགས་སུ་མི་ཚང་དཀྱུས་མ་ཞིག་གི་ནང་དུ་འཚར་ལོང་བྱུང་བ་ཞིག་ཡིན་པའི་ཆ་ནས་གཞིས་ཆགས་ཀྱི་གནས་སྟངས་ལ་རྒྱུས་མངའ་ཡོད་པ་དང། བོད་གཞུང་གི་སློབ་གྲྭ་ནས་སློབ་སྦྱོང་གནང་མཁན་ཞིག་ཡིན་པའི་ཆ་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་དཀའ་ངལ་དང་གནས་སྟངས་ཤེས་རྟོགས་ཡོད་པ། དེ་བཞིན་སུད་ཚོང་སོགས་བཙན་བྱོལ་བོད་མི་དཀྱུས་མའི་འཚོ་ཐབས་ཀྱི་ལས་རིགས་དངོས་སུ་བརྒྱུད་མྱོང་མཁན་ཞིག་ཡིན་པའི་ཆ་ནས་དེ་དག་གི་དཀའ་ངལ་དང་གནས་སྟངས་ཆ་ཚང་ཤེས་རྟོགས་ཡོད་པ་དང། བོད་དོན་ལས་འགུལ་འདྲ་མིན་གྱི་ནང་དུ་ཞུགས་ནས་རྒྱ་གར་གྱི་བཙོན་ཁང་དུ་འགྲོ་མྱོང་སྟབས་བཙན་བྱོལ་ནང་ལས་འགུལ་སྤེལ་མཁན་རྣམས་ཀྱི་དཀའ་ངལ་གྱི་གནས་སྟངས་ལ་རྒྱུས་མངའ་གཏིང་ཟབ་ཡོད་པ་ཙམ་དུ་མ་ཟད། དེ་བརྒྱུད་ནས་བོད་ནང་དུ་བོད་མི་རྣམས་ལ་རྒྱ་མིའི་བཙོན་ཁང་འདྲ་མིན་གྱི་ནང་དུ་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པའི་སེམས་ཚོར་དང་མྱོང་བ་ཟབ་མོ་ཡོད་པའི་མི་སྣ་ཞིག་ཡིན།

ལྔ་པ། རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་ཆབ་སྲིད་ཚོགས་པ་ཁག་གིས་བོད་དོན་ཐོག་རྒྱབ་སྐྱོར་གང་འདྲ་ཡོད་མེད་རྒྱ་གར་ནང་འཚར་ལོང་བྱས་པ་མ་ཟད། རྒྱ་གར་གྱི་མཐོ་སློབ་ནང་སློབ་སྦྱོང་བྱས་རིང་སློབ་གྲོགས་མང་པོའི་མཉམ་བོད་སྐོར་ཉམས་ཞིབ་བྱེད་རྒྱུའི་གོ་སྐབས་ཐོབ། དེ་རྗེས་ཨ་རིའི་ཧར་ཝར་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་རྒྱ་གར་གྱི་མཁས་དབང་ལྷོ་ཨེ་ཤི་ཡའི་མཁས་དབང་རྣམས་ནས་བོད་དོན་གསུང་བཤད་གནང་སར་ཕེབས་རོགས་ཞུས་པ་ལྟར་ཁོང་ནས་བོད་དོན་བགྲོ་གླེང་གནང་ཞོར་དུ་གནད་ཡོད་རྒྱ་གར་གྱི་མི་སྣ་མང་པོར་འབྲེལ་བ་རང་བཞིན་གྱིས་ཡོང་གི་ཡོད་སྟབས་རྒྱ་གར་གཞུང་གི་སྲིད་བྱུས་ལངས་ཕྱོགས་གསལ་པོ་རྟོགས་མཁན་ཞིག་རེད། དེར་བརྟེན་བཀའ་བློན་ཁྲི་པའི་ཐུགས་འགན་ཆེ་ཤོས་སྡེ་ཚན་ལྔ་ངེས་པ་དེ་དག་གི་ཐོག་ལ་རྒྱུས་མངའ་དང་ནུས་པ་ཡོད་དགོས།
༡༽ གཞིས་ལུས་རྒྱ་ཆེའི་མི་མང་དཀའ་སྡུག་ལས་སྐྱོབས་ཐབས་དང་དུས་རྒྱུན་དུ་འབྲེལ་བ།
༢༽ རྒྱ་ནག་གཞུང་དམངས་དང་མཉམ་དུ་འབྲེལ་ལམ།
༣༽ རྒྱལ་སྤྱིའི་ནང་བོད་དོན་ཁྱབ་སྤེལ། དྲིལ་བསྒྲགས་དང་རྒྱབ་སྐྱོར་འཚོལ་ཐབས།
༤༽ རྒྱ་གར་གཞུང་གིས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་དང་བསྟུན་ནས་འབྲེལ་བ་གནང་རྒྱུ།
༥༽ བོད་བཙན་བྱོལ་གཞུང་གི་འཛིན་སྐྱོང་དང་སློབ་གྲྭ་ཁག དགོན་སྡེ་ཁག་དང་གཞིས་ཆགས་ཁག་སྲ་བརྟན་དུ་གནས་ཐབས་སོགས་ཀྱི་སྐོར་ལ་ཕྱག་ལས་གནང་ཐུབ་པའི་ནུས་པ་ཡོད

གོང་ཞུས་ལྟར་(Harvard)གཙུག་ལག་སློབ་གྲྭ་ཆེན་མོ་འདི་བཞིན་འཛམ་གླིང་ནང་ཧ་ཅང་སྙན་གྲགས་ཆེ་བའི་རྒྱུ་མཚན་མདོར་བསྡུས་ཤིག་དཔེ་མཚོན་ཞུས་ནས་ཨ་རིའི་སྲིད་འཛིན་ཟུར་པ་རྗོར་སྦུ་ཤི་དང། སྲིད་འཛིན་གཞོན་པ་ཨལ་རྒོལ། ལས་ཐོག་སྲིད་འཛིན་སྦ་རཀ་ཨོ་བྷ་མ་བཅས་སློབ་གྲྭ་འདི་ནས་ཐོན་གནང་མཁན་གཅིག་གྱུར་ཡིན་པའི་ཆ་ནས། བློ་བཟང་སེང་གེ་ལགས་བཞུགས་སའི་ས་གནས་སྦོ་སི་ཊོན་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་དང་ཚོགས་གཙོ་ཚོགས་མི་བཅས་ནས་ས་གནས་སུ་བོད་ཆོལ་ཁ་གསུམ་གྱི་མི་སྣ་རྒན་གཞོན་བར་གསུམ་སྐྱ་སེར་ཕོ་མོ་སོ་སོས་གལ་ཆེར་དོན་ཆེར་བརྩིས་ཏེ་དང་བླངས་ཀྱིས་ཁོང་ལ་རྒྱབ་སྐྱོར་གྱི་ས་རྟགས་འགོད་འབུལ་ཞུས་པ་མ་ཟད། མང་ཚོགས་མང་ཆེ་བས་ཀྱང་དགའ་མོས་བྱེད་ཡུལ་ཞིག་ཆགས་ཡོད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ཤེས་ཡོན་གཉིས་ལྡན་གྱི་ན་གཞོན་ཞིག་སླེབས་ཐུབ་པ་བྱུང་ན་ཞེས་བཀའ་སློབ་ལམ་སྟོན་གནང་བ་མ་ཟད། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་ཤེས་ཡོན་གཉིས་གྱི་གཞོན་སྐྱེས་ཤིག་སླེབས་ཐུབ་པ་དགོས་ཞེས་འབོད་སྐུལ་གནང་ཡོད།

དཔེར་ན་དེ་སྔོན་བོད་དེ་བཞིན་གཞན་ལ་འཚེ་བ་མི་བྱེད་པར་ཞི་བདེའི་ལྟ་གྲུབ་ཁོ་ནར་བརྟེན་ནས་དམག་དོན་དང་གོ་མཚོན་ཐོག་དོ་སྣང་སྦྱོང་བརྡར་ལ་བྱང་ཆུབ་པ་མེད་པ་དེ་རྒྱ་ནག་གི་འགོ་ཁྲིད་ཚོར་རྒྱུས་མངའ་ཡོད་ཙང་ལས་སླ་པོར་བཙན་འཛུལ་བྱེད་འགོ་བཙུགས་པ་རེད། འོན་ཀྱང་བོད་མི་ཚོས་དགྲ་ལ་ཕར་རྒོལ་མི་བྱེད་པ་ཆོས་ཀྱི་རྒྱལ་པོའི་བཞེད་སྲོལ་དང། ཚུར་རྒོལ་ཡན་པོར་མི་གཏོང་བ་སྲིད་ཀྱི་རྒྱལ་པོའི་དགོངས་སྲོལ་དུ་གྲགས་པ་བཞིན། ཚུར་རྒོལ་ལ་ཞུམ་པ་མེད་པའི་ཐོག་ཁ་གཏད་གདོང་ལེན་གྱིས་དགྲ་བོར་སྐད་ངན་ཤོར་དགོས་པ་བཟོས་པའི་ལོ་རྒྱུས་བྱུང་ཡོད་ཀྱང། སྐབས་དེའི་ཁོར་ཡུག་གི་ལེའུ་རེ་ཞིག་མཇུག་རྫོགས་པ་སོང་ཙང། ད་ཆ་འཚེ་མེད་ཞི་བའི་ལྟ་གྲུབ་གཞི་ལ་བཟུང་ནས་དུས་རབས་ཉེར་གཅིག་པའི་ནང་ཤེས་བྱ་ཡོན་ཏན་གྱི་རྣམ་དཔྱོད་འདོན་པའི་ཐོག་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ལུགས་གཞི་རྩར་བཟུང་སྟེ་འགྲོ་བ་མིའི་ཐོབ་ཐང། ཆོས་ལུགས་རང་དབང། རིག་གཞུང་དང་གོམས་གཤིས། དཔལ་འབྱོར་དང་ཁོར་ཡུག བདག་དབང་སྲུང་སྐྱོབས་བཅས་ཀྱི་ཐོག རྒྱལ་སྤྱིའི་སྡིངས་ཆའི་སྒང་རྩོད་དགོས་ཀྱི་ཡོད་དུས། ཤེས་ཡོན་ལྡན་པ་ཁོང་དང་ཁོང་འདྲ་བའི་འོས་ཆོས་ཚང་བའི་གང་ཟག་ཅིག་འདུག་གམ་ཞེས་དྲི་བ་ཞིག་ཞུས་ན། ཕལ་ཆེར་བློ་གཟུ་བོར་གནས་པའི་མི་ཞིག་ཡིན་ཕྱིན། ཁོང་ལས་འོས་པ་ཞིག་ད་ལྟའི་དུས་སྐབས་འདིར་ཕལ་ཆེར་མི་འདུག་ཅེས་གསུང་སྲིད་པ་ཞིག་རེད། དེར་བརྟེན་གོང་གསལ་ཆ་རྐྱེན་ཆ་ཚང་འཛོམས་པའི་གཞོན་སྐྱེས་ཡིན་ལ་སྔར་སྲོལ་བཟང་པོའི་རིགས་ལ་དོ་སྣང་བྱ་མཁན་བློ་བཟང་སེང་གེ་ལས་ལྷག་པ་ཞིག་མེད་པར་མངོན། ཡིན་ནའང་ང་རང་ཚོའི་ཆབ་སྲིད་ཀྱི་འགན་དབང་ཤུགས་ཆེ་གནང་མཁན་བོད་བཙན་བྱོལ་གཞུང་གི་བཀའ་བློན་ཁྲི་པ་འོས་འདེམས་སྐབས་མང་ཚོགས་ནས་དོ་སྣང་ཆེན་པོའི་སྒོ་ནས་འོས་འཕེན་སར་ངེས་པར་དུ་ལས་དོན་ཆེ་བཞག་ཆུང་བསྐྱུར་གྱི་དཔེ་ལྟར་ཕེབས་ཏེ་གདམ་ག་མ་ནོར་བར་བྱ་རྒྱུར་རང་ཉིད་ཀྱི་ཐོབ་ཐང་རེད་ལ་ལས་འགན་ཡང་རེད། དེ་དག་ལག་ལེན་མ་བསྟར་བ་ཡིན་ན་ལོ་ལྔའི་རིང་ཞལ་བཙུམ་ནས་བསྡད་རྒྱུ་མ་གཏོགས་གཞན་པ་གང་ཡང་ལྷག་ཡོད་མ་རེད། སྔོན་བྱུང་དཔེ་མཚོན་ཙམ་ཞུས་ན་ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པའི་འོས་འཕེན་སྐབས་སུ་ཐོ་འགོད་བྱེད་མཁན་མི་གྲངས་ ༦༧༣༧༦ ཡོད་ཀྱང་དངོས་གཞིའི་འོས་བླུག་སྐབས་ ༣༥༡༨༤ ལས་བྱུང་མེད། ཕྱི་ལོ་ ༢༠༠༦ ལོར་འཕེན་སྐབས་སུ་ཐོ་འགོད་བྱེད་མཁན་མི་གྲངས་ ༧༢༧༧༡ ཡོད་ཀྱང། དངོས་གཞིའི་འོས་བླུག་མཁན་ ༣༢༢༠༥ ལས་བྱུང་མེད་ཙང་མང་གཙོའི་ཁེ་དབང་དང་ཆབ་སྲིད་ཀྱི་གོ་རྟོགས་ཆེས་རྗེས་ལུས་ཡིན་པའི་མངོན་རྟགས་གསལ་པོ་ཡིན་པ་མཐོང་ཐུབ། ཡིན་ནའང་ད་ཆ་ལོ་ངོ་ཧྲིལ་པོ་བཅུའི་རྗེས་སུ་སྔོན་མ་དང་མི་འདྲ་བར་མི་རབས་གསར་པ་ཚོས་དེང་དུས་ཡར་ཐོན་ཅན་ནུབ་ཕྱོགས་པའི་མང་གཙོའི་ཐོབ་ཐང་ཁེ་དབང་ལོངས་སུ་སྤྱོད་སྟངས་ལ་དོ་སྣང་དང་ཆབ་སྲིད་ཀྱི་འགན་ཁུར་ཡར་རྒྱས་ཀྱི་ཕྱོགས་སུ་མདུན་བསྐྱོད་གནང་བའི་རེ་བ་དང་ཡིད་ཆེས་ཡོད། ཨ་རིའི་ས་གནས་སྦོ་སི་ཊོན་གནས་སྡོད་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་ཐོག་འགན་འཛིན་ལྷན་ཚོགས་དང་སྤྱི་མཐུན་ལས་ཐོག་ཚོགས་གཙོས་འཐུས་མི་རྣམ་པ་བཅས་ནས་སྒེར་གྱི་ངོ་བོའི་ཐོག་དང་བླངས་རྒྱབ་སྐྱོར་ཞུ་མཁན་གཤམ་གསལ། (ཀརྨ་ཕུན་ཚོགས། བལ་ཡུལ།) (ཚེ་རིང་བློ་གསལ། མ་སུ་རི།) (ཚེ་རིང་བྷ་ཡུལ། ཀ་ལིམ་པུང།) (ཀུན་དགའ་རྣམ་རྒྱལ། ལྷ་ས།) (ཚེ་རིང། མེ་གྲོ་རྒྱ་མ། བོད།) (བློ་བཟང་རྒྱལ་མཚན། བལ་ཡུལ།) (བློ་ལྡན་དབང་ཕྱུག། ཧོང་སུར།) (སྐལ་བཟང་རྣམ་རྒྱལ། ལྷ་ས།) (ངག་དབང་ནོར་བུ། བལ་ཡུལ།) ཕྱི་ལོ་༢༠༡༠ ཟླ་ ༧ ཚེས་ ༡༨ ལ་ཕུལ།{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།